སྒེར་གཉེར་དུས་དེབ་ཀྱི་དགེ་སྐྱོན་དང་མདུན་ལམ་དོ་སྣང་བྱ་དགོས་པའི་སྐོར་སོགས་ལ་མདོ་ཙམ་དཔྱད་པ།
གཞུང་གཉེར་དུས་དེབ་བྱུང་ནས་ཅུང་མ་འགོར་བར་སྒེར་གཉེར་དུས་དེབ་བྱུང༌། བདག་གིས་ད་སྔ་མཐོང་བའི་སྒེར་གཉེར་དུས་དེབ་ཀྱི་ཆེས་ཐོག་མ་ནི་མཁས་དབང་ཚེ་ཏན་ཞབས་དྲུང་གི་སློབ་མ་རྣམས་ཀྱིས་བཏོན་པའི《མཆོད་སྤྲིན》ཞེས་པའི་དུས་དེབ་དེ་རེད། དུས་དེབ་དེ་ནི་མཁས་དབང་གང་ཉིད་སྐུ་གཤེགས་པའི་ཕྱི་ལོ་སྟེ1985ལོར་པར་དུ་བསྐྲུན། དེ་ནས་བཟུང《གངས་ཁྲོད་ཀྱི་ཕུག་རོན》དང༌། 《སྐར་ཚོམ》《གུར་ཀུམ་ཆུན་པོ》《ལྗང་མྱུག》སྒེར་གཉེར་གྱི་དུས་དེབ་མང་བོ་བསྟུད་མར་བྱུང༌། དེ་ལྟར་དགོན་སྡེ་སོ་སོ་དང་སློབ་གྲྭ་སོ་སོ། ཐ་ན་རོང་འབྲོག་གི་སྡེ་བ་སོ་སོ་ནས་ཀྱང་དུས་དེབ་མང་བོ་ཆར་རྗེས་ཀྱི་ཤྭ་འོད་བཞིན་དུ་བྱུང་བས་གཞུང་གཉེར་དུས་དེབ་དང་འགྲན་རྩོད་ཀྱི་རྣམ་པ་ཞིག་ཏུ་གྲུབ། རིམ་བཞིན་དུས་དེབ་མང་བོ་འདོན་མཚམས་ཆད་ན་ཡང༌། གསར་དུ་དུས་དེབ་མང་བོ་བྱུང་བ་དང༌། སྔོན་གྱི་དུས་དེབ་མང་བོ་རིམ་བཞིན་ཆ་ཚང་བ་ནས་ཇེ་ལེགས་སུ་འགྲོ་བའི་དབུ་ཚུགས། ད་ལྟ་བོད་ཀྱི་ཤེས་ཡོན་པའི་ཁྲོད་དུ་སྒེར་གཉེར་དུས་དེབ་ལ་ལྟ་ཚུལ་སྣ་ ཚོགས་ཡོད་ཀྱང་དུས་དེབ་ལས་ང་རང་ཆེས་དགའ་བ་ནི་སྒེར་གཉེར་དུས་དེབ་ཡིན། སྒེར་གཉེར་དུས་དེབ་ནི་སྤྱིར་བཏང་གི་མི་སྣ་དང༌། ཟོལ་གྱིས་མ་བཅོས་པའི་སེམས་ཁམས། ད་དུང་རང་དབང་ལས་གཞན་པའི་རང་དབང་དང༌། རིག་གནས་ཀྱི་ཆུ་ཚད་འདྲ་མིན་གྱི་རིག་གནས་པ་མང་བོ་ཞིག་ཡོད་ཅིང༌། རྩོམ་སྒྲིག་པ་རེ་གཉིས་ཀྱིས་སྒོར་དང་ཟུར། སྐར་མ་བསགས་ནས་བསྐྲུན་པའམ། ཡང་ན་ཕྱུག་པོ་ལ་ལག་པ་བཟེད་ཅིང་བརྩེ་སེམས་ལ་བློ་གཏད་ནས་རི་བོང་གིས་གླང་ཁུར་བླངས་ནས་མི་རིགས་དང་རིག་གནས་ཀྱི་ཆེད་དུ་རང་གི་ནུས་ཚོད་ཀྱིས་སྲི་ཞུ་བསྒྲུབས། དེ་ནི་ཁོ་ཚོའི་ལྷག་བསམ་ཡིན་ལ་ཁོ་ཚོའི་སྤོབས་པ་ཡང་ ཡིན། དེ་བས་བདག་གིས་སྒེར་གཉེར་དུས་དེབ་ཀྱི་དགེ་སྐྱོན་དང་མདུན་ལམ་དོ་སྣང་བྱ་དགོས་པའི་སྐོར་སོགས་ལ་མདོ་ཙམ་དཔྱད་འདོད་དེ་འདི་ལ་བརྟེན་ནས་བོད་ལ་རྩོམ་སྒྲིག་རིག་གནས་ཤིག་ཆགས་ཐུབ་པའི་ཡིད་ཆེས་ཀྱང་ཡོད།
དང་བོ། གཞུང་གཉེར་དུས་དེབ་དང་སྒེར་གཉེར་དུས་དེབ་ཀྱི་གཤིབ་བསྡུར།
འཇིག་རྟེན་འདིའི་དུས་དེབ་ཀྱི་ཐོག་མ་སྤྱིར་བཏང་དུ1555ལོར་བཏོན་པའི་ཧྥ་རན་སིའི་དུས་དེབ《མཁས་པའི་རིག་གཞུང་དུས་དེབ》ཡིན་པར་བཤད་མོད་ལ་ལས་འཇོན་རི་སི་ཐིས1553ལོར་བཏོན་པའི་འཇར་མན་གྱི་དུས་དེབ《ཟླ་རེའི་འཇུག་སྒོ》ཞེས་པ་ཡིན་པར་འདོད། ཡིན་ན་ཡང༌། འདི་ནི་ཁོ་རང་མི་སྒེར་གྱི་རྩོམ་དེབ་ཡིན་པས་དུས་དེབ་ཀྱི་མཚན་ཉིད་མི་ཚང་བ་རེད། དུས་དེབ་མང་ཆེ་བ་ཐོག་མར་ཆོས་ལུགས་ཀྱི་བསྟན་པ་སྤེལ་བའི་ཆེད་དུ་བཏོན་པ་རེད། ཡིན་ན་ཡང་རིམ་བཞིན་བརྗོད་བྱ་ལ་ངེས་པ་མེད་པ་ཆགས་པ་རེད།
བོད་ལ་རིག་གསར་རྗེས་སུ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང༌། 《ཉི་གཞོན》《བདག་པོ》《གངས་ལྗོངས་རིག་གནས》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《མཚོ་སྔོན་མང་ཚོགས་སྒྱུ་རྩལ》《བོད་ལྗོངས་ཞིབ་འཇུག》《ཀྲུང་གོའི་བོད་རིག་པ》སོགས་གཞུང་གཉེར་དུས་དེབ་སྐོར་ཞིག་ཡོད་ལ་དེ་དག་གིས་བོད་ཀྱི་རིག་གནས་དང་བསམ་བློ། སྤྱི་ཚོགས་ཡར་རྒྱས་བཅས་ལ་དགེ་མཚན་མི་དམན་པ་ཞིག་བཏོན་པ་ནི་སྨྲ་མི་དགོས་ཀྱང་དེ་དག་ལ་ལངས་ཕྱོགས་ཤིག་ཡོད་ལ་ཁ་ཕྱོགས་ཀྱང་ངེས་གཏད་ཅིག་ཡོད་པས་ཕྱོགས་ཡོངས་ནས་ནུས་པ་འདོན་མི་ཐུབ་ལ། བོད་ཀྱི་དགོས་མཁོ་དང་བསྟུན་ནས་བཤད་ན་ད་དུང་ཕྱོགས་མང་བོ་ཞིག་ནས་ད་དུང་དུས་དེབ་མང་བོ་འདོན་དགོས་པས་སྒེར་གཉེར་དུས་དེབ་ནི་གཞུང་གི་དུས་དེབ་ཀྱི་མ་འདང་བ་ཁ་སྐོང་ཞིག་ཡིན་ཞེས་བཤད་ཆོག་སྟེ་ད་ལྟའི་སྒེར་གཉེར་དུས་དེབ་ལ་ཕྱོགས་མང་བོ་ནས་ཡོད་དེ་དཔེར་ན། བསམ་བློའམ་མཚན་ཉིད་རིག་པའི་དུས་དེབ་ལ《བསམ་བློ་ཤེས་རིག》རི་མོ་དེབ་ལ《མེ་ལོང》སྣ་འཛོམས་ལ《གུར་ཀུམ་ཆུན་པོ》དང《རིག་གནས་ཡར་སྤེལ》སོགས། དགག་སྒྲུབ་གཙོ་བོར་འཛིན་པ་ལ《རྩོད་པའི་རླབས་ཕྲེང》སྲོལ་རྒྱུན་རིག་གནས་འགོག་པའི་དེབ་ལ《ཤར་དུང་རི》ཡིག་བསྒྱུར་ལ《སྒྲ་བསྒྱུར་གླིང》ནང་བསྟན་ལ《ཀོས་ནན་ནང་བསྟན》《སྐྱ་རེངས》བུད་མེད་ཀྱི་རྩོམ་རིག་ལ《སྒྲོལ་མ》བུད་མེད་ཀྱི་སྣ་འཛོམས་ལ《གངས་རིའི་བུ་མོ》གྲྭ་བའི་སྙན་ངག་ལ《ངང་བ་སེར་བོ》ལྷུག་རྩོམ་ལ《སྒེའུ་ཁུང》བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་དུས་དེབ《བླ་སྲོག》གཞུང་གི་དཀའ་གནད་བཤད་པའི《གསུང་རབ་གླེང་སྟེགས》དྲི་བ་དྲིས་ལན་གྱི《གངས་ཅན་མེ་ཏོག》དམངས་ཁྲོད་རྩོམ་རིག《སྟག་གདོང་རྫ་རིའི་ལང་ཚོ》ཉེར་སྤྱད་ཀྱི་སྐོར་ལ《ཉེར་མཁོ》རང་མོས་དེབ《ས་བོན》ཁོར་ཡུག་སྲུང་སྐྱོབ་ཀྱི་དེབ་ལ《འཇིག་རྟེན་གྱི་དཔྱིད་ཀ》བོན་པོའི་དེབ་ལ《མུ་ཁྲི་བཙན་པོ》སྤྱི་ཚོགས་དཔྱད་བརྗོད་ལ《ད་ལྟ་བ》སོགས་གཞུང་གཉེར་དུས་དེབ་ལ་མེད་ཅིང་བོད་རང་ལ་ཁ་ཚ་དགོས་གཏུག་གི་དུས་དེབ་མང་བོ་ཞིག་ཡོད་པ་དེ(1995ལོར་སྡོམ་རྩིས་བྱས་པ་ལྟར་ན)རྒྱ་ནག་ལ་དུས་དེབ7559ཡོད་པ་དང་བསྡུར་ན་ཤིན་ཏུ་ཉུང་ཞིང༌། དེས་ཀྱང་བོད་ཀྱི་དགོས་མཁོ་སྐོང་བ་ཤིན་ཏུ་ཉུང༌།
