མི་ཉག་ཡུལ་གྱི་གཉེན་སྟོན་གཏམ་བཤད།

རྩོམ་པ་པོ།:ལྷ་མོ་སྐྱབས་ཀྱིས་ཡི་གེར་ཕབ། ཡོང་ཁུངས།:ཟ་མ་ཏོག་འཕྲིན་སྟེགས། དུས་ཚོད།:2024-05-16 11:12:08 ཀློག་གྲངས།:
       ད་དེ་རིང་གཞི་རྩ་འདི་ལ་བརྟེན་ནས། ངས་བསྟོད་པ་འགའ་རེ་བརྒྱབ་ན།
       སྐལ་ཉིན་མོ་བདེ་ལེགས་འདི། ཤར་རྒྱལ་མོ་གཏེར་མཛོད་གླིང་ནས་བླངས་པའི་རྒྱ་ཡི་བཀྲ་ཤིས་ཁ་དར། བོད་ཀྱི་བསོད་ནམས་ཁ་དར། དར་མགོ་ན་བཀྲ་ཤིས་རྟགས་བརྒྱད། དར་སྐེད་ན་རྒྱལ་སྲིད་སྣ་བདུན། དར་མཐའ་ན་ཚེ་རིང་བཅུ་གསུམ་འཛོམས་པའི་བཀྲ་ཤིས་པའི་ཁ་དར། ངའི་ཚ་ཞང་འཛོམས་པའི་འཛོམས་དར།
       དེ་དང་མ་ཟད་བསིལ་ཆང་འདི་ཡི་ལོ་རྒྱུས་ཅུང་ཟད་ཙམ་ཞིག་བཤད་ན། ཆང་གི་ཕ་ནི་གནམ་ཡིན་ཏེ། སྦྲང་ཆར་སྔོན་མོ་འབབ་པའི་བཅུད་བྱོས། ཆང་གི་མ་ནི་ས་ཡིན་ཏེ། འབྲུ་དྲུག་སྣ་ལྔ་འཁྲུངས་པའི་རྟེན་བྱོས། ཆང་གི་བུ་ནི་ཕབས་ཡིན་ཏེ། རྒྱུ་རྐྱེན་རྟེན་གསུམ་འཛོམས་པའི་འབྲུ་ཆང་དྭངས་མ་ལྔ་ལྡན་འདི། ཕུད་ཀྱི་དང་བོ་རྐྱེན་གྱི་མཆོད་པ་ལྷ་བླ་མ་རྣམས་ཀྱིས་གསོལ་ན་ཉམས་དང་རྟོགས་པ་རྒྱས། ཆོས་སྐྱོང་སྲུང་མ་ལ་མཆོད་ན་སྡོངས་གྲོགས་དང་རྒྱབ་རྟེན་མཛད། སྨན་བུ་མོ་རྣམས་ཀྱིས་འཐུང་ན། གླུ་བྲོ་རང་བབས་སུ་ཡོང་། ངེད་ཞང་བོ་རྣམས་ཀྱིས་འཐུང་ན་གཏམ་དང་ཁ་ལྕེ་བདེ། ཁྱེད་ཚ་བོ་རྣམས་ཀྱིས་འཐུང་ན། བློ་ཡ་དང་དཔུང་རོགས་ཉན། ཆང་འདི་འཐུང་བ་ཙམ་གྱིས་འཛུམ་དང་ལྡན་ཞིང་ཡིད་ཀྱི་པད་མ་ཁ་ཕྱེ་བ་ལྟ་བུ་ཡིན་ཟེར་བའི་ལོ་རྒྱུས་མདོར་ཙམ་ཡིན།
       ཤར་སྟོད་ལྕགས་ར་དཀར་པོ་འདི་ཉིད་སྐུ་ཆེ་བའི་ཡོན་ཏན་ཞིག་བརྗོད་ན། མགོ་གངས་རི་དཀར་ཆུང་ལ་སེང་གེ་མ་བུའི་གཡུ་རལ་ངོམ་ས། འཇའ་ཚོན་སྣ་ལྔའི་གུར་ཁང་དབུབ་ས། རི་སྐེད་ཙན་དན་ནགས་ཚལ་ལ་སྟག་གཟིག་མ་བུའི་འཛུམ་དྲུག་རྒྱས་ས། ཁུ་བྱུག་སྔོན་མོའི་གསུང་སྐད་སྒྲོག་ས། རི་འདབས་གཡུ་མཚོ་སྔོན་མོ་ལ་གསེར་ཉ་མ་བུའི་གསེར་གཤོག་རྒྱས་ས། གླུ་སྐད་རྩེད་བྲོ་གྲགས་ས།
