འབྲོ་བཟའ་ཁྲི་མ་ལོད་དང་ཇོ་མོ་ཁྲི་མོ་ལེགས་གཉིས་གང་ཟག་གཅིག་ཡིན་མིན།

རྩོམ་པ་པོ།:མགར་རྩེ་ཡི་དམ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-23 09:04:57 ཀློག་གྲངས།:
       ཉེ་སྔོན་ཆོས་འཁོར་བསམ་ཡས་ནས་གསར་དུ་རྙེད་པའི་རྣམ་སྣང་གི་རྡོ་བརྐོས་སྐུ་བརྙན་ཆོས་རྒྱལ་མཚན་བྱང་ཅན་དེ་དྲ་ལམ་ཁག་ཏུ་ཁྱབ་རྗེས། ཞིབ་འཇུག་པའི་སྡེ་རུ་དོ་སྣང་ཆེན་པོ་བྱུང་ཞིང་སྐད་འཕྲིན་རྒྱབ་ལོགས་སུ་ཚ་ཚ་འུར་འུར་གྱིས་གང་བར་བྱས། ཕལ་མོ་ཆེས་རྣམ་སྣང་གི་རྡོ་བརྐོས་སྐུ་བརྙན་གྱི་ཞལ་བྱང་སྟེང་འཁོད་པའི་ཇོ་མོ་ཁྲི་མོ་ལེགས་ནི་འབྲོ་བཟའ་ཁྲི་མ་ལོད་ཡིན་པར་ཁས་འཆེ་བར་བྱེད། གལ་སྲིད་འབྲོ་བཟའ་ཁྲི་མ་ལོད་ཡིན་ཚེ་རྣམ་སྣང་གི་སྐུ་བརྙན་འདི་ཁྲི་འདུས་སྲོང་མང་པོ་རྗེ་ཡབ་སྲས་ཀྱི་སྐུ་རིང་ལ་བཞེངས་པ་ཞིག་སྟེ། བསམ་ཡས་དགོན་པ་མ་བཞེངས་གོང་རོལ་གྱི་དུས་རབས་ཕྱེད་ཙམ་གྱི་སྔོན་ནས་ཡོད་དགོས་ཤིང་། དེ་ལྟར་བྱས་ཚེ་ཆོས་རྒྱལ་མཚན་བྱང་ཅན་གྱི་རྡོ་བརྐོས་སྐུ་བརྙན་འདི་དེ་སྔ་མཐོང་ཆོས་སུ་གྱུར་བའི་བོད་ཡིག་གི་ཡིག་ཐོག་རྒྱུ་ཆ་ཀུན་ལས་ཆོས་སྔ་ཤོས་སུ་ཆགས་ཀྱི་ཡོད་མོད། དེ་འདྲ་ཡིན་མིན་མནོ་བསམ་གང་ལེགས་གཏོང་དགོས་པས། རྣམ་སྣང་གི་རྡོ་བརྐོས་སྐུ་བརྙན་འདི་དང་འབྲེལ་ཏེ་ཁྲི་མ་ལོད་དང་ཁྲི་མོ་ལེགས་གཉིས་གང་ཟག་གཅིག་ཡིན་མིན་སྐོར་ཅུང་ཟད་གླེང་འདོད་བྱུང་སོང་།
       སྤྱིར་ཏུན་ཧོང་ཡིག་རྙིང་དང་སྔོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ལ་གཞིགས་ཚེ། རྗེ་བློན་བཙུན་མོ་དག་གི་མཚན་རིགས་འདྲ་མང་དུ་མཐོང་སྟེ། དཔེར་ན། བཙན་པོ་ཁྲི་ལྡེ་གཙུག་བཙན་དང་ཁྲི་གཙུག་ལྡེ་བཙན། ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན། བཙན་མོ་ཇེ་བ་འདྲོན་མ་ལོད་དང་། ཇེ་བ་ཁྲི་མ་ལོད་ལྟ་བུ་མིང་གི་ཆ་ཤས་ཙམ་ལས་མཚན་ནོར་ཉེན་ཤིན་ཏུ་ཆེ། སྐབས་བབས་བཤད་བྱའི་ཁྲི་མ་ལོད་དང་ཁྲི་མོ་ལེགས་གཉིས་ཀྱང་མིང་གི་ཕྱེད་ཕྱི་མ་ལས་མཚན་རིགས་འདྲར་སྣང་ཡང་། འདི་གཉིས་ཞང་པོ་འབྲོ་ཡི་རུས་རྒྱུད་ལས་ཐོན་པའི་རྒྱལ་རབས་མི་འདྲ་བར་བྱུང་བའི་བཙུན་མོ་གཉིས་ཡིན། དེ་ལས་སྔ་མ་འབྲོ་བཟའ་ཁྲི་མ་ལོད་ནི་བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་རྒྱལ་མོ་ཐོག་མ། མང་སྲོང་མང་བཙན་གྱི་བཙུན་མོ་དང་ཁྲི་འདུས་སྲོང་གི་མ་ཡུམ་སྟེ། ཏུན་ཧོང་ཡིག་རྙིང་ཤོག་དྲིལP.T.1286པའི་ཐིག་ཕྲེང59བར། མང་སློན་མང་རྩན་དང། འབྲོའ་ཟ་ཁྲི་མ་ལོད་ཁྲྀ་སྟེང་དུ་བཤོས་པ་འྀ་སྲས།། འདུས་སྲོང་མང་པོ་རྗེ་།ཞེས་འཁོད་ཅིང་།