ངས་འདི་ནས་སྒེར་གཉེར་དུས་དེབ་དང་གཞུང་གཉེར་དུས་དེབ་ལ་གཤིབ་བསྡུར་ཞིག་བྱ་འདོད་དེ། གཤིབ་བསྡུར་འདི་ནི་དོན་དངོས་ཤིག་ཡིན། གཤིབ་བསྡུར་འདིས་གཞུང་གཉེར་དུས་དེབ་དག་ལ་ཕོག་གཏུག་གཏོང་སྲིད་ན་ཡང༌། བདེན་དོན་གྱི་ཕོག་ཐུག་ནི་འབྱུང་འོས་པ་ཞིག་ཡིན། དེ་གཉིས་ཀྱི་བར་ན་ཁྱད་པར་འགའ་ཡོད་དེ་གཞུང་གཉེར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྩ་དོན་གཙོ་བོར་འཛིན་པ་དང༌། སྒེར་གཉེར་གྱིས་མི་རིགས་ཀྱི་ རིག་གནས་དང་མི་རིགས་དར་རྒྱས་གཙོ་བོར་འཛིན་བཞིན་ཡོད། གཞུང་གཉེར་ལ་སྒྲུབ་བྱེད་ཀྱི་མ་དངུལ་དང་སྒྲུབ་མཁན་ལ་ཟླ་ཕོག་ཡོད་པ་དང་སྒེར་གཉེར་ནི་སློང་མོ་དང་རང་གི་ཤ་ཁྲག་བཙིར་ནས་གཉེར་བ། རྒྱལ་གཉེར་བས་རྒྱུ་སྤུས་གཙོ་བོར་འཛིན་ལ་སྒེར་གཉེར་བས་མི་སྣ་གསོ་སྐྱོང་གཙོ་བོར་འཛིན་བཞིན་ཡོད། གཞུང་གཉེར་རྩོམ་སྒྲིག་པ་ནི་ཆེད་ལས་རྩོམ་སྒྲིག་པ་ཡིན་ལ་སྒེར་གཉེར་བ་ནི་ལས་ཞོར་བ་ཡིན། གཞུང་གཉེར་གྱི་རིག་གཞུང་དུས་དེབ་མང་ཆེ་བ་བསླབ་གནས་ཀྱི་ཆེད་དུ་དཔྱད་རྩོམ་བཅོས་མ་བཀོད་པ་དང་སྒེར་གཉེར་དུས་དེབ་ལ་དེའི་ལྟ་བུའི་སྣང་ཚུལ་གཏན་ནས་མེད།
དེ་བས་སྒེར་གཉེར་དུས་དེབ་རྩོམ་སྒྲིག་པ་དང་དུས་ཚོད། མ་དངུལ། ཁ་ཕྱོགས། དཔར་གྲངས། འགྲེམ་སྤེལ་བཅས་ཀྱི་ཐད་ནས་གཞུང་གཉེར་དུས་དེབ་ལ་མི་དོ་ཡང༌། ནུས་པའི་ཐད་དེ་གསོ་སྐྱོང་གི་ཐད་ནས་བཤད་ན་གཞུང་གཉེར་དུས་དེབ་ལས་ནུས་པ་ཆེ་སྟེ་ད་ལྟའི་གཞུང་གཉེར་དུས་དེབ་ཀྱི་རྩོམ་པ་བོ་མང་ཆེ་བ་སྒེར་གཉེར་དུས་དེབ་ཀྱིས་གསོ་སྐྱོང་བྱས་པ་ཤ་སྟག་ཡིན། ལྷག་པར་དུས་དེབ་ཀྱི་ནུས་པའི་ཐད་ནས་བཤད་ན། སྤྱིར་དུས་དེབ་ལ་ཆ་འཕྲིན་གྱི་ནུས་པ་དང༌། དྲིལ་སྒྲོག་གི་ནུས་པ། སློབ་གསོའི་ནུས་པ། རྩེད་འཇོའི་ནུས་པ་བཅས་བཞི་དེང་རབས་དུས་དེབ་རྩོམ་སྒྲིག་རིག་པ་ལས་བཤད་པ་ལྟར་ཡོད་ཅིང༌། བོད་ཀྱི་དུས་དེབ་ཀུན་ལ་འདིའི་ཐད་ནས་ནུས་པ་ཆ་ཚང་ཞིག་གདོན་ཐུབ་པ་དཀའ་ཡང་སྒེར་གཉེར་དུས་ཀྱིས་བཏོན་པའི་ནུས་པ་གཞུང་གཉེར་ལས་ཁྱད་དུ་འཕགས་པ་ནི་ཁས་མི་ལེན་ག་མེད་ཡིན་ལ། དེང་གི་སྤྱི་ཚོགས་ཀྱི་གནས་བབས་ལ་བསམ་ན་དེ་ལྟར་འབྱུང་འོས་པ་ཞིག་ཀྱང་རེད།
ཁོ་བོའི་བསམ་པར་སྒེར་གཉེར་དུས་དེབ་གང་ཞིག་ཡིན་རུང་དེའི་རྒྱུ་སྤུས་ལ་མ་ལྟོས་པར་བོད་ཀྱི་སྤྱི་ཚོགས་ལ་ནུས་པ་ཆེན་པོ་འདོན་བཞིན་ཡོད་ཅིང༌། དེ་བས་གཞུང་གཉེར་དུས་དེབ་ལ་མཐོང་ཆེན་དང་སྐུལ་འདེབས་བྱེད་པ་ཤིན་ཏུ་གལ་ཆེ་བ་ལས་དེ་དག་གི་རྒྱུ་སྤུས་ལ་བསམ་ནས་དམོད་པ་དང་བཀག་འགོག་ཅི་ཐུབ་ལ་བརྩོན་པ་ནི་བླུན་པོའི་རྟགས་ཡིན་ནོ། །ལྷག་པར་སྒེར་གཉེར་དུས་དེབ་ལ《བསམ་བློའི་ཤེས་རིག》དང《བླ་སྲོག》《གུར་ཀུམ་ཆུན་པོ》སོགས་ཀྱི་དཔར་གྲངས་གཞུང་གཉེར་དུས་དེབ་ཀྱི་རྗེས་ཆོད་པ་དང༌། ཀློག་པ་བོའི་དགའ་བསུ་ཐོབ་ཚུལ་ཡང་གཞུང་གཉེར་དུས་དེབ་ལས་ལྷག ཁྱད་པར《ཤར་དུང་རི》དང《རྩོད་པའི་རླབས་ཕྲེང》གཉིས་ཀྱི་གྲགས་འགུལ་དེ་བོད་ཀྱི་སྤྱི་ཚོགས་ལ་ཐེབས་བཞིན་པ་ཞིག་སྟེ་བདག་གིས་ཞིང་བ་འགའ་རེས་ཀྱང་དེ་གཉིས་ལ་བཀླག་འདོད་པ་དངོས་སུ་མཐོང༌། ལྷག་པར་ད་ལྟ་བའི་དཔར་གཞི་བཀོད་སྒྲིག་དང་ཤོག་བུའི་རྒྱུ་སྤུས། ལེ་ཚན་བཀོད་སྒྲིག་སོགས་ཀྱང་གཞུང་གཉེར་དུས་དེབ་ལས་བཟང་བས་ཀློག་པ་བོ་གང་མང་ཞིག་གིས་དགའ་བསུ་ཐོབ་བཞིན་འདུག
གཉིས་པ། སྒེར་གཉེར་དུས་དེབ་ཀྱི་ཁྱད་ཆོས།
སྒེར་གཉེར་དུས་དེབ་ལ་ཁོ་རང་ཉིད་ཀྱི་ཁྱད་ཆོས་དང་དགེ་མཚན་ཡོད་ཅིང༌། དགེ་མཚན་དེ་དག་ནི་ཕལ་ཆེར་གཞུང་གཉེར་དུས་དེབ་ལས་འབྱུང་མི་ཐུབ་སྟེ། རྩོམ་ཡིག་ལ་བརྗོད་བྱའི་ཐད་ནས་ཚད་བཀག་མེད་ལ། སྒྱུ་རྩལ་གྱི་ཚད་བཀག་མེད་ཅིང་ལྷག་པར་རྩོམ་པ་བོར་ཤེས་ཡོན་གྱི་ཚད་བཀག་དེ་འདྲ་མེད་པས་འབྲི་ཤེས་མི་ཤེས་ཐམས་ཅད་ཀྱིས་བྲིས་ན་ཆོག་པས་འདི་ན་མཁས་པ་ཡོད་ལ་བྱིས་པ་ཡང་ཡོད་ཆོག དེ་བས་ལ་ལས་སྒེར་གཉེར་དུས་དེབ་ནི་རྒྱུ་སྤུས་ཞན་པའི་གད་སྙིགས་ཤིག་རེད་ཟེར་བ་ནི་མི་རིགས་རྗེས་མ་གསོ་སྐྱོང་ལ་འགན་མ་ཁུར་བ་དང༌། ཡོན་ཚད་དམའ་བའི་སྐྱེས་བུ་དང་དེའི་ཡོན་ཚད་ཁྱད་གསོད་བྱེད་པའི་ཤན་པའི་སྐད་ཆ་ཞིག་དང༌། ང་ཚོའི་འོས་འགན་ནི་གད་སྙིགས་སྤུངས་པའི་བྱིས་པ་འདི་དག་སྤྱི་ཚོགས་ཀྱི་འགན་ཐེག་པའི་ན་གཞོན་དཔའ་བོ་དག་ཏུ་གསོ་སྐྱོང་བྱ་དགོས་པ་ལས། བྱིས་པ་དག་གིས་གད་སྙིགས་སྤུངས་ངེས་ཞེས་བྱིས་པའི་ཁོར་ཡུག་ཡོད་ཚད་འགོག་པ་ནི་བླུན་པོའི་ལས་ཀ་ཡིན་པ་དེ་གསལ་བོར་ཤེས་དགོས་ལ། དེ་ནི་ལས་དང་བོ་བའི་ཚེ་སྲོག་དམར་གསོད་བྱེད་པའི་ཁྲག་དྲི་བྲོ་བའི་ཐ་ཤལ་གྱི་སྐད་ཆ་ཞིག་རེད། དེ་དག་གིས་ཡི་གེའི་གད་སྙིགས་ཟེར་བཞིན་རང་ཉིད་ཀྱིས་ཀྱང་གད་སྙིགས་སྤུངས་བཞིན་པ་ནི་ ཆེས་ཡ་མཚན་ཞིག་རེད། བྱིས་པའི་གད་སྙིགས་སྤུངས་པ་འོས་པ་ཞིག་ཡིན་ཀྱང་རྒན་པོས་གད་སྙིགས་སྤུངས་པ་གཏན་ནས་མི་འོས་པ་ཞིག་ཡིན། སྤྱི་ཆ་ནས་བཤད་ན་དེ་ནི་རྩ་བའི་ ཁྱད་ཆོས་གསུམ་ཡིན་ལ་བྱེ་བྲག་གི་ཆ་ནས་བཤད་ན་གཤམ་གྱི་ཆ་རྐྱེན་འདི་དག་ཡོད་དེ།
1 ཁ་གཏད་ས་གསོ་སྐྱོང་ཡིན་པ། སྒེར་གཉེར་དུས་དེབ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་ཁ་གཏད་ས་གསོ་སྐྱོང་ཡིན་པ་དེ་རེད། གསོ་སྐྱོང་ཞེས་པ་ནི་རྩོམ་པ་བོའི་འབྲི་སྦྱོང་གི་གསོ་སྐྱོང་སྟེ་འབྲི་སྦྱོང་གི་སྤོབས་པ་དང་རང་བཀུར་སྐྱོང་བ་དེ་རེད། རྩོམ་འབྲི་བ་ནི་རིག་གནས་སྦྱོང་བའི་རྨང་གཞི་ཡིན་ལ་སློབ་སྦྱོང་བྱེད་མཁན་གྱི་སེམས་གཏམ་གྱི་ཕོ་ཉ་ཡང་རེད། སེམས་གཏམ་བཤད་འདོད་མཁན་མང་མོད། རྩོམ་ཡིག་འབྲི་ སྦྱོང་བྱེད་མ་ཐུབ་ན་སེམས་གཏམ་དེ་ཉིད་ཀློག་པ་བོའི་མིག་རྣའི་དགའ་སྟོན་ལ་འདྲེན་མི་ཐུབ།
ངས་སྒེར་གཉེར་དུས་དེབ་རེ་བཀླག་འདོད་དེ་དེ་ནི་སྒེར་གཉེར་དུས་དེབ་ཀྱི་སྒྱུ་རྩལ་གྱི་རང་བཞིན་དང་བསམ་བློའི་རང་བཞིན་མཐོ་བས་མ་ཡིན་པར་དེ་དག་ལས་རྩོམ་པ་བོ་བྱིས་པ་ཡོད་ལ། ཕྱུགས་རྫི་ཡང་ཡོད་པ་མ་ཟད་ཞིང་བ་ཡང་ཡོད། སྐྱ་སེར་ངེས་པ་མེད་ལ་ཕོ་མོ་དབྱེ་བ་མེད་ཅིང་ཤེས་ཡོན་མཐོ་དམའ་སྣ་ཚོགས་སྒེར་གཉེར་དུས་དེབ་ལ་འཚང་ཡོད་པའི་སྣང་བ་སྟེར། ཡིན་ན་ཡང་སྒེར་གཉེར་དུས་དེབ་ལས་འདི་དག་གི་སེམས་པའི་འཆར་སྒོ་ངོ་མ་དང་ཡིད་ཀྱི་བརྩེ་དུངས་རྣལ་མ་མཐོང་ཐུབ་པའི་རྐྱེན་གྱིས་ཡིན། འདི་ལས་ཤེས་ཐུབ་པ་ནི་གསོ་སྐྱོང་ལ་ནུས་པ་ཐོན་ཡོད་པ་དེ་ཡིན། འདི་ལས་བལྟས་ན་གཞུང་གཉེར་གྱི་གསོ་སྐྱོང་ནི་གཡས་གཡོན་ཡོད་ལ་མཐོ་དམན་ཡང་ཡོད། ཁོ་ཚོའི་གསོ་སྐྱོང་ནི་ཁྱོད་རང་ལག་ཆགས་ན་འདིར་ཤོག་ཅེས་པ་དེ་ལས། འདིར་ཤོག་དང་ངས་ཁྱོད་གསོ་སྐྱོང་བྱེད་ཅེས་པ་དེ་གཏན་ནས་མེད། དེ་བས་སྒེར་གཉེར་དུས་དེབ་ནི་རྩོམ་ཡིག་འབྲི་སྦྱོང་གསོ་སྐྱོང་བྱེད་པའི་སྒེར་གཉེར་གྱིས་སློབ་གྲྭ་ཞིག་ཡིན་ཞེས་བཤད་ན་ཆོག
2 ལྟ་བ་རང་དབང་ཡིན་པ། སྒེར་གཉེར་དུས་དེབ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ལྟ་བ་རང་དབང་ཡིན་པ་དེ་རེད། ང་ཚོས་ཞིབ་ཏུ་འདང་བརྒྱབས་ན་དུས་དེབ་དེ་ཡང་རང་དབང་གི་ཆེད་དུ་བསྐྲུན་པ་ཞིག་ཡིན་པ་འདྲ། སྒེར་གཉེར་དུས་དེབ་ལ་ཆེད་དམིགས་ཀྱི་དུས་དེབ《བསམ་བློའི་ཤེས་རིག》དང༌། 《ཤར་དུང་རི》སོགས་འགའ་ཞིག་གིས་རང་གི་ལྟ་བ་དེ་ཆེད་དུ་དམིགས་པ་སྟེ་སྔ་མའི་སྲོལ་རྒྱུན་རིག་གནས་ཀྱི་ལྟ་བ་གཙོ་བོར་འཛིན་ལ་ཕྱི་མས་སྲོལ་རྒྱུན་གྱི་ལྟ་བ་ལ་དགག་པ་དམིགས་སུ་འཛིན་པ་ལས་སྒེར་གཉེར་སྣ་འཛོམས་དག་སྟེ་སྤྱི་ཆ་ནས་བཤད་ན་དུས་དེབ་གཅིག་ལས་ལྟ་བ་མི་གཅིག་པ་སྣ་ཚོགས་ཤིག་མཐོང་ཐུབ་ལ་གཞུང་གཉེར་ལ་བལྟས་ན་དུས་དེབ་དེའི་སྤྱིའི་ལྟ་བ་ནི་རྩོམ་སྒྲིག་པ་ཚོ་དང་ལྟ་ཚུལ་གཅིག་པ་ཡིན་པ་དེ་རེད། དེ་ནི་རྩོམ་སྒྲིག་གི་བློ་སྦྱོང་དམན་པའི་རྟགས་ཤིག་མིན་ཞེས་བཤད་དཀའ། 2008ལོའི《བཙན་པོའི་སྙིང་སྟོབས》དང《ཤར་དུང་རིར》ཆབ་སྲིད་གླེང་ནས་ཛ་དྲག་གི་གནས་ཚུལ་ལ་གདོང་གཏུག་བྱེད་པ་དེས་ཀློག་པ་བོའི་ཁྲོད་དུ་གྲགས་པ་རྒྱས་པར་གྱུར།
3 རྩོམ་སྟངས་རང་དབང་ཡིན་པ། སྒེར་གཉེར་དུས་དེབ་ལས་འབྲི་མཁན་གང་མང་ཞིག་ལ་སྒྱུ་རྩལ་གྱི་བློ་སྦྱོང་མེད་པས་རང་རང་གི་ས་ནས་སྒྱུ་རྩལ་འཚོལ་སྙེག་བྱེད་ཀྱིན་ཡོད། དེ་བས་ཁོང་ཚོ་ལ་སྒྱུ་རྩལ་གྱི་གྲུབ་མཐའ་ཞིག་གམ་གཞུང་ལུགས་ཤིག་གིས་ཚོད་འཛིན་ཐེབས་ཀྱིན་མེད། མང་ཆེ་བ་ཞིག་ལ་ལད་མོའི་ཤུགས་ཅུང་ཟད་ཡོད་ན་ཡང༌། ལད་མོ་དེ་ནི་གནས་སྐབས་ཤིག་དང་དང་བོར་ལམ་དུ་འཇུག་པའི་སྟ་གོན་ཞིག་ཡིན། དེ་བས་ཁོང་ཚོའི་རང་ཚུགས་ཐུབ་པའི་རྣམ་དཔྱོད་ལས་ཐོན་པའི་བརྩམས་ཆོས་དེ་གཞུང་ལུགས་གང་ཞིག་གི་རྒྱ་མར་འཇལ་མི་ཐུབ། གཞུང་གཉེར་བ་དག་གིས་རྩོམ་པ་བོའི་བློ་གྲོས་དང་གསར་བཏོད་དེར་ཁ་ཡ་མི་བྱེད་པར་རང་གི་རྩོམ་རིག་གི་རྒྱུན་ཤེས་དེ་ཚངས་པའི་ཐིག་ཤིང་དུ་བཟུང་ནས་བརྩམས་ཆོས་དག་ལ་རྒྱ་མར་འཇལ་བཞིན་ཡོད་མོད་དེ་ནི་གེགས་རྒྱ་ཞིག་མིན་ཞེས་སུས་ཀྱང་བཤད་དཀའ། ཡང་གཅིག་བཤད་ན་དེ་ནི་གཞུང་ལུགས་ཀྱི་ཕྱོགས་རིས་ཤིག་ཡིན་ལ་ཕྱོགས་རིས་དེས་གཞན་གྱི་བློ་གྲོས་དང་གསར་བཏོད་ཁྱད་དུ་གསོད་བཞིན་འདུག སྒེར་གཉེར་དུས་དེབ་ལ་དེ་ལྟ་བུའི་ཞད་མཐོང་རྒྱུ་ཤིན་ཏུ་ཉུང་བས་སྒྱུ་རྩལ་གྱི་ལམ་བུ་གཅིག་ཏུ་ཞུགས་མི་འདོད་པ་དང༌། གཞུང་གཉེར་བའི་མིག་གི་ཚེར་མ་ལྟ་བུའི་རྩོམ་སྟངས་ལ་རང་དབང་གི་འཇིག་རྟེན་ཞིག་བསྐྲུན་ཡོད་པས་དེས་བོད་ཀྱི་རྩོམ་རིག་ལ་སྐུལ་འདེབས་ཆེན་པོ་ཞིག་གནང་ཐུབ།
4 རྩོམ་པ་བོར་རང་དབང་ཡོད་པ། དུས་དེབ་ཅིག་ཡིན་ན་རྩོམ་པ་བོར་རང་དབང་ཞིག་ངེས་པར་དགོས་ཏེ་དེ་ནི་རྩོམ་པ་བོ་སྒྱུ་རྩལ་གྱི་རང་དབང་དང་ལྟ་ཚུལ་རང་དབང་ཡིན་དགོས་ལ་ལྷག་པར་རྩོམ་ཡིག་རྩོམ་པ་བོ་རང་ཉིད་ལ་དབང་དགོས་པ་དེ་ཡིན། གཞུང་གཉེར་མང་ཆེ་བ་ལ་ང་རྒྱལ་ཅིག་ཡོད་པ་ནི་རྩོམ་སྒྲིག་པ་རྒྱལ་བོ་དང་རྩོམ་པ་བོ་འབངས་མི་ཡིན་དགོས་པ་དེ་རེད། ཁོ་ཚོས་རྩོམ་ཡིག་ཅིག་ལ་ཞུ་དག་མ་བྱས་ན་རྩོམ་སྒྲིག་པའི་འགན་མ་ཐེག་པ་ལྟ་བུའི་འདུ་ཤེས་ཆགས་འདུག གོ་ཐོས་སུ་རྩོམ་སྒྲིག་ཁང་ག་གེ་མོ་ཞིག་གིས་རྩོམ་པ་བོ་སུ་ཡིན་མ་ཤེས་པར་རྗེ་ཙོང་ཁ་བའི་རྩོམ་ཞིག་ལ་ཡང་ཞུ་དག་ཆེན་པོ་བྱས་སྐད། དེ་ནི་ངས་འདི་ནས་བཤད་པའི་རྩོམ་པ་བོར་རང་གི་རྩོམ་ཡིག་ལ་རང་དབང་མེད་པ་དེ་རེད། སྒེར་གཉེར་བས་རྩོམ་པ་བོ་དག་ལ་རང་དབང་དེ་ཡོངས་སུ་བྱིན་ཡོད་ལ་རྩོམ་སྒྲིག་པའི་འགན་ཡིག་ནོར་འཆོས་པ་དང་སྡེབ་འཆོལ་བ་འཆོས་པ་དེ་ལས་ཤན་པའི་ལག་ཏུ་རལ་གྲི་བཟུང་བ་དེ་གཏན་ནས་མ་ཡིན།