       དེ་དང་མ་ཟད་ལན་ཅིག་ཞལ་གསུངས་ཐོས་ན། མགོ་གངས་རི་ཡི་དབུ་ཞྭ་བསྣམས་པ། སྐེད་རྫ་རི་ཡི་གསེར་དྲུབས་གྱོན་པ། ཕྱི་གོས་དཀར་རྩལ་དྲུག་ཅན། ནང་དགེ་བསྙེན་མཐུ་རྩལ་ཅན། རྒྱུ་འབྱོར་ཡོངས་ཀྱི་དགྲ་ལྷ། གཞི་བདག་ཀུན་གྱི་གཙོ་བོ། གནས་བདག་ཀུན་གྱི་རྒྱལ་བོ། ཚོང་དཔོན་ནོར་བུ་བཟང་བོ་ཡི་རྟེན་བཞགརྒྱ་ནག་པོ་བོད་ལ་མི་འཕྱུར་བའི་ཁ་གནོན། བོད་དཀར་བོའི་བསྟན་པ་མི་ཉམས་པའི་སྲོག་ཤིང་། སྨད་མདོ་ཁམས་སྒང་དྲུག་གི་གཡང་རྟེན་དེ་འདྲ་ཡིན་ཟེར་བའི་ལོ་རྒྱུས་མདོར་ཙམ་ཡིན།
       སྦལ་བའི(དབལ་བོ)དཕྱིས་པ་ཞེས་པའི་སྡེ་བ་དང་ས་ཆ་འདི་ཚོ་འདྲ་ཞིག་ཡིན་ན། སྟོད་དང་ནམ་མཁའ་ཁ་རྒྱ་ཆེ་བ་ལ། སྤྲིན་དཀར་གྱི་ལེབ་རིས་གཡོ་བའི་སྦལ་བོ(དབལ་བོ)བཀྲ་ཤིས་རྟགས་བརྒྱད་ལ་གསོལ་སྨོན་གྱི་བཟང་དྲུག་རྒྱས་པ། རོང་ས་ཞིང་མཐའ་བྲལ་ཡངས་བ་ལ་མེ་ཏོག་གི་ཕྲ་བརྒྱན་བཀོད་ས། བཟང་དགུ་འཛོམས་པའི་ས་ཆ། ས་ལ་རྩྭ་ཆུ་འཛོམས་པའི་འབྲོག་སྡེ་ལ་ནོར་ཕྱུགས་འཕེལ་ས། དམའ་གཤོལ་གྱི་བསིལ་དྲོད་སྙོམས་སའི་འབྲུ་དྲུག་གི་འཕར་སྟོབས་རྒྱས་ས། བར་བགྲོད་ལམ་ལ་བརྐུ་ཇག་མེད་པའི་རྒྱ་བོད་ཀྱི་ཚོང་རྫས་འཛོམས་ས། ལྷ་བླ་མའི་ཆོ་འཕྲུལ་རྒྱས་པའི་བཤད་སྒྲུབ་བསྟན་པ་དར་ས། མཐོ་དཔོན་པོའི་རྒྱལ་ཕྲན་རྒྱས་པའི་ཡུལ་སྡེ་མངའ་ཐང་རྒྱས་ས། དེ་དང་མ་ཟད། རྩྭ་ཡར་སྐྱེས་ཐམས་ཅད་ཀུ་ཤ ཆུ་མར་འབབ་ཐམས་ཅད་བདུད་རྩི། མི་ཐམས་ཅད་ལྷ་ལས་མཆེད་པའི་མྱི་ཕོ་ལྷ་དང་འདྲ་བ། ལྷ་མོ་མི་ཡུལ་བྱུང་འདྲའི་བུ་མོ་ཡོད་ས། གཏེར་བདག་རྣམ་སྲས་འདྲ་བའི་ཕྱུག་པོ་ཡོད་ས། ནོར་མྱི་ནོར་བཟང་འདྲ་བའི་ཚོང་དཔོན་ཡོད་ས། མཁས་ཆེན་ནམ་མཁའ་འདྲ་བའི་དཔོན་པོ་ཡོད་ས།སྐྱི ད་བྲོ་གར་གྱི་རྩེད་ར་སྐོར་ས། ཇ་ཆང་གི་ལོངས་སྤྱོད་རྒྱས་ས། ཡུལ་འདི་ན་གནས་པའི་མཐོ་བའི་རི་གསུམ། འབབ་པའི་ཆུ་གསུམ། ལོངས་སྤྱོད་ཀྱི་སྒོ་གསུམ་སོགས་ས་ཆ་འདི་ལ་འཛོམས་ཡོད་ཟེར་བའི་ལོ་རྒྱུས་མདོར་ཙམ་ཡིན།
