སྒེར་གཉེར་དུས་དེབ་ཀྱི་དགེ་སྐྱོན་དང་མདུན་ལམ་དོ་སྣང་བྱ་དགོས་པའི་སྐོར་སོགས་ལ་མདོ་ཙམ་དཔྱད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-04 09:36:00 ཀློག་གྲངས།:
(2)དཔར་གཞི་སྒྲིག་སྟངས་ཀྱི་ཐད་ནས་སྤྱིའི་ཆ་ནས་དཔར་གཞིའི་སྒྲིག་པའི་རྒྱུན་ཤེས་ལ་སློབ་སྦྱོང་བྱེད་པ་སྟེ་དཔར་གཞི་ཆེ་ཆུང་དང༌། ཡི་གེའི་ཚད། མཛེས་རིས་ཇི་ལྟར་བཀོད་སྒྲིག་བྱེད་ཚུལ་སོགས་དཔར་སྐྲུན་རྒྱུན་ཤེས་ལ་སློབ་སྦྱོང་བྱས་ན་ལེགས་ཤིང༌། རིམ་བཞིན་དཔར་གཞི་མཛེས་རིས་སྒྱུ་རྩལ་ཕྱོགས་ལ་དོ་སྣང་དང་སློབ་སྦྱོང་བྱེད་ཐུབ་པ་འབྱུང་བ་ནི་ཤིན་ཏུ་གལ་ཆེ། སྒེར་གཉེར་དུས་དེབ་འདོན་མཁན་ཚོས་དཔར་གཞི་བཀོད་སྒྲིག་ ཐད་ནས་དེང་རབས་ཀྱི་དཔར་གཞི་སྒྲིག་པའི་གཞུང་ལུགས་ལ་སློབ་སྦྱོང་ལེགས་པོ་བྱེད་མི་ཐུབ་ཀྱང་གོ་ཐོས་རྣ་ཐོས་ཤིག་ཡོད་ན་ལེགས་ཏེ་དེ་མི་ནུས་ན། དེང་གི་རྒྱ་ནག་གི་དུས་དེབ་ཚད་དང་མཐུན་པ་དག་གི་དཔར་གཞི་སྒྲིག་སྟངས་ལ་ཟུར་ལྟ་བྱ་རྒྱུ་ནི་ཆེས་སྟབས་བདེ་ཞིང་བློ་རྒྱ་བསྐྱེད་ཐུབ་པའི་བྱེད་ཐབས་ལེགས་པོ་ཞིག་རེད།
(3)ཤད་སྤྱོད་སྟངས་ལ་གནད་གཉིས་ཡོད་དེ་གཅིག་ནི་སྔོན་གྱི་ཤད་སྤྱོད་སྟངས་ཡིན་ལ། གཅིག་ནི་དེང་རབས་ཀྱི་ཤད་སྤྱོད་སྟངས་རེད། སྔོན་གྱི་ཤད་སྤྱོད་སྟངས་ལ་བོད་རང་གི་སྲོལ་རྒྱུན་གྱི་ཤད་སྤྱོད་སྟངས་སུམ་རྟགས་ཀྱི་དགོངས་པ་བཞིན་སྤྱོད་དགོས། ཡིན་ན་ཡང་སུམ་རྟགས་ལས་མི་གསལ་བ་སྐོར་ཞིག་ད་དུང་མཁས་པ་རྣམས་ལ་གཅིག་མཐུན་མི་འདུག་པས་ཁོ་བོས《ཉེར་མཁོ》དེབ་དང་བོ་ལས། ཚེག་ཤད་སྐོར་གྱི་དྲི་བ་འགའ་ཞིག་བཀོད་ཡོད་པ་ཁོ་བོས་མཐོང་རྗེས་དེ་ནི་ཤིན་ཏུ་ལེགས་པར་མཐོང་སྟེ་དེང་གཞི་མེད་ཀྱི་ལས་ལ་འཇུག་པ་མང་ཞིང༌། འདི་ལྟ་བུའི་གཞུང་ལུགས་ཐད་ནས་ཕྲ་ཞིང་ཞིབ་ལ་ལག་ལེན་དང་འབྲེལ་ནས་བསམ་གཞིག་བྱེད་མཁན་ཤིན་ཏུ་ཉུང༌། ད་ཐེངས་ཚེག་ཤད་སྐོར་ལ་འདི་ལྟ་བུའི་ཞིབ་འཇུག་གི་དྲི་བ་གནད་དུ་འབབ་པ་ཞིག་གནང་བ་བཀའ་དྲིན་ཤིན་ཏུ་ཆེ། ཚེག་ཤད་ཀྱི་སྐོར་ལ་སྤྱིའི་ཆ་ནས་གཞུང་ལུགས་གྲུབ་མོད་བྱེ་བྲག་འདི་ལྟ་བུའི་གནད་དོན་ད་དུང་མང་བོ་ཞིག་ཡོད། གནད་དོན་འདིའི་རིགས་ལ་ད་དཔྱད་དགོས་པ་ཞིག་དང༌། དཔྱད་བསྡུར་བྱས་ན་གཞུང་ལུགས་ཚགས་ཇེ་ཞིབ་ཏུ་འགྲོ་ཞིང་ལག་ལེན་ལ་རམ་འདེགས་བྱ་ཐུབ་པས་ཤིན་ཏུ་ལེགས་སྙམ། དེ་བས་འདིའི་དྲིས་ལན་དུ་རང་གི་བསམ་ཚུལ་འགའ་ཞིབ་འཇུག་གིས་སྤེལ་བ་འདི་མཁས་པ་དག་གི་དཔྱད་གཞིར་དབུལ་བར་བྱ་སྟེ།
<1> རྫོགས་ཚིག་ན་རོ་ཅན་ཐིག་མགོར་བྱུང་ཚེ་རིན་ཆེན་སྤུངས་ཤད་གཅིག་འབྲི་དགོས་པ་སྨོས་མེད་ཡིན་ནའང༌། དེ་ནི་སྔོན་གྱི་མཁས་པས། ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། །ཞེས་པའི་རྩ་ཚིག་གཏན་ལ་ཕབ་པ་བཞིན། འདི་དེ་དང་བསྟུན་དགོས་མོད། དེ་དང་བསྟུན་ནས་ལག་ལེན་གྱི་ཁྲོད་དུ་ལ་ལས་སྤུངས་ཤད་གཅིག་འབྲི་བ་དང༌། ལ་ལས་རྫོགས་ཚིག་ལ་ཉིས་ཤད་བྱ་དགོས་པ་དེ་དང་རིགས་འགྲེས་ནས་རིན་ཆེན་སྤུངས་ཤད་གཉིས་འབྲི་བའི་ལུགས་གཉིས་བྱུང༌།
        ཁོ་བོའི་འདོད་ཚུལ་ལྟར་ན་དེ་ལ་རིན་ཆེན་སྤུངས་ཤད་གཉིས་འབྲི་བའི་ལུགས་དེ་འཐད་པ་ཡིན་ཏེ། དེ་ལྟར་ན། རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། །ཞེས་པ་དེར་མི་འགལ་ལམ་ཞེ་ན། མི་འགལ་ཏེ། རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས་ཞེས་པ་དེ་ཚིག་ལྷུག་གི་དབང་དུ་བྱས་པ་ཙམ་ལས་ཁྱབ་མཐའ་བཟུང་བ་མིན་ལ། རྫོགས་ཚིག་ལའང་རིན་ ཆེན་སྤུངས་ཤད་གཅིག་བྲིས་ན་རྫོགས་ཚིག་གི་རྗེས་སུ་ཤད་གཉིས་འབྲི་བའི་དགོས་པ་སྟོར་བར་འགྱུར་ཞིང༌། དེ་ལྟར་ན་ཚིགས་བཅད་ཀྱི་མཐའི་ཡིག་རྡོག་གཅིག་ཐིག་ཕྲེང་གི་མགོར་བྱུང་ཚེའང་སྤུངས་ཤད་གཅིག་ལས་འབྲི་མི་དགོས་པར་ཐལ་ལ། དེ་ལྟར་ཚིགས་བཅད་ཀྱི་ མཐར་ཉིས་ཤད་འབྲི་བའི་གཞུང་ལུགས་གཏོར་བར་འགྱུར་ཏེ་ཚིགས་བཅད་མཐར་ཉིས་ཤད་འབྲི་བའི་རྒྱུ་མཚན་ནི་ཚིགས་བཅད་ཆ་བྱས་ནས་ཚིགས་སུ་བཅད་དེ་བཀླག་དགོས་པས་ཉིས་ཤད་མ་བྲིས་ན་ཆ་མི་མཉམ་པས་སོ། །རིགས་པ་དེ་ལས་དཔྱད་ན་ཤད་གཉིས་ག་ སྤུངས་ཤད་བྱ་དགོས་པ་ལས་སྔ་མ་སྤུངས་ཤད་དང་ཕྱི་མ་རྐྱང་ཤད་བྱེད་མི་རུང་བ་ཤེས་སོ། །
        དེ་བས་ཆིག་ཤད་ཐོབ་པ་ལ་དེའི་རྗེས་སུ་སྤུངས་ཤད་གཅིག་འབྲི་དགོས་ལ་དེ་བར་དུ་སྟོང་ཆ་བཞག་པ་ལ་དགོས་པ་ལྷག་པོར་མེད། ཉིས་ཤད་ཐོབ་སར་རྐང་རིང་བྱུང་བ་ལ་ཤད་ཕྱི་མ་དེའང་སྤུངས་ཤད་བྱ་དགོས་ཏེ་རྐང་རིང་གི་ཕྱི་རྐང་དེ་ཤད་ཀྱི་གོ་ཆོད་པས། དེ་ཉིད་སྤུངས་ཤད་དུ་སྒྱུར་ཐབས་གཏན་ནས་མེད་ནའང་ཕྱི་མ་དེ་སྤུངས་ཤད་ཡིན་དགོས། དེ་མིན་སྤུངས་ཤད་འབྲི་བ་ནི་ཚུགས་ཐུབ་པའི་ཆེད་དུ་ཡིན་ལ་དེ་ལ་སྤུངས་ཤད་མ་བྲིས་པར་ཆིག་ཤད་བྲིས་པ་ཡིན་ན་དེས་ཚུགས་ཐུབ་པ་ལ་མི་ཕན་པས་ཤད་དེ་ངེས་པར་སྤུངས་ཤད་འབྲི་དགོས་སོ། །
<2> རྐང་བ་ཅན་གྱི་རྗེས་སུ་ཤད་འབྲི་མི་དགོས་ཏེ་ཀ་ག་ཤ་གསུམ་ཤད་རེ་བརྩི་བས་ན་རྩ་ཚིག་གིས་གཏན་ལ་ཕབ་འདུག་པས་རྩ་ཚིག་བརྩིས་ནས་ཤད་མ་བྲིས་ན་བཟང་སྟེ་དེ་གསུམ་རྐང་རིང་ཡིན་པས། དེ་གསུམ་གྱི་རྐང་བས་ཤད་ཀྱི་གོ་ཆོད་ཅིང༌། བྲིས་ན་ཡང་མི་མཛེས་ཏེ་ཤད་གཉིས་ཡོད་པའི་སྣང་བ་སྟེར་རོ། །