5 གསོ་སྐྱོང་གི་ནུས་པ་ཆེ་བ། སྒེར་གཉེར་དུས་དེབ་ལ་རིགས་གཉིས་ཡོད་དེ། གཉིས་ཀས་ཀྱང་གསོ་སྐྱོང་གི་ནུས་པ་འདོན་བཞིན་ཡོད། 《བསམ་བློ་ཤེས་རིག》དང《ཉིན་བྱེད་སྣང་བ》ལྟ་བུས་བསམ་བློའི་གསོ་སྐྱོང་དམིགས་སུ་བཟུང་ལ《གུར་ཀུམ་ཆུན་པོ》དང 《རིག་གནས་ཡར་སྤེལ》ལྟ་བུའི་ལས་དང་བོ་བའི་རྩོམ་ཡིག་འབྲི་སྦྱོང་གསོ་སྐྱོང་དམིགས་སུ་འཛིན་བཞིན་ཡོད། ལྷག་པར་བོད་ཀྱི་སྒེར་གཉེར་དུས་དེབ་ཀྱི་ཁྱད་ཆོས་ནི་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང༌། གནས་པ་དར་སྤེལ་གྱི་ཆེད་དུ་རིག་གནས་ལྡན་ཞིང་ བསམ་བློ་ལྡན་པའི་མི་རབས་གསར་བ་གསོ་སྐྱོང་དམིགས་སུ་འཛིན་བཞིན་པ་དེ་རེད། སྒེར་གཉེར་དུས་དེབ་ཀྱིས་ཁྱོད་རང་བོད་མི་རིགས་ལ་ཕན་ཐོགས་པའི་མི་ཞིག་བྱེད་པའི་ ཆེད་དུ་འདིར་ཤོག་དང་ང་ཚོ་མཉམ་དུ་ལམ་དུ་ཆས་ཞེས་བཤད་བཞིན་ཡོད་པས་སོ། །བོད་ཀྱི་སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་ནི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་མ་དངུལ་འཚོལ་མཁན་གྱི་སྦྱིན་བདག་དང་དཔེ་ཆ་འཚོང་བའི་ཚོང་བ་ཡང་རེད།
6 བོད་ཀྱི་དགོས་མཁོ་བསྐང་ཐུབ་པ། ད་ལྟ་བོད་ན་གཞུང་གཉེར་དུས་དེབ་ཆེན་པོ་མེད་པ་དང༌། ལྷག་པར་དུ་བོད་ཀྱི་དགོས་མཁོ་བསྐང་ཐུབ་པའི་དུས་དེབ་དེ་འདྲ་མེད། ཡོད་པ་དག་ཀྱང་རྩོམ་རིག་དང་རིག་གཞུང་གི་དུས་དེབ་འགའ་རེ་ཡིན་པས་རྟ་ཕོའི་བང་ལྟར་རྒྱུགས་པའི་དུས་རབས་འདིའི་འཕེལ་ཁར་བསམ་ན་བོད་ཀྱི་དགོས་མཁོ་གཏན་ནས་སྐོང་མི་ཐུབ། དེ་བས་སྒེར་གཉེར་དུས་དེབ་མང་བོ་ཐོན་པ་འདིས་བོད་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་མང་བོ་ཐག་གཅོད་པ་ལ་ནུས་པ་གདོན་ཐུབ་པ་རེད། དེ་བཞིན་བོད་ཀྱི་སྒེར་གཉེར་དུས་དེབ་དག་ལས་དེའི་ཕྱོགས་ལ་སྙེག་པ་ཤིན་ཏུ་བཟང་སྟེ《ཉེར་སྤྱོད》དང༌། 《ཨ་མ་ལགས། ངས་ཀྱང་ཕ་སྐད་གཙང་མ་ཞིག་བཤད་འདོད》《མེ་ལོང》སོགས་ཤིན་ཏུ་མང་བོ་ཞིག་ཡོད་པ་རེད།
གསུམ་པ། བོད་ཀྱི་སྒེར་གཉེར་དུས་དེབ་ཀྱི་མི་འདང་ས།
བོད་ཀྱི་སྒེར་གཉེར་དུས་དེབ་ནི་གོང་དུ་བརྗོད་པ་ལྟར་མང་ཆེ་བ་ལས་ཞོར་དང་ལྷག་པར་རྩོམ་སྒྲིག་ལ་བློ་སྦྱོང་མེད་ཅིང་རྩོམ་སྒྲིག་རིག་གནས་རྒྱུས་ཆུང་བ་དག་ཨུ་ཚུགས་ཀྱིས་ཞུགས་པ་དཀའ་ངལ་ཆེ་བའི་རྩོམ་སྒྲིག་གི་བྱ་བའི་ཁྲོད་དུ་མ་འདང་ས་དང་མི་ལེགས་པ་གང་མང་ཞིག་འབྱུང་སྲིད་པ་ནི་སྨོས་མ་དགོས་པ་ཞིག་རེད། ཁོ་བོས་ཆེད་དུ་དབྱེ་ཞིབ་བྱས་པ་ལས་ཤེས་པ་ལྟར་ན་སྒེར་གཉེར་དུས་དེབ་ཀྱི་མི་འདང་ས་ནི་ཕྱོགས་འདི་དག་ན་ཡོད་དེ། རྩོམ་སྒྲིག་པའི་བློ་སྦྱོང་ཞན་པ། སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་མང་ཆེ་བ་ལ་རྩོམ་སྒྲིག་པའི་བློ་སྦྱོང་དང་ཉམས་མྱོང་ཅི་ཡང་མེད་པར་མི་རིགས་དང་རིག་གནས་ལ་བརྩེ་དུང་ཁོ་ནས་ལས་ཀ་འདི་གཉེར་བ་རེད། དེ་བས་ཁོ་ཚོར་མཚོན་ན་ཆ་མེད་རྒྱུས་མེད་ཀྱི་ལས་ཀ་འདིར་ཐོག་མར་ཞུགས་པ་ལས་ནོར་འཁྲུལ་འབྱུང་སྲིད་པ་ནི་སྨོས་མི་དགོས་པ་ཞིག་རེད་ལ་ཤེས་རྟོགས་བྱ་ཐུབ་པ་ཞིག་ཀྱང་རེད། རྩོམ་སྒྲིག་པའི་བློ་སྦྱོང་ཞན་ཞེས་པ་ནི་ཞུ་དག་དང༌། རྩོམ་ཡིག་འདེམ་པ། དཔར་གཞི་སྒྲིག་སྟངས། འགྲེམ་སྤེལ་བཅས་ཕྱོགས་གང་ཐད་ན་ཡོད། གཤམ་དུ་བདག་གིས་ཕྱོགས་འགའ་ནས་བོད་ཀྱི་སྒེར་གཉེར་དུས་དེབ་ཀྱི་ཐུགས་མཉམ་འཇོག་དགོས་པའི་སྐོར་ཅུང་ཟད་བརྗོད་པར་བྱ།
1 ཞུ་དག་གི་ཉམས་མྱོང་དམན་པ། སྒེར་གཉེར་དུས་དེབ་མང་ཆེ་བ་ལ་ཞུ་དག་གི་ཕྱོགས་ནས་ཤིན་ཏུ་མི་འདང༌། དེ་ནི་སྒེར་གཉེར་དུས་དེབ་མང་ཆེ་བའི་ཡིག་གཏག་པ་རང་ཉིད་མིན་པ་དང༌། གྲོང་ཁྱེར་ལ་སོང་ནས་ཉིན་རེ་གཉིས་ལ་གཏག་ཚར་དུ་བཅུག་ནས་ཉི་མ་འགའི་ནང་དུ་ཞུ་དག་ཀྱང་གྲུབ་པར་བྱས་པའི་རྐྱེན་གྱིས་ཡིན་པ་སྨོས་མི་དགོས། གཞུང་གཉེར་དུས་དེབ་ལྟར་ཆེད་དུ་ཞུ་དག་བྱས་པའི་གོ་རིམ་བརྒྱུད་མེད་པས་ཞུ་དག་གི་ཉམས་ མྱོང་མེད་ཅེས་བརྗོད་ན་ཡང་འགྲིག གཞུང་གཉེར་དུས་དེབ་ལས་ཀྱང་ཡིག་ནོར་འབྱུང་བ་གཤོལ་ཐུབ་མེད་པ་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་དུས་དེབ་ལ་ཡང་ཡིག་ནོར་མང་དུ་མཐོང་རྒྱུ་ཡོད་པས་ཡིག་ནོར་ལ་བརྟེན་ནས་སྒེར་གཉེར་དུས་དེབ་དམའ་འབེབ་བྱེད་པ་གཏན་ནས་མི་འོས་སོ། །
2འགྲེམ་སྤེལ་གྱི་ཁྱབ་རྒྱ་ཆུང་བ། སྒེར་གཉེར་དུས་དེབ་ནི་གཉེར་བ་བོ་རང་གི་འགྲེམ་སྤེལ་བྱ་དགོས་པ་ལས་རྒྱལ་གཉེར་དུས་དེབ་ལྟར་འགྲེམ་སྤེལ་ཁང་ནས་འགྲེམ་སྤེལ་བྱེད་མི་ནུས་པས་འགྲེམ་སྤེལ་གྱི་ཁྱབ་རྒྱ་ཤིན་ཏུ་ཆུང་བ་རེད། དེ་བས་སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་དཔེ་ཚོང་མཁན་ཞིག་ཡིན་མོད་ཀྱང་རིག་གནས་པ་འདི་དག་རིག་གནས་ཀྱི་ཁོར་ཡུག་ལས་སྐྱེས་པ་ལས་ཚོང་གི་ལས་ལ་ཞུགས་པ་ཞིག་མིན་པས་འགྲེམ་སྤེལ་གྱི་ཐད་ནས་ཤིན་ཏུ་མི་འདང་སྟེ་ས་ཆ་ལ་ལའི་དུས་དེབ་ས་ཆ་ལ་ལ་ནས་ཉོ་མི་ཐུབ་པའི་གནས་ཚུལ་འབྱུང་བཞིན་ཡོད།