       དེ་དང་མ་ཟད་སྡེ་བ་འདི་ཡི་དཔོན་པོ་དབུ་ཁྲིད་པའི་འགོ་ཁྲིད་རྣམ་པ་འདི་ཚོ་འདྲ་ཞིག་ཡིན་ན། གཞན་གཅིག་དང་མི་འདྲ། ཀུན་གཉིས་དང་མི་མཉམ། མི་འདྲ་མི་མཉམ་པ་ཡི་ཡོན་ཏན་ལན་ཞིག་བརྗོད་ན། སྨྲ་མཁས་པའི་ཁ་ལྕེ་བདེ་བ།རྒྱན་མཚན་གྱིས་དྲན་སྒོ་ཡངས་པ། ཐུགས་གཉིས་ནས་འཕྲུལ་གྱིས་མཁས་པ། བྱ་གཞག་སུ་ཡི་ཐད་ལ་འགྱོད་པ་སྔོན་དུ་མི་གཏོང་། བཙན་པོ་གོང་དུ་མི་ཤོར། ཉམ་ཆུང་གི་ཕ་མ། བཙན་པོའི་ཁ་གནོན། དགྲ་དོགས་ཀྱི་ཐོ་བ། ཉིན་འཛོམས་ཀྱི་བསྐལ་བ། གནམ་ཁ་སྔོན་མོའི་ཡུལ་ནས། བར་སྣང་སྤྲིན་གྱི་སྟེང་ནས། ལྷོ་གཡུ་འབྲུག་སྔོན་མོའི་སྐད་གྲགས་ནས། ཁྲོ་ཆུ་དམར་བོ་བྲག་ཐོག་ཏུ་འཕངས་ན། བདུད་ཐེའུ་རང་གཉིས་ཀའི་མགོ་གཏོར། བཀའ་ཞི་དྲག་གཉིས་ཀ་འཛོམས་པའི་དཔེ་དེ་འདྲ་ཡིན་པའི་ལོ་རྒྱུས་མདོར་ཙམ་ཡིན།
       སྐུ་གཟུགས་གྲོང་དུ་ཆེ་བའི་ཚ་བོ་སྤུན་འདྲ་ཀུན། དེ་རིང་གྲོང་དང་སྡེ་བ་ཀུན་ནས་རྟགས་དང་རྟེན་འབྲེལ་གྱིས་འཛོམས་ལ། སྤོས་གདན་ཟླ་བ་གྲུ་བཞིའི་ཐོག་ལ་ནས་དཀར་གྱི་གཡུང་དྲུང་དང་། འབྲས་དཀར་གྱི་ཚལ་བུ་བཀོད་པ་འདི་ནི། ངེད་ཞང་བོ་རྣམས་ཀྱིས་མ་ཕམ་གཡུ་མཚོ་བཞིན་དུ་ཡིད་ལ་བསྒོམས་ནས། དེ་ཡི་ཐོག་ཏུ་སྲས་མོ་མི་ཡི་ནོར་བུ་བབས་ནས། ཁྱེད་སྡེ་བ་ཚང་གི་ཁྱིམ་དུ་གདན་དྲངས་པའི་སྐབས་སུ། དགུང་གནམ་ཁ་བཞིན་དུ་འབྱེད་དགོས། རྟེན་ས་གཞི་བཞིན་དུ་བདེ་དགོས་པའི་འགྲོ་ལུགས་དང་རྒྱུ་མཚན་ཡོད་ན། ད་དེ་རིང་ལྡོང་དང་སྡེ་བ་ཁ་གཉིས་གཉེན་སྒྲིག་པའི་རྩེ་མོ་དེ་ཨ་སྔོན་དགུང་ལ་བསྟོད་ན། དགུང་ཨ་སྔོན་བཞིན་དུ་མཐོ་ལུགས། ཉི་ཟླ་བཞིན་དུ་གསལ་ལུགས། སྐར་