<3> རྐང་རིང་མགོ་ཅན་ལྡན་པ་ལ་ཤད་བྲིས་པ་མང་དུ་མཐོང་མོད། དེའང་མི་འཐད་དེ། ཀ་ག་ཤ་གསུམ་ནི་རྐང་རིང་ཡིན་པས་དེ་གསུམ་ཚིག་རྐང་གི་མཐར་བྱུང་ན་ཤད་འབྲི་མི་དགོས་པའི་རིགས་པ་དེས་དཔྱད་ན་རྐང་རིང་ལ་མགོ་ཅན་བྱུང་ན་རྨང་གཞིའི་རྐང་རིང་གི་ནུས་པ་ཉམས་པར་གྱུར་པས་དེ་གསུམ་གྱི་རྐང་བས་རྐང་རིང་ཤད་ཀྱི་གོ་མི་ཆོད་པར་འགྱུར་བས་ཤད་འབྲི་དགོས་ལ། དེ་བས་རྐང་རིང་གི་ནུས་པ་ཉམས་མིན་ལས་བལྟ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། དེ་ལས་བལྟས་ན་རྐང་རིང་ལ་དབྱངས་ཞུགས་ན་ཤད་འབྲི་མིན་གྱི་གནད་ཀྱང་གསལ་བོར་ལྷང་ལ་བུད་ཡོང་སྟེ་གུག་གུ་འགྲེང་བུ། ན་རོ་གསུམ་རྐྱང་བ་ལ་སྦྱར་ན་རྐང་རིང་གི་ནུས་པ་ཉམས་པར་མི་འགྱུར་བས། རྐང་རིང་གི་མཐར་ཤད་འབྲི་མི་ དགོས་མོད་ཞབས་ཀྱུ་བཏགས་ན་རྐང་རིང་གི་ནུས་པར་ཉམས་པར་གྱུར་པས་དེའི་རྗེས་སུ་ཤད་བྲིས་ན་ལེགས་སོ། །
<4> ང་ཡིག་དབྱངས་ཡོད་མེད་གང་རུང་གི་མཐར་ཚེག་མ་བྲིས་ན་ཤད་དང་འདྲེས་པར་དོགས་པས་ཚེག་འབྲི་དགོས་པ་ཡིན་མོད་གངྒ་དང་སེངྒེ་ལྟ་བུའི་སྔགས་ཡིག་བྱུང་ཚེ་ཚེག་འབྲི་མི་དགོས་ཏེ་དེའི་སྟེང་གི་ང་ཆུང་པར་གྱུར་ཅིང་ཤད་རིང་བོར་འབྲི་དགོས་པས་ ནོར་སོ་མེད་པས་སོ། །
<5>ཚིགས་བཅད་ཉིས་ཤད་ཀྱི་བར་དུ་ཤད་ག་འདྲ་འཇོག་པ་ལ་ལུགས་མི་འདྲ་བ་འགའ་ཡོད་དེ། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཞེས་པ་ལྟ་བུ་ཉིས་ཤད་ཀྱི་བར་དུ་སྟོང་ཆ་བཞག་ནས་ཤད་རྗེས་མ་དང་དེའི་རྗེས་ཀྱི་ཚིག་སྔ་མའི་བར་དུ་སྟོང་ཆ་མི་འཇོག་པའི་ལུགས་གཅིག་དང༌། ཁྱི་རྒན་ཀུ་ཅོ་འདོན་པ་ན། །  རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཞེས་པ་ལྟ་བུ་ཤད་གཉིས་ཀྱི་བར་དུ་སྟོང་ཆ་འཇོག་པ་མ་ཟད་ཤད་རྗེས་མ་དང་ཚིག་རྐང་སྔ་མའི་བར་དུའང་སྟོང་ཆ་འཇོག་པའི་ལུགས་གཅིག