3 དཔར་གཞི་བཀོད་སྒྲིག་མི་ལེགས་པ། གོང་དུ་བཤད་པ་ལྟར་སྒེར་གཉེར་དུས་དེབ་རྩོམ་སྒྲིག་པ་དག་ནི་ཆེད་དུ་དཔར་གཞི་སྒྲིག་པ་ལ་སོགས་པར་སློབ་སྦྱོང་བྱས་མ་མྱོང་བས་ཐོག་དང་བོར་མཚོན་ན་དཔར་གཞི་བཀོད་སྒྲིག་ནི་ཆེས་རྒྱུས་མེད་དུ་གྱུར་པའི་བྱ་བ་ཞིག་ཡིན་པས་དཔར་གཞི་བཀོད་སྒྲིག་མི་ལེགས་པ་སྨོས་མེད་ཡིན། འདི་ནི་སྒེར་གཉེར་དུས་དེབ་ལ་ཁག་མེད་པའི་དོན་ཞིག་ཡིན་ཏེ་བོད་ལ་དེང་རབས་ཀྱི་དཔར་སྐྲུན་གྱི་རིག་གནས་གསར་དུ་དར་བ་ལས་གཞུང་གཉེར་མང་བོ་ཞིག་གིས་དཔར་གཞི་བཀོད་སྒྲིག་ཀྱང་ཤིན་ཏུ་མི་ལེགས། ཡིན་ན་ཡང༌། ད་ལྟ་ཉམས་མྱོང་གསོག་བཞིན་ལགས་པས་མུ་མཐུད་དུ་ཇེ་ལེགས་དང་ཇེ་བཟང་དུ་འགྲོ་བཞིན་ལགས།
4 མདུན་རྒྱབ་ཤོག་ཇུས་འགོད་མི་ལེགས་པ། དུས་དེབ་ཅིག་ལ་མཚོན་ན་མདུན་ཤོག་དང་རྒྱབ་ཤོག་གི་བཀོད་སྒྲིག་ནི་ཆེས་གལ་ཆེ་བ་ཞིག་སྟེ་མི་ཞིག་ལ་མཚོན་ན་ངོ་གདོང་ལྟ་བུ་རེད། ཡིན་ན་ཡང་བོད་ཀྱི་དུས་དེབ་དག་མང་ཆེ་བ་མདུན་རྒྱབ་ཤོག་མཛེས་རིས་བཀོད་སྒྲིག་བྱས་པ་ཤིན་ཏུ་མི་འདང༌། དེ་ནི་མཛེས་རིས་ཀྱི་ཐད་ཀྱི་གནད་དོན་ཡིན་ལ་རྩོམ་སྒྲིག་པ་མང་ཆེ་བས་རི་མོ་སྦྱངས་མ་མྱོང་བས་མཛེས་རིས་བཀོད་སྒྲིག་བྱེད་མི་ཤེས་པ་དང་བྱས་པ་ཆ་མི་སྙོམས་པའི་གནད་དོན་བྱུང་འདུག
5སྒེར་གཉེར་དུས་དེབ་དག་ལ་ཡ་མ་ཟུང་གི་སྐད་ཆ་མང་བ་དང་རྒྱ་མ་བོད་ཀྱི་སྐད་ཆ་མང༌། དཔེར་ན། གོམ་སྒྲ་ལ་རྡོག་སྒྲ། མི་ལ་མི་བུ། དམིགས་ཡུལ་ལ་ལོག་མལ། ལུ་གུ་ལ་ལུག་ཆུང༌། སེམས་ལྷོད་ལ་འབེབ་པ་ལ་སེམས་ཁམས་སྙོམས་སྒྲིག མཐུ་དང་ནུས་པ་ལ་སྒུལ་ཤུགས། བསྒྲིགས་པ་ལ་སྒྲིག་སྦྱོར། སློབ་ཁྲིད་ལ་འཆད་ཁྲིད། བཀག་པ་ལ་བཀག་འགོག་བྱས་པ། སྡོང་བོ་སྐམ་པ་ལ་སྡོང་བོ་ཤི་བ། ཡི་གེ་ཉམས་པ་ལ་ཡི་གེ་ཤི་བ་འབྲི་བ་སོགས་ཤིན་ཏུ་མང་བོ་ཞིག་ཡོད་པ་དག་ནི་སྒེར་གཉེར་དུས་དེབ་ཁོ་ནའི་སྐྱོན་ཞིག་མིན་པར་རྩོམ་པ་བོ་དག་ལ་ཡོད་པའི་སྐྱོན་ཆེན་པོ་ཞིག་ཡིན་ཏེ་མི་ཞིག་གིས་ཡ་མ་ཟུང་གི་སྐད་ཆ་ཞིག་བཀོལ་ན་ཚང་མ་དེའི་རྗེས་སུ་རྒྱུགས་པ་ལ་བལྟས་ན་དཔྱོད་པའི་བློ་གྲོས་དམན་པའི་རང་མཚང་ཕྱི་རུ་ཕུད་པ་ལས་མ་འདས་པ་བཞིན་སྒེར་གཉེར་དུས་དེབ་མང་བོ་ཞིག་ཀྱང་དེའི་རྗེས་སུ་རྒྱུགས་པ་ནི་ཤིན་ཏུ་མི་འོས་སོ། །
6རིག་གཞུང་གི་བགྲོ་གླེང་འཁོན་འཛིང་གི་རྣམ་པར་འགྲོ་བ། སྤྱིར་ན་རིག་གཞུང་གང་ཞིག་ཡིན་ཀྱང་དེ་ལ་བགྲོ་གླེང་བྱེད་པ་དང་ལྟ་བ་མི་མཐུན་པ་གང་མང་འབྱུང་བ་ནི་རྒྱུན་ལྡན་ཞིག་ཡིན་པ་མ་ཟད་ཀུན་གྱི་བློ་གྲོས་རྒྱས་བཞིན་པའི་རྟགས་མཚན་ཞིག་ཡིན། ལྟ་བ་མི་མཐུན་པ་བགྲོ་གླེང་བྱ་འོས་པ་ཞིག་ཏུ་མ་ཟད་བྱེད་འོས་པ་ཞིག་ཀྱང་ཡིན་མོད། ལྟ་བའི་གནད་དོན་དེ་མི་སྒེར་གྱི་གནད་དོན་དུ་བརྩི་མི་རུང། ད་ལྟ་མང་ཆེ་བས་མི་སྒེར་གྱི་འགལ་བ་དེ་ལྟ་བའི་གནད་དོན་དུ་བརྩི་བའམ་ཡང་ན་ལྟ་བའི་གནད་དོན་དེ་མི་སྒེར་གྱི་གནད་དོན་དུ་བརྩི་ནས་རིག་གཞུང་གི་བགྲོ་གླེང་དེ་མི་སྒེར་གྱི་འཁོན་འཛིང་དུ་འགྲོ་བཞིན་ཡོད། དེ་ལྟར་ན་གཟུར་གནས་མེད་པར་འགྲོ་ངེས་ལ། ཕན་ཚུན་གྱི་ལྟ་བ་དང་ལེན་བྱེད་པའི་བློ་ལྡན་གྱི་སྤྱོད་པ་བོར་ནས་འཁྲུག་རྩོད་དུ་འགྲོ་བའི་ཉེན་ཁ་ཆེ། ད་ལྟ་སྒེར་གཉེར་དུས་དེབ་མང་བོ་ན་འདི་ལྟ་བུ་སྣང་ཚུལ་འབྱུང་བཞིན་འདུག
7 མཚམས་སྦྱོར་བྱ་ཡུལ་ནོར་བ། དུས་དེབ་མང་ཆེ་བས་མདུན་ཤོག་གི་ནང་དང་རྒྱབ་ཤོག་ནང་མར་མི་སྣ་མཚམས་སྦྱོར་བྱེད་འདུག དེ་བཞིན་མི་རིགས་ལ་བྱས་རྗེས་ཆེ་ བའི་མི་སྣ་དག་མཚམས་སྦྱོར་བྱས་ནས་ཀུན་ལ་དཔེ་སྟོན་བྱེད་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་མོད། སྒེར་གཉེར་དུས་དེབ་མང་ཆེ་བས་མཚམས་སྦྱོར་བྱས་པའི་མི་སྣ་ནི་དུས་དེབ་དེ་ལ་སྒོར་འགའ་བྱིན་པའི་སྦྱིན་བདག་ཡིན་པས། ང་ཚོས་མཚམས་སྦྱོར་དེ་ལ་ལྟ་ཐེངས་རེར་འདི་ཡིས་རང་ཉིད་ངོ་སྤྲོད་ཀྱི་ཆེད་དུ་སྒོར་འགའ་བྱིན་པ་ལས་མི་རིགས་ཀྱི་རིག་གནས་ཀྱི་སླད་དུ་བྱིན་པ་མ་ཡིན་སྙམ་པའི་ཚོར་སྣང་ཞིག་དབང་མེད་དུ་འབྱུང༌།
ཡང་སྒེར་གཉེར་དུས་དེབ་ལ་ལས་རྩོམ་སྒྲིག་པ་རང་ཉིད་མཚམས་སྦྱོར་བྱེད་པ་ཡང་མཐོང་སྟེ་དེའི་ཀུན་སློང་ཡང་ང་ཚོས་དབང་མེད་དུ་དེ་དག་གིས་རང་ཉིད་དྲིལ་སྒྲོག་བྱེད་པའི་ཆེད་དུ་དུས་དེབ་བཏོན་པ་ཞིག་ཏུ་མཐོང་ཐུབ་པ་མ་ཡིན་ནམ། དུས་དེབ་ནི་རྩོམ་སྒྲིག་པ་མཚམས་སྦྱོར་བྱེད་སྤྱད་མིན་ན་ཡང་དུས་དེབ་ཀྱི་བྱ་འགུལ་གལ་ཆེན་དང་ཡང་ན་སྐྱེ་སྐར་སོགས་ཀྱི་སྐབས་ཡིན་ན་ད་གཟོད་རྩོམ་སྒྲིག་ཁང་དང་རྩོམ་སྒྲིག་པ་མཚམས་སྦྱོར་བྱེད་པ་ལས་གཞན་དུ་དེ་ལྟར་མཚམས་སྦྱོར་བྱེད་པ་གཏན་མི་འོས། དེ་བས་སྒེར་གཉེར་དུས་དེབ་ཀྱི་སྐྱོན་ཆ་ནི་སྒོར་མོ་སྦྱིན་ན་ཁྲམ་པ་ཡང་མཚམས་སྦྱོར་བྱེད་པ་དེ་ཡིན། ད་དུང་བླ་གྲྭ་གང་ཞིག་མཚམས་སྦྱོར་བྱེད་དུས་དེའི་ཆ་ལུགས་འདུལ་བ་དང་མཐུན་མིན་དེ་ཡང་ཤིན་ཏུ་གལ་ཆེ་སྟེ་ད་ལྟ་སྒེར་གཉེར་དུས་དེབ་མང་བོ་ཞིག་གིས་ཆ་ལུགས་ཡ་མ་ཟུང་སྟེ་ཆོས་འདུལ་བ་སུན་འབྱིན་པའི་སྤྱོད་པ་ཅན་ཤིན་ཏུ་མང་བ་དེ་ཡང་ཐུགས་འདང་གནང་དགོས་པ་ཞིག་སྟེ་དེ་ནི་འདུལ་བ་ཁྱད་གསོད་མཁན་ནི་བཟང་ངོ༌། །མཆོག་གོ་ཞེས་མཚམས་སྦྱོར་བྱས་པ་ལས་མ་འདས།