ཚོགས་བཞིན་དུ་བཀྲ་ལུགས་ཀྱི་རྟེན་འབྲེལ་དང་སྨོན་ལམ། གཉེན་སྐལ་འདི་རྡོ་རྗེ་བྲག་རི་ལ་བརྟེན་ན། བྲག་རི་བཞིན་དུ་སྲ་ལུགས། ཐང་དཀར་བཞིན་དུ་འཁོར་ལུགས། གཤོག་སྒྲོ་བཞིན་དུ་རྒྱས་ལུགས་ཀྱི་རྟེན་འབྲེལ། གཉེན་མཐའ་འདི་རྒྱ་མཚོའི་གཏིང་ལ་འདིང་ན། རྒྱ་མཚོ་བཞིན་དུ་འཕྱུར་ལུགས། གསེར་ཉ་བཞིན་དུ་འཁོར་ལུགས། གསེར་གཤོག་བཞིན་དུ་རྒྱས་ལུགས་ཀྱི་རྟེན་འབྲེལ་དང་སྨོན་ལམ། བཀའ་བསྟན་གཟུངས་གཞུག་གཉིས་ཀྱི་བསྟན་པ་ཉི་མ་བཞིན་དུ་དར་བ། རྟེན་འབྲེལ་བསླུ་བ་མེད་པའི་སྨོན་ལམ་རེ་བཏབ་ན། རྒན་པ་གཉིས་ཚེ་ཐག་རིང་བའི་སྨོན་ལམ། གཞོན་པ་རྣམས་བློ་སེམས་མཐུན་པའི་སྨོན་ལམ། ཆུ་ཡི་རྒྱལ་བོ་ཚེ་རིང་ནད་མེད་ཤོག འདོད་པའི་རྒྱལ་བོ་ལོངས་སྤྱོད་ཕུན་སུམ་ཚོགས། འབྲས་བུ་ཡི་རྒྱལ་བོ་མངོན་སུམ་དུ་འགྲུབ་པར་ཤོག སྨོན་ལམ་གྱི་རྒྱལ་བོ་གང་འདོད་ཚང་མ་འགྲུབ་པར་ཤོག་ཟེར་བའི་ཡར་ཞུ་ཡིན་ལགས།

ཞེས་ལྷ་མོ་སྐྱབས་ཀྱིས༢༠༢༤ལོའི་ཟླ༥བའི་ཚེས༡༠ཉིན་ཡི་གེར་བཀོད།
གསལ་བཤད།
༡ སྟོན་བཤད་འདི་ཡི་གེར་འགོད་པའི་ཐོག་མའི་ཀུན་སློང་ནི་རང་རེའི་དམངས་སྲོལ་རིག་གནས་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་ཡོང་ཆེད་དང་། ལྷག་ཏུ་བོད་ཀྱི་ཡུལ་ལུང་སོ་སོའི་ངག་རྒྱུན་གྱི་དམངས་སྲོལ་རིག་གནས་འཚོལ་བསྡུ་དང་རྒྱུན་འཛིན་ཡོང་བའི་རེ་བ་ཆེ།
༢ སྟོན་བཤད་ཀྱི་ངག་ལ་ཡུལ་སྐད་ཀྱི་གདངས་ཤུགས་དྲག་པས་གོ་བ་མ་ལོན་ས་དང་ཡི་གེར་བཀོད་པ་ནོར་འཁྲུལ་འབྱུང་སྲིད་པས། ཉིད་ཀྱིས་སྟོན་བཤད་ཀྱི་སྐད་གདངས་ལ་གོ་བ་གསལ་བོ་རེ་ལོན་ན་ཁ་གསབ་དང་ཡོ་བསྲང་ཡོང་བར་རེ་བ་ཆེ།
༣ སྟོན་བཤད་ནང་གི་ཡུལ་མིང་དང་ས་མིང་དག་སྒྲ་གདངས་ལྟར་ཡི་གེར་བཀོད་པ་ཙམ་ཡིན་པ་ལས་དེར་ཁུངས་ལུང་གསལ་བོ་མ་རྙེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།