ཡང་ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུགས།། ཞེས་པ་ལྟ་བུ་ཤད་གཉིས་ཀྱི་བར་དུ་སྟོང་ཆ་མི་འཇོག་པར་ཤད་རྗེས་མ་དང་ཚིག་སྔ་མའི་བར་དུ་སྟོང་ཆ་འཇོག་པའི་ལུགས་གསུམ་བྱུང་བ་ལས། དང་བོ་ནི་མིག་ལ་མཛེས་པའི་ཆེད་ཁོ་ན་དང་བར་བ་ནི་མིག་ལ་མཛེས་པ་དང་ཤད་དང་ཚིག་རྐང་གཉིས་ཀྱི་བར་གྱི་འབྲེལ་བ་གཉིས་ཀར་བསམ་ཡོད་ལ་མཐའ་མ་ནི་ཤད་དང་ཚིག་རྐང་བར་གྱི་འབྲེལ་བ་བརྩི་བ་ཙམ་ཡིན། ཁོ་བོའི་ལྟ་ཚུལ་ལྟར་ན་འདིའི་གནད་དོན་ནི་ཤད་གཉིས་ཀྱི་བར་སྟོང་ཚད་གང་འདྲ་ཞིག་འཇོག་དགོས་པ་དང་ཤད་དང་ཚིག་རྐང་ཕྱི་མའི་བར་གྱི་བར་སྟོང་ག་འདྲ་འཇོག་དགོས་པ་ལ་ཐུག་ཡོད་པ་དེ་ཡིན་ཞིང་བར་སྟོང་གི་ཚད་དེ་མཛེས་ཁྱད་དང་འབྲེལ་ཡོད་པའི་གནས་ལུགས་ལས་བསམ་ན་ཐ་མས་ཤད་དང་ཚིག་རྐང་གི་ཕྱི་མའི་བར་སྟོང་དེ་ཚད་ལ་བརྩི་འཇོག་བྱས་ཡོད་མོད། ཤད་གཉིས་དོག་ཆེས་པས་མི་མཛེས་ལ། ལུགས་དང་བོས་ཤད་ཀྱི་བར་སྟོང་བཞག་པས་མིག་ལ་མཛེས་ནའང་ཤད་དང་ཕྱི་མའི་ཚིག་རྐང་བར་གྱི་བར་སྟོང་ལ་དོ་སྣང་བྱས་མེད་པས་གནས་ལུགས་དང་མི་མཐུན་མོད་བར་བར་སྐྱོན་དེ་དག་མེད་པས་འཐད་ལྡན་ཡིན་ནོ། །
<2>རང་མོས་སྙན་ངག་ལ་ཤད་ཡོད་མེད་ཅི་རིགས་ཡོད་ལ་ལུང་འདྲེན་སོགས་སུ་གསེག་ཤད་ཀྱིས་མཚམས་ཕྱེས་པ་ཡོད་པ་བཞིན་ཁོ་བོས་ཡུན་རིང་བོར་དཔྱད་མོད་རང་མོས་སྙན་ངག་ལ་ཤད་མ་བཞག་ན་ནུས་པ་ལྷག་པོར་ཅི་ཡང་མི་འབྱུང་ལ་བཞག་ནའང་སྙན་ངག་ལ་ནུས་པ་མི་ཐོན་མོད་རང་མོས་སྙན་ངག་ཀྱང་བོད་ཡིག་གིས་བྲིས་པ་ཡིན་པས་བོད་ཀྱི་ཤད་འཇོག་སྟངས་དང་བརྡ་སྤྲོད་ཀྱི་འགྲོས་ལ་བརྩི་འཇོག་བྱས་ན་ལེགས། དེ་མིན་རང་སྣང་གང་དྲན་བྱས་ན་དགོས་པ་ལས་གནོད་པ་ཆེ་བས་ཤད་འབྲི་བ་ལ་གོམས་པར་བྱས་ན་ལེགས་སྙམ།