8 ཤད་སྤྱོད་སྟངས་ནོར་བ། ཤད་ནི་ཡི་གེ་ཞིག་ལ་མཚོན་ན་མེད་མི་རུང་བའི་དོན་ཞིག་ཡིན་ལ་དེ་ཡང་མི་རིགས་རང་གི་སྲོལ་བཞིན་སྤྱད་ན་ལེགས། ད་ལྟ་དབུས་གཙང་གི་དུས་དེབ་སྐོར་ཞིག་དང་ལྷག་པར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལས་བོད་ཀྱི་ཤད་ལ་དོ་སྣང་ཅི་ཡང་བྱེད་ཀྱིན་མེད་པ་དེ་གཏན་ནས་མི་ལེགས་ཤིང་ཨ་མདོའི་སྒེར་གཉེར་དུས་དེབ་ལ་དེ་ལྟ་བུའི་གནད་དོན་འབྱུང་གིན་མེད་ནའང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་ཚེག་ཤད་གསར་བ་སྐོར་ཞིག་ཀྱང་སྤྱོད་བཞིན་ཡོད་ན་སྒེར་གཉེར་དུས་དེབ་མང་ཆེ་བ་ཞིག་གིས་དེ་དག་སྤྱད་མི་ཤེས་པའི་ཚུལ་ཤིན་ཏུ་ཚབས་ཆེ། ཚེག་ཤད་གསར་བ་འབྱུང་བ་འདི་བོད་ཀྱི་སྤྱི་ཚོགས་སྟེང་ནས་སྣང་ཚུལ་གསུམ་མཐོང་སྟེ། ལ་ལས་རྒྱ་ཡིག་དང་དབྱིན་ཡིག་གི་ཚེག་ཤད་མཐའ་དག་ཡོད་ཚད་སྤྱོད་པའི་རིག་གསར་གྱི་ཕྱག་ལེན་དེ་འཛིན་བཞིན་ཡོད་ལ། འདི་ནི་ཨག་གསར་ཆེ་བའི་ན་གཞོན་ཐལ་སྤྱོད་པ་ལ་ལ་ཞིག་གི་འདོད་ཚུལ་ཡིན་ལ། ལ་ལས 《》()“”སོགས་ཀྱིས་སྤྱོད་སྟངས་ལ་ཚད་འཇོག་ཅི་ཡང་མེད་པར་གང་འདོད་དུ་སྤྱོད་བཞིན་ཡོད། ལ་ལས་ཡོད་ཚད་ལ་ཁ་ཡ་གཏན་ནས་བྱེད་མི་རུང་བའི་ཨུ་ཚུགས་འཛིན་བཞིན་ཡོད། འདི་གཉིས་ནི་དགོན་སྡེའི་གྲྭ་བ་སྐོར་ཞིག་གི་འདོད་ཚུལ་ཡིན། ཡང་ལ་ལས་འདོར་ལེན་གྱིས་སྤྱོད་པའི་ཚུལ་བྱེད་བཞིན་ཡོད་དེ། ཕྱི་མ་འདི་ནི་དེང་གི་བོད་ཡིག་དཔེ་སྐྲུན་ཁང་དང་གཞུང་གཉེར་དུས་དེབ་ཀུན་གྱི་ལག་ལེན་དུ་འདེབས་པའི་རྒྱུགས་ཆེ་བའི་ལྟ་བ་ཡིན།
བདག་གི་བསམ་པར་ལྟ་ཚུལ་ཕྱི་མ་འདི་ནི་དགེ་མཚན་ཆེ་བར་མཐོང་བས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དེང་རབས་ཤད་ལས་གང་ཞིག་སྤྱོད་རུང་བ་དང་གང་ཞིག་སྤྱོད་མི་རུང་བ་གཏན་ལ་ཕབ་པ་དེ་ལག་བསྟར་བྱས་ནས་རྒྱལ་སྤྱིའི་གཅིག་གྱུར་སྤྱོད་སྟངས་ལྟར་སྤྱད་ན་ཤིན་ཏུ་ལེགས་པ་ལས་གང་འདོད་དུ་སྤྱད་མི་རུང་ལ། གལ་ཏེ་རྒྱལ་སྤྱིའི་འགྲོ་སྟངས་ལྟར་སྤྱོད་མི་ཤེས་ན་མ་སྤྱད་ན་བཟང་ངོ༌། །
9 མ་དངུལ་མེད་པས་དུས་ལྟར་འགྲེམ་སྤེལ་བྱེད་ཐུབ་ཀྱིན་མེད་པ། གོང་དུ་བཤད་པ་ལྟར་སྒེར་གཉེར་དུས་དེབ་མང་ཆེ་བར་དཔལ་འབྱོར་གྱི་མ་དངུལ་ཤིན་ཏུ་ཞན་པས་དུས་ལྟར་འགྲེམ་སྤེལ་བྱེད་ཐུབ་ཀྱིན་མེད།
10རྩོམ་སྒྲིག་པར་ཡོན་ཚད་མེད་པ། བོད་ལ་སྒེར་གཉེར་དུས་དེབ་མང་བོ་ཞིག་ཡོད་མོད། མང་ཆེ་བ་ལྷག་བསམ་གྱིས་རྩོམ་སྒྲིག་པ་བྱས་པ་ཙམ་ཡིན། སྐོར་ཞིག་ལ་རྩོམ་སྒྲིག་པ་བྱེད་འདོད་ལས་སློབ་སྦྱོང་བྱེད་འདོད་མེད་ལ། དེ་བས་ཁོས་རྩོམ་སྒྲིག་བྱེད་མི་ཤེས་གང་ཞིག་བཤད་རུང་བ་དང་གང་ཞིག་མི་རུང་བ་ཡང་མི་ཤེས་ལ། གང་ཞིག་ནོར་བ་དང་གང་ཞིག་བདེན་པ་ཡང་མི་ཤེས་པས་དུས་དེབ་ཀྱང་དེ་བཞིན་རྫབ་བེ་རྫོབ་བེ་ཞིག་ཏུ་གྱུར་ཡོད་པ་རེད། དེ་བས་རྩོམ་སྒྲིག་པ་ཞིག་ཡིན་པ་ལ་སློབ་གཉེར་ནི་དུས་དེབ་རྩོམ་སྒྲིག་ལས་ཀྱང་གལ་ཆེ་བ་ཞིག་རེད་ཅེས་བཤད་ན་ཆོག
བཞི་བ། སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན།
ཁོ་བོའི་བསམ་ཚུལ་ལྟར་ན་རྩོམ་པ་བོ་ཞིག་ལས་རྩོམ་སྒྲིག་པ་ཞིག་བྱེད་རྒྱུ་ཤིན་ཏུ་དཀའ་སྟེ། རྩོམ་སྒྲིག་པ་ནི་རྩོམ་ཡིག་ཕྱོགས་སྒྲིག་བྱེད་མཁན་མ་ཡིན་པར་རྩོམ་ཡིག་གི་རྫི་བོ་ཡིན། དུས་དེབ་ནི་རང་གི་སེམས་གཏམ་བརྗོད་ས་མ་ཡིན་པར་གཞན་གྱི་རྨོངས་པ་སེལ་སྤྱད་ཡིན། དེ་བས་རྩོམ་ཡིག་བྲིས་བྲིས་འགོད་པར་བྱེད་ན་དེ་ནི་རྩོམ་སྒྲིག་པ་ཚད་ལྡན་ཞིག་མིན་ལ་ཡོད་ཚད་རྩོམ་པ་བོའི་འདོད་བློ་ལྟར་འགྲོ་དགོས་ན་རྩོམ་སྒྲིག་པ་དགོས་དོན་ཡང་གཏན་ནས་མེད། དེ་བས་རྩོམ་སྒྲིག་པ་ནི་དུས་དེབ་ཀྱི་བདག་པོ་དང་རྩོམ་ཡིག་ལ་བཀོད་འདོམས་བྱེད་པའི་དམག་སྤྱི་ཆེན་མོ་ཡིན། ཡང་ན་རྩོམ་པ་བོ་དང་ཀློག་པ་བོའི་བར་གྱི་བཀོད་འདོམས་པའམ་ཟམ་པ་བཟོ་སྐྲུན་བྱེད་མཁན་ཡིན། དེ་བས་རྩོམ་སྒྲིག་པས་དུས་དེབ་ཀྱི་འོས་འགན་སྟེ་རྩོམ་པ་བོ་དང་ཀློག་པ་བོའི་བར་གྱི་འགན་ཁུར་དེ་འཁུར་དགོས་པ་ཡིན།
དེ་བས་རྩོམ་སྒྲིག་པ་ཞིག་བྱེད་སླ་ཡང་ཚད་དང་མཐུན་པའི་རྩོམ་སྒྲིག་པ་བྱེད་པ་ཞིག་ཤིན་ཏུ་དཀའ། ཚད་དང་མཐུན་པའི་རྩོམ་སྒྲིག་པ་ཞིག་མེད་ཕྱིན་དུས་དེབ་དེ་ནི་སུས་ཀྱང་སྡོད་ཆོག་པའི་མགྲོན་ཁང་ཞིག་ལས་གཙུག་ལག་ཁང་ཞིག་ཏུ་གཏན་ནས་འགྱུར་མི་སྲིད། རྒྱུ་མཚན་དེས་ང་ཚོའི་རྩོམ་སྒྲིག་པ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པར་འབད་དགོས་ལ་རྩོམ་སྒྲིག་པ་རང་ཉིད་ཀྱང་རྩོམ་སྒྲིག་པ་ཚད་ལྡན་ཞིག་ཏུ་འགྱུར་བ་ལ་འབད་པ་བྱེད་དགོས། རྩོམ་སྒྲིག་པ་ཞིག་གི་ངོས་ནས་རང་གི་ཉམས་མྱོང་ཡིག་ཐོག་ཏུ་ཕབ་ནས་རྩོམ་སྒྲིག་རིག་གནས་ཆགས་པ་ལ་འབད་པ་བྱ་དགོས།
སྤྱིར་ན་དུས་དེབ་ལ་སྣ་འཛོམས་དུས་དེབ་དང་སྣ་གཅིག་དུས་དེབ་གཉིས་ཡོད་པས་དེ་དག་གི་རྩོམ་སྒྲིག་གི་ཆ་རྐྱེན་ཡང་མི་འདྲ། དེ་ལྟར་ནའང་སྤྱིར་འཛོམས་དགོས་པའི་ཆ་རྐྱེན་འདྲ་བ་རེད། ཁོ་བོས་བསམ་ན་ངེས་པར་དགོས་པའི་ཆ་རྐྱེན་བཅུ་ཡོད་པ་མཐོང་ཞིང༌། དེ་དག་ཅུང་ཟད་རེ་བཤད་ན་འདི་ལྟར།