       ཕྱི་མ་འབྲོ་བཟའ་ཁྲི་མོ་ལེགས་ནི་རྒྱལ་རབས་བཞི་བཅུ་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཙུན་མོ་སྟེ། འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༡༣༧པར་ཐོན་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་ཀྱི་བཀའ་གཙིགས་ཡི་གེར། སངས་རྒྱས་ཀྱི་ཆོས་མི་བཤིག་པའི་ཕྱིར་མནའ་གྲལ་དུ་ཞུགས་པའི་བློན་པོ་ཆེ་ཕྲ་དང་བཙུན་མོ་དག་གི་མཚན་འདྲེན་སྐབས། “ཇོ་མོ་མཆེད་བྲོ་སྩལད་པ། ཇོ་མོ་འབྲོ་བཟའ་ཁྲི་མོ་ལེགས། ཇོ་མོ་མཆིམས་རྒྱལ་ཟ་ལེགས་མོ་བརྩན། ཇོ་མོ་ཅོག་རོ་བཟའ་བཙན་རྒྱལ།”ཞེས་འབྲོ་བཟའ་ཁྲི་མོ་ལེགས་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཙུན་མོ་ཡིན་པར་བསྟན།
འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་ཅན་གྱི་ཨང་རྟགས༡༣༧པར་ཐོན་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཀའ་གཙིགས་ཡི་གེ།
       དེ་བཞིན་དུ། དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་དགའ་རུ་དྲངས་པའི་བཙན་པོ་ཁྲི་ལྡེ་སྲོང་བཙན་རིང་ཆོས་མི་བསྣུབས་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཡི་གེ་མཐིང་ཤོག་གསེར་བྲིས་མར་དཔེ་ཕྱིས་བགྱིས་པ་དེར་ཡང་། ཇོ་མོ་འབྲོ་བཟའ་ཁྲི་མོ་ལེགས་གྱི་མཚན་ཅི་བཞིན་ཐོན་ཡོད་པ་བཅས་ཀྱི་སྟེང་། གསར་དུ་རྙེད་པའི་ཆོས་རྒྱལ་མཚན་བྱང་ཅན་གྱི་རྣམ་སྣང་གི་རྡོ་བརྐོས་སྐུ་བརྙན་གང་དེའི་ཞལ་བྱང་དུ་འཁོད་པའི་ཇོ་མོ་ཁྲི་མོ་ལེགས་ནི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་མོ་ལེགས་ཡིན་པ་གསལ་བོར་ཤེས་ཐུབ་པས། མང་སྲོང་མང་བཙན་གྱི་བཙུན་མོ་འབྲོ་བཟའ་ཁྲི་མ་ལོད་དང་གང་ཟག་གཅིག་ཏུ་འཁྲུལ་མི་རུང་ངོ་། །

༢༠༢༤ལོའི་ཟླ༡༢ཚེས༢༡དགུན་ཉི་ལྡོག་ལ་སུག་བྲིས་བགྱིས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།