གསེག་ཤད་དེ་ནི་རང་མོས་སྙན་ངག་དང་བསྟུན་ནས་བོད་དུ་དར་བ་ལས་རང་མོས་སྙན་ངག་དང་མཉམ་དུ་དེ་ཡང་དང་ལེན་བྱས་ན་ལེགས་ཏེ་དེ་མིན་ན་ལུང་འདྲེན་གྱི་སྐབས་རང་མོས་སྙན་ངག་གི་ཚིག་རྐང་སྔ་ཕྱི་དབྱེ་མི་ཐུབ་ལ་དེར་མ་རྩོམ་བཞིན་བཀོད་ན་དཔར་ངོས་ཚད་བཀག་ལ་གནོད་པས་སོ། །དེ་ལྟར་ཚིག་རྐང་རྒྱུན་མར་འབྱུང་དུས་གསེག་ཤད་འགོད་པ་དང་ཤད་འབྲི་བའི་རྒྱུན་དེ་དམ་བཟུང་བྱས་ན་ལེགས་སྙམ།
<7>ཚིགས་བཅད་ཀྱི་ཚིག་རྐང་གཅིག་ལུང་དུ་དྲངས་ནའང་ཤད་གཉིས་འཇོག་དགོས་ཏེ་དེ་ནི་ཚིག་རྐང་གཅིག་ཁོ་ན་ཡིན་ཀྱང་མ་གཞི་ཚིགས་བཅད་ཡིན་པ་ནོར་བ་མེད་པ་ཁོ་ན་ཙམ་མ་ཡིན་ཏེ་གོང་དུ་བརྗོད་པ་ལྟར་ཚིགས་བཅད་ནི་སྡེབ་སྦྱོར་གྱི་དབང་གིས་ཆ་བྱས་པའམ་ཚིགས་སུ་བཅད་ནས་བཀླག་དགོས་པས་ཤད་གཉིས་འཇོག་དགོས་པས་ཚིག་རྐང་གཅིག་དྲངས་ནའང་ཚིགས་བཅད་ཡིན་པས་ཚིག་རྐང་ཁོ་གང་མིན་ལ་མ་བལྟས་པར་ཉིས་ཤད་འབྲི་དགོས་སོ། །
<8> རྣམ་བཅད་ནི་ལེགས་སྦྱར་གྱི་ཡི་གེའི་ཁྱད་ཆོས་ཤིག་ཡིན། དེ་ལ་ཤད་དགོས་མིན་དེ་རྒྱ་གར་གྱི་བརྡ་སྤྲོད་ལ་བསྟུན་དགོས་ན་ཡང༌། གཟུངས་སྔགས་བོད་དུ་ཀློག་བདེ་བ་ལ་སོགས་པའི་ཆེད་དུ་བོད་ཀྱི་ཡིག་གཟུགས་ཀྱིས་བྲིས་ནས་ཚེག་དང་ཤད་འཇོག་པ་སོགས་བོད་ཀྱི་ཆོས་ཉིད་ལ་བསྟུན་འདུག་ཅིང་བོད་ཀྱི་ཡིག་གཟུགས་ལས་ཡན་གར་བར་མི་འཇོག་པའི་ཆེད་དུ་ཤད་བཞག་ན་ལེགས།
<9>  ཨང་ཀིའི་བར་དུ་ཚེག་འབྲི་མི་དགོས་ཏེ། ཚེག་གི་དགོས་པ་ནི་མིང་ཕན་ཚུན་མི་འདྲེས་པའི་ཆེད་དུ་ཡིན་པས་ཨང་ཀིར་ཚེག་མ་བཞག་ནའང་མི་འདྲེས་པས་ལ་ལས་གྲངས100ལྟ་བུའི100སྔོན་དུ་ཚེག་འཇོག་ལ་རྗེས་སུ་ཚེག་མི་འཇོག་པའང་ཆུ་མི་ཐུབ་པའི་རིགས་པ་ཡིན་སྙམ།