1 ལྟ་རྒྱ་ཡངས་པ། རྩོམ་སྒྲིག་པ་ཞིག་ཡིན་ན་ངེས་པར་ལྟ་རྒྱ་ཡངས་དགོས་ལྟ་རྒྱ་མ་ཡངས་པ་དེ་ནི་རྒྱུན་ལྡན་གྱི་ནོར་འཁྲུལ་ཅིག་སྟེ་རྩོམ་པ་བོའི་དཔྱད་གཞིའི་ནོར་བ། རྩོམ་པ་བོ་ནོར་བ། དཔྱད་གཞིའི་དུས་ཚོད་ནོར་བ། དཔྱད་ཡིག་ལོག་པར་དྲངས་པ། གཞན་རྩོམ་ལ་རང་མིང་བཀོད་པ། ནང་དོན་བཤུས་པ་སོགས་ནི་རྩོམ་སྒྲིག་པ་རྒྱུན་དུ་འཕྲད་པའི་གནད་དོན་དག་བསལ་པའི་ཆེད་དུ་ཡིན། གལ་ཏེ་རྩོམ་སྒྲིག་པས་དེ་དག་ལ་དུས་ལྟར་ནོར་བཅོས་བྱེད་མ་ཐུབ་ན་ནོར་འཁྲུལ་དེ་རིགས་ནད་ཡམས་བཞིན་ཁྱབ་པའི་ཉེན་ཁ་ཆེ།
2 ཤེས་རྒྱ་ཆེ་བ། རྩོམ་སྒྲིག་པ་ཞིག་ཡིན་ན་ངེས་པར་ཤེས་རྒྱ་ཆེ་དགོས་ཏེ་དེ་ནི་རྩོམ་པ་བོར་རྒྱུན་ཤེས་ཐད་ནས་ནོར་འཁྲུལ་འབྱུང་བ་དང༌། ཆེད་ལས་ཐད་ནས་ནོར་འཁྲུལ་འབྱུང་བ་དང༌། བརྡ་སྤྲོད་དང་ལས་ཚིག་ཐད་ནས་ནོར་འཁྲུལ་འབྱུང་བ། དོན་སྐྱོན་དང་སྒྲ་སྐྱོན་ལ་སོགས་པའི་ནོར་འཁྲུལ་བསལ་བའི་ཆེད་དུ་ཡིན། གལ་ཏེ་དེ་དག་ལ་ཤེས་རྒྱ་མེད་ན་ནོར་འཁྲུལ་དེ་ནོར་འཁྲུལ་དུ་མི་མཐོང་བར་ཀློག་པ་བོའི་དགའ་སྟོན་དུ་འདྲེན་པར་འགྱུར་རོ། །
3 ཁོག་རྒྱ་ལྡན་པ། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་ཁོག་རྒྱ་ལྡན་དགོས་ཏེ་ཁོག་རྒྱ་ཞེས་པ་ནི་རང་གི་ལྟ་བ་མཁྲེགས་འཛིན་མི་བྱེད་པར་གཞན་གྱི་ལྟ་བ་ལ་བརྩི་འཇོག་བྱ་དགོས་པ་དེ་ཡིན། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་མི་ཚེ་དང་འཇིག་རྟེན་གྱི་ཐད་ནས་ལྟ་བ་རྣམ་དག་ཅིག་དགོས་པ་སྨོས་མ་དགོས་མོད། དུས་དེབ་ནི་རྩོམ་སྒྲིག་པའི་དུས་དེབ་མིན་པར་གཞན་གྱི་ལྟ་བ་ལ་བརྩི་འཇོག་བྱེད་པའི་ཁོག་རྒྱ་ཞིག་དགོས་པ་དེ་ཡིན། དེ་ཡོད་ན་ད་གཟོད་རྩོམ་པ་བོར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་ཐུབ་ལ། ཀློག་པ་བོ་ལའང་ཕན་ནུས་སྣ་ཚོགས་གདོན་ཐུབ། དེ་བས་འདི་ནི་ལྟ་བའི་སྟེང་ནས་ཕྱོགས་རིས་མེད་པ་ལ་གོ་དགོས་པ་ཡིན།
4 ཡིད་རྣལ་ཞིང་མིག་རྣོ་བ། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་ཤེས་རྒྱ་ཆེ་བ་མ་ཟད། ཡིད་རྣལ་ཞིང་མིག་རྣོ་དགོས། འདི་ནས་བཤད་པའི་ཡིད་རྣལ་བ་ནི་ནན་ཏན་ཡིན་ལ་མིག་རྣོ་བ་ནི་ཚིག་ཉོག་མིན་དང། དོན་ཆད་མིན། ཡི་གེ་ནོར་མིན། གོ་རིམ་ཉོག་མིན། ནང་འགལ་དང༌། དོན་སྐྱོན་ཚིག་སྐྱོན་སོགས་དུས་ལྟར་མཐོང་བའི་མིག་དེ་ཡིན་པས་ཡིད་རྣལ་བ་ལ་བརྟེན་ནས་མིག་རྣོ་བར་གྱུར་པ་ཡིན། ཆ་རྐྱེན་དེ་མེད་ན་རྩོམ་སྒྲིག་པ་ནི་མུ་ཏོ་བ་ཞིག་དང་དུས་དེབ་དེ་ཡང་སྤྲང་བོའི་ཁུག་མ་ལས་མ་འདས།
5 རྣ་བ་རྣོ་ཞིང་རྫི་གསང་བ། རྩོམ་སྒྲིག་པ་ཞིག་ལ་མཚོན་ན་རྣ་བ་རྣོ་ཞིང་རྫི་གསང་བ་ཞིག་དགོས་ཏེ་དུས་དེབ་ནི་ཀློག་པ་བོའི་ཆེད་དུ་ཡིན་པས་ཀློག་པ་བོའི་དགོས་མཁོ་བསྐང་ཐུབ་མིན་དེ་ཀློག་པ་བོའི་བསམ་འཆར་ལ་ཉན་དགོས། གལ་ཏེ་ཀློག་པ་བོའི་བསམ་འཆར་མ་ལ་ཉན་ན་དུས་དེབ་དང་ཀློག་པ་བོའི་འབྲེལ་ཐག་ཆད་འགྲོ་བས་དུས་དེབ་བསྐྲུན་པའི་དགོས་པའང་མེད་པར་འགྱུར། དེ་བས་འདིར་བཤད་པའི་རྣ་གསང་བ་ཞེས་པ་ནི་ཀློག་པ་བོའི་སེམས་པར་ཉན་པའི་རྣ་བ་ཡིན་ལ་རྫི་གསང་བ་ནི་དུས་ལྟར་ཉན་ཐུབ་ཅིང༌། མངོན་ལྐོག་མཐའ་དག་ཉན་ཐུབ་པ་རེད།
6 བློ་གསལ་བ། དེ་ནི་ཀློག་པ་བོའི་ནོར་འཁྲུལ་ཏེ་ཡོ་བསྲང་བྱ་དགོས་པའི་གནད་དོན་དང༌། སྤྱི་ཚོགས་གནད་དོན་དུས་ལྟར་མཐོང་བའི་བློ་གསལ་ཞིང་དེ་དག་གི་བླང་དོར་དབྱེ་ཞིབ་བྱ་ཐུབ་པའི་བློ་མིག་གསལ་བོ་ཞིག་དགོས་པ་དེ་ཡིན། དེ་ཡོད་ན་དུས་དེབ་ཀྱི་ཁ་ཕྱོགས་དང་རྩོམ་ཡིག་དུས་ལྟར། ཕྱོགས་དེར་བསྐོར་ཐུབ། དེ་ལྟ་བུའི་བློ་མིག་གསལ་བོ་ཞིག་མེད་ན་ཀློག་པ་བོ་ཡང་དག་པའི་ལམ་དུ་ཁྲིད་མི་ཐུབ།
7 འགྲོགས་འདྲིས་བདེ་བ། རྩོམ་སྒྲིག་པ་ཞིག་ཡིན་ཕྱིན་ཀློག་པ་བོ་དང་རྩོམ་སྒྲིག་པར་དུས་ལྟར་འབྲེལ་འདྲིས་བྱེད་ཐུབ་པ་ཞིག་ཡིན་དགོས། དུས་དེབ་ནི་རྩོམ་པ་བོ་དང་ཀློག་པ་བོ་གཉིས་ཀྱི་ཡིན་པས་དེ་འབྲེལ་འདྲིས་བྱེད་མ་ཐུབ་ན་དུས་དེབ་ལེགས་པོ་ཞིག་འབྱུང་མི་ཐུབ་པས་དུས་དེབ་ཀྱི་རྨང་གཞི་མེད་ན་དུས་དེབ་དེ་ཤི་བོ་ཞིག་ལས་མ་འདས། དེ་བས་འགྲོགས་འདྲིས་བདེ་བོ་ཞིག་འབྱུང་མ་ཐུབ་ན་དུས་དེབ་ཀྱི་རྨང་གཞི་བསྐྲུན་མི་ཐུབ།
8 ངལ་བ་མེད་པ། རྩོམ་སྒྲིག་པ་ཞིག་ཡིན་ན་ངེས་པར་དུ་ངལ་བར་མི་འཛེམ་པ་ཞིག་ཡིན་དགོས། དེ་ཡང་གཅིག་ནས་འབྲེལ་འདྲིས་དང་གཉིས་ནས་རྩོམ་སྒྲིག གསུམ་ནས་ཞུ་དག བཞི་ནས་འགྲེམ་སྤེལ་སོགས་ལ་ངལ་བ་མེད་པ་ཞིག་ཡིན་དགོས། དེ་མིན་ན་དུས་དེབ་རིམ་བཞིན་ཤི་བར་འགྱུར་རོ། །
9 ཚོང་ལ་གྲིམ་པ། རྩོམ་སྒྲིག་པ་ཞིག་ཡིན་ན་རྩོམ་སྒྲིག་བྱས་པ་ཙམ་གྱིས་མི་ཆོག་པར་འགྲེམ་སྤེལ་ལ་དམིགས་སུ་འཛིན་དགོས། འགྲེམ་སྤེལ་ནི་དུས་དེབ་ཀྱི་དཔལ་འབྱོར་ཙམ་གྱི་ཆེད་དུ་མིན་པར་དུས་དེབ་ཀྱི་ནུས་པ་ཐོན་པའི་ཆེད་དུ་ཡིན། དེ་བས་འགྲེམ་སྤེལ་ཅི་ཙམ་རྒྱ་ཆེ་ན་ནུས་པ་དེ་ཙམ་ཐོན་ལ། ནུས་པ་ཐོན་ཆེད་དུ་འགྲེམ་སྤེལ་གྱི་ཚོང་ལ་གྲིམ་དགོས་པ་དེ་ཡིན་པ་ལས་རྩོམ་སྒྲིག་པ་ཚོང་བ་བྱ་དགོས་པའི་དོན་གཏན་ནས་མིན།
10 ལྷག་བསམ་དཀར་བ། རྩོམ་སྒྲིག་པ་ཞིག་ཡིན་ཕྱིན་མི་རིགས་དང་དེའི་རིག་གནས་ལ་ལྷག་བསམ་དཀར་བ་ནི་ཤིན་ཏུ་གལ་ཆེ། དེ་མིན་མི་རིགས་ནང་ཁུལ་ལ་འགལ་བ་སློང་ལ་མི་རིགས་ལས་དོན་ལ་བར་ཆད་བཟོ་ངེས་ཡིན། མི་རིགས་ལ་ལྷག་བསམ་དཀར་བོ་ཞིག་ཡོད་ན་མི་རིགས་ཀྱི་སྤྱི་དོན་གཙུག་ཏུ་འཛིན་པས་སོ། །