<10> ཨང་ཀིའི་རྗེས་སུ་ཤད་ག་ལ་འཇོག་དགོས་ཏེ་དེ་ནི་བོད་ཀྱི་ཡིག་གཟུགས་མིན་པས་ཡིག་གཟུགས་ཀྱི་ཁྱད་ཆོས་དེ་སྦྱར་མི་དགོས་ཏེ་དགོས་ན་བར་ཚེག་ཀྱང་བྱ་དགོས་བར་འགྱུར་རོ། །འོན་ཏེ་དྲི་བའི་གནད་ཀྱང་སྤྱིར་ཨང་གིའི་རྗེས་སུ་ཤད་འཇོག་པ་དེ་མ་ཡིན་པར་བོད་ཡིག་དང་འབྲེལ་ནས་བྱུང་བའི་ཨང་གི་དག་ཡིན་པར་མངོན་དཔེར་ན།   དོན་འགྲུབ་ལ་སྒོར100སྐལ་བཟང་ལ་སྒོར50ཞེས་པ་ལྟ་བུ་དག་གི་རྗེས་སུ་ཤད་འབྲི་དགོས་མིན་དེ་ཡིན་པར་མངོན། དེ་ལ་ཤད་འབྲི་མི་འབྲིའི་ལུགས་གཉིས་ཡོད་མོད། དེ་ཡང་གོང་གི་རིགས་པ་དེ་སྦྱར་ནས་མ་བྲིས་ན་ལེགས་སྙམ་ཏེ། དཔེར་ན་དོན་འགྲུབ་ལ་སྒོར100། སྐལ་བཟང་ལ་སྒོར50། ཞེས་བྲིས་ན་མིག་ལའང་མི་མཛེས་པར་འགྱུར་རོ། །དེ་བས་དོན་འགྲུབ་ལ་སྒོར50 སྐལ་བཟང་ལ་སྒོར100 ཞེས་བར་སྟོང་ཅུང་ཟད་ཀྱིས་འཐུས་པར་བྱས་ན་ལེགས་སྙམ་མོ། །
<11> ཚིག་མཛོད་ཀྱི་འགྲེལ་གཞིའམ་རྩོམ་བྱང[[ཁ]]ལྟ་བུ་ཐིག་ཕྲེང་མགོར་བྱུང་ནའང་འདྲ། དབུས་དང་ཕྲེང་མཐར་ཡོད་ནའང་འདྲ། དེ་ལ་སྤུངས་ཤད་བཞག་ན་མི་ལེགས་ཏེ་ཐིག་ཕྲེང་སྔ་མའི་ཚིག་ལྷག་ཕྲེང་མགོར་བྱུང་བ་མ་ཡིན་པ་ལ། གཞུང་དཀྱུས་ཀྱི་ཡི་གེ་དང་ཕྲེང་མགོར་བྱུང་བའང་མ་ཡིན་པས་སྤུངས་ཤད་མི་འབྲི་བར་གཞུང་དཀྱུས་ཡི་གེ་དེ་ལས་ཅུང་ཆེ་བ་བྱས་ཤིང་ཚིག་མཛོད་ཀྱི་འགྲེལ་གཞི་དག་ཡིག་གཟུགས་ནག་པོ་ཅན་བཀོལ་སྟེ 《དག་ཡིག་གསར་བསྒྲིགས》དང《བོད་རྒྱ་ཚིག་མཛོད་ཆེན་པོའི》སྲོལ་བཞིན་བསྐྱང་ན་ལེགས་སྙམ།
དེང་རབས་ཀྱི་ཚེག་ཤད་ལས་བོད་ལ་མཁོ་མི་མཁོ་སྣ་ཚོགས་ཤིག་ཡོད་པས་གང་ཞིག་སྤྱོད་པ་དང་གང་ཞིག་མི་སྤྱོད་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་ཕབ་འགའ》ཞེས་པ་དེ་བོད་ཀྱི་དཔེ་སྐྲུན་ཁང་དག་གིས་བཀས་བཅད་བྱས་ཏེ་གཅིག་གྱུར་གྱིས་སྤྱོད་པ་