ཡིན་ནའང༌། འདི་ནི་སྤྱི་ཁྱབ་ནས་བཤད་པ་ཡིན་ལ་བྱེ་བྲག་ནང་བསྟན་དུས་དེབ་ལྟ་བུ་ལ་མཚོན་ན་ནང་བསྟན་གྱི་ལྟ་བ་གཞིར་འཛིན་དགོས་པ་ལས་གང་དྲན་བརྗོད་པའི་རྩོམ་ཡིག་དག་གཏན་ནས་མི་རུང༌། སྙན་ངག་དུས་དེབ་ལ་མཚོན་ན་སྒྱུ་རྩལ་ཐབས་ལམ་དམིགས་སུ་འཛིན་དགོས། ལྔ་བ། སྒེར་གཉེར་དུས་དེབ་ཀྱི་བསྒྲུབ་དགོས་པའི་གནད་དོན་འགའ།
ང་ཚོ་ལ་རྩོམ་སྒྲིག་རིག་པ་ད་དུང་ཆ་ཚང་ཞིག་མེད་པས་གཞུང་གཉེར་དུས་དེབ་དག་ལ་རྩོམ་སྒྲིག་གི་ཐད་ནས་སྐྱོན་མང་བོ་འབྱུང་བཞིན་ཡོད་ལ་སྒེར་གཉེར་དུས་དེབ་ལ་གོང་དུ་བཤད་པ་ལྟར་མི་འདང་ས་དང་སྐྱོན་ཆ་ཡང་གང་མང་ཡོད་མོད། ལས་གང་ཞིག་ཡིན་ཀྱང་རིམ་བཞིན་དར་རྒྱས་སུ་འགྲོ་བས་ན་དེ་ནི་འབྱུང་འོས་པ་ཞིག་ཀྱང་རེད། ཡིན་ན་ཡང༌། སྐྱོན་ཆར་སྐྱོན་ཆར་ངོས་འཛིན་པ་དང་དེ་ལྟར་ངོས་ཟིན་ན་ང་ཚོས་སྒེར་གཉེར་དུས་དེབ་ཀྱི་བྱ་བ་སྔར་ལས་ཆ་ཚང་བར་འགྱུར། གོང་དུ་བདག་གིས་སྐྱོན་དང་མ་འདང་ས་ནས་ཅུང་ཟད་བརྗོད་པ་དང༌། གཤམ་དུ་སྒེར་གཉེར་དུས་དེབ་ཀྱིས་བསྒྲུབ་དགོས་པའི་བྱ་བ་དང་དོ་སྣང་དགོས་པ་འགའ་ཡོད་པ་གཤམ་གསལ།
1 རྩོམ་སྒྲིག་པས་སློབ་སྦྱོང་བྱ་དགོས་པ། རྩོམ་སྒྲིག་པ་ནི་དུས་དེབ་ཅིག་གི་བླ་སྲོག་སྐྱོང་མཁན་ཡིན་པས་རྩོམ་སྒྲིག་པ་བསམ་བློ་དང་ཤེས་ཡོན། ཉམས་མྱོང་གི་ཚད་ངེས་ཅན་ཞིག་མེད་ན་དུས་དེབ་ལེགས་པོ་ཞིག་འབྱུང་ཐབས་མེད་པས་རྩོམ་སྒྲིག་པ་དག་གིས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་དགོས་པ་མ་ཟད། ཞུ་དག་བྱེད་ཚུལ་དང༌། དཔར་གཞི་སྒྲིག་སྟངས། ཤད་སྤྱོད་སྟངས། ཐོབ་ཐང་དང་དུས་གསུམ་གྱི་སྤྱོད་སྟངས་བཅས་ལ་སློབ་སྦྱོང་བྱ་དགོས།
(1)དུས་དེབ་ཞུ་དག་ནི་དུས་དེབ་ཀྱི་རྒྱུ་སྤུས་ལ་ཐད་ཀར་རག་ལས་པའི་ལས་ཀ་ཞིག་ཡིན་པས་དུས་དེབ་ཙམ་དུ་མ་ཟད། དཔེ་ཆ་པར་སྐྲུན་ལ་ཡང་མེད་དུ་མི་རུང་བའི་ལས་ཀ་གལ་ཆེན་ཞིག་རེད། སྔོན་ཆད་བོད་ལ་དཔར་རྐོ་དུས་བསགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་ཆ་ཚང་བའི་གཞུང་ལུགས་ཤིག་ད་དུང་གྲུབ་མེད་པ་རེད། དེ་བས་ཞུ་དག་བྱེད་པའི་གོ་རིམ། དོ་སྣང་བྱ་དགོས་པ། ནོར་སླ་བའི་ཡི་གེ་བཅས་ལ་ཆེད་དུ་གཞུང་གཉེར་དུས་དེབ་ཁང་དང་འབྲེལ་གཏུག་བྱས་ནས་ཆེད་དུ་སློབ་སྦྱོང་བྱེད་པ་དང༌། ཉམས་མྱོང་བརྗེ་རེས་བྱེད་པ་ཤིན་ཏུ་གལ་ཆེ། བོད་ཀྱི་རྩོམ་སྒྲིག་རིག་གནས་ལས་ཞུ་དག་བྱེད་ཚུལ་འདི་ཤིན་ཏུ་གལ་ཆེ་བས་འདིར་གལ་བོ་ཆེའི་ཚུལ་དུ་ཅུང་ཟད་བཤད་པར་བྱ།
ཞུ་དག་བྱེད་ཚུལ་གྱི་དབང་དུ་བྱས་ན་སྔོན་ཆད་ཀྱི་དཔར་ཞུ་ལྟར་སྨར་ཞུས་ཀྱིས་མ་ཡིག་དང་དཔར་ཡིག་བར་གྱི་ཡིག་འབྲུ་ཐོ་གཏུག་ནས་ཞུ་དག་བྱེད་པ་དང༌། བསྐྱར་ཞུས་ཀྱིས་སྨར་ཞུས་སོང་ཟིན་པར་ཡང་བསྐྱར་གཤིབ་བསྡུར་བྱེད་པ་དང༌། མ་ཡིག་གི་ཡིག་ནོར་འཆོས་པ། ཡི་གེ་ཆེ་ཆུང་འདྲ་མིན། དཔར་གཞི་བཀོད་སྒྲིག་བྱེད་པ་བཅས་ཚགས་པར་བྱ་དགོས། ཡང་ཞུས་ནི་སླར་ཡང་དག་ཆ་དང་དཔར་གཞི། ཡིག་འབྲུ་ཆེ་ཆུང་བཅས་ལ་ཞིབ་ བསྡུར་དང་ཆད་གསབ། ནོར་བཅོས་བཅས་ཀྱིས་གཏན་ལ་འབེབ་དགོས། དེ་ལྟར་ཞུ་དག་ཐེངས་རེར་ཡང་ཡང་ཞུ་དག་བྱེད་པ་ནི་ཤིན་ཏུ་གལ་ཆེ།
བོད་ཡིག་ཞུ་དག་བྱེད་དུས་རྒྱུན་དུ་དོ་སྣང་བྱ་དགོས་པ་སྐོར་ཞིག་ཡོད་དེ། 1པ་པོའི་འཇུག་ཚུལ་ལ་ལས་ཐོབ་ཐང་དང་བསྟུན་ལ། ལ་ལས་སི་ཏུ་སོགས་དང་བསྟུན་ནས་མིང་མཐའི་པ་བ་ཐོབ་ཐང་ལ་བསྟུན་པ་ལས་བདག་སྒྲའི་པ་པོ་ལས་ཐོབ་ཐང་ལ་མི་བསྟུན་པའི་ལུགས་གཉིས་ཡོད་པས་གཅིག་གྱུར་བྱུང་མེད་ན་ཡང༌། ཚེ་ཏན་ཞབས་དྲུང་སོགས་ཀྱིས་ཐོབ་ཐང་ལ་བསྟུན་དགོས་པའི་བླང་བྱ་བཏོན་པ་དེ་དང་ལེན་བྱས་ན་བརྡ་སྤྲོད་ཚད་ལྡན་ཅན་དུ་འགྲོ་བས་ཤིན་ཏུ་ལེགས་སྙམ། 2ད་ལྟ་མང་བོ་ཞིག་གིས་ད་དྲག་གི་སྐོར་ལ་དོ་སྣང་མི་མཛད་མོད། ན་ར་ལ་གསུམ་རྗེས་འཇུག་ཅན་གྱི་འདས་ཚིག་དང་སྐུལ་ཚིག་ལ་ད་དྲག་ཐོབ་པའི་གཞུང་ལུགས་དེ་ལག་ལེན་མཛད་ན་ནོར་འཁྲུལ་མི་འབྱུང་ལ། གཞན་པའི་ད་དྲག་གི་འཇུག་ཚུལ་སྔོན་བྱོན་མཁས་པའི་གཞུང་ལ་བསྟུན་ནས་ངེས་པར་བྱེད་པ་ཤིན་ཏུ་གལ་ཆེ། 3མི་རིགས་གཞན་གྱི་མིང་འབྲི་དུས་མ་སྐད་དང་བསྟུན་པ་དང༌། གླིང་དང་རྒྱལ་ཁབ་སོགས་ཀྱི་མིང་སྣ་ཚོགས་ཀྱི་ཉོག་དྲ་མི་འབྱུང་བའི་ཆེད་དུ《རྒྱ་བོད་ཤན་སྦྱོར་གྱི་ཚིག་མཛོད》དང་བསྟུན་ན་ལེགས། 4ལས་ཚིག་སྤྱོད་པའི་དུས་བྱ་ཚིག་ལ་མ་འོངས་པ་དང༌། བྱེད་ཚིག་ལ་ད་ལྟ་བ། བྱས་ཚིག་ལ་འདས་པ་དང༌། དེ་དང་འབྲེལ་བའི་མིང་དག་ལ་ཡང་དེ་བཞིན་སྤྱད་ན་བརྡ་སྤྲོད་ཀྱི་གཞུང་དང་མཐུན་ལ་ཡང་ན་བརྡ་སྤྲོད་ཀྱི་གཞུང་ཡང་ཚད་ལྡན་དུ་འགྲོ་བར་ཕན། དཔེར་ན་བྱ་དགོས་ལས་བྱེད་དགོས་མི་འོས་ལ། བྱེད་ཚུལ་ལས་བྱ་ཚུལ་མི་འོས་པས་ཀུན་གྱིས་བརྡ་སྤྲོད་སྐབས་སྐད་ཀྱི་བླང་བྱ་འདི་བརྩི་དགོས་པ་ཤིན་ཏུ་གལ་ཆེ་སྙམ། 5ད་ལྟ་བོད་ཡིག་ཡུལ་སྐད་ཀྱི་རྣམ་པར་འགྱུར་བ་ཤུགས་ཆེ་བས་དེ་འགོག་པའི་ཆེད་དུ་སྒེར་གཉེར་དུས་དེབ་ཐུན་མོང་ནས་ཡུལ་སྐད་མི་སྤྱོད་པ་དང༌། བརྒྱ་ལ་སྒྲུང་གཏམ་མི་སྣས་དམིགས་བསལ་སྤྱད་དགོས་བྱུང་ན་ཡང་མཆན་གསལ་བོར་གདབ་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com