བཞིན་དེ་ཚད་གཞིར་བཟུང་ན་ལེགས། ཡང་ན་སྤྱོད་མི་ཤེས་ན་དེ་ལྟར་ནོར་འཁྲུལ་གྱི་སྤྱོད་པ་ལས་རེ་ཞིག་མ་སྤྱད་ན་ལེགས་ཏེ་ཤེས་མ་ཤེས་པར་སྤྱད་ན་དགེ་མཚན་ལས་གནོད་པ་ཆེ་བའི་ཕྱིར་རོ། །《བོད་ཡིག་རྩོམ་སྒྲིག་ཚད་ལྡན་དུ་གཏོང་བའི་སྐོར་གྱི་གཏན་ཕབ་འགའ》ཞེས་པ་དེ་མང་བོ་ཞིག་གིས་མཐོང་མ་མྱོང་བས་བདག་གིས་འདིར་འགོད་པར་བྱ་སྟེ།
དཔེ་རྟགས《》འདྲེན་རྟགས“”བསྡུས་རྟགས••••••བཅད་རྟགས————མཆན་རྟགསοπρསྐུང་རྟགསXXXཆད་རྟགས∩∩∩བཅས་སོ། །
<1>དཔེ་རྟགས་རྩོམ་དེར་བརྗོད་པའི་དཔེ་ཆ་དང་ཚགས་པར་རྩོམ་ཡིག་སོགས་མཚོན་བྱེད་ཡིན།
<2>འདྲེན་རྟགས་རྩོམ་ཡིག་ནང་དུ་གཞན་གྱི་ལུང་དྲངས་པ་མཚོན་བྱེད་ཡིན།
<3>བསྡུས་རྟགས་ནི་བརྗོད་བྱ་མ་རྫོགས་པ་རེ་ཞིག་བསྡུས་པའི་རྟགས་ཡིན།
<4>མཆན་རྟགས་ནི་མིང་གི་ཕྱི་མར་བཅུག་ཚེ་ཟུར་ན་མཆན་འགྲེལ་ཡོད་པ་མཚོན་བྱེད་ཡིན།
<5>སྐུང་རྟགས་ནི་རྩོམ་དེའི་ནང་དུ་མི་མིང་དང་ས་མིང༌། ཡང་ན་གྲངས་ཀ་མཚོན་པ་ཡིན།
<6>ཆད་རྟགས་ནི་གཞན་གྱི་བསྟན་བཅོས་སམ་རྩོམ་ཡིག་ལ་སོགས་པའི་ཡི་གེ་ལ་མི་གསལ་བ་དག་བསྐྱར་པར་བྱེད་ཚེ་འདི་བཀོལ་བ་ཡིན།
གོང་གི་འདི་ནི་དེང་རབས་ཀྱི་ཚེག་ཤད་སྐོར་ཞིག་ཡིན་མོད། དུས་རབས་ཀྱི་འགྱུར་ལྡོག་དང་རིག་གནས་འབྲེལ་འདྲིས་ལས་མི་རིགས་གཞན་ལས་བོད་ལ་མཁོ་བའི་ལེགས་ཆ་སྐོར་ཞིག་ཡོད་པས་དེ་དག་བསྣན་སྟེ། རིག་གསར་ནང་འདྲེན་གྱི་རྟགས་ཤིག་ཏུ་བསམ།   ལྷག་པར་ད་ལྟ་དཔེ་སྐྲུན་ཁང་དག་གིས་གཅིག་གྱུར་གྱིས་སྤྱོད་བཞིན་ཡོད་པས་དགོན་སྡེ་དག་གིས་ཁོང་རྣམས་ལ་བསྟུན་ན་དགེ་མཚན་ལས་ཉེས་པ་མེད་པར་འདོད་པས་ཨུ་ཚུགས་ཀྱིས་འཁྲེགས་འཛིན་དེ་མེད་ན་ལེགས་སོ། །
(4)ལས་ཚིག་དང་དུས་གསུམ་གྱི་སྤྱོད་སྟངས་རང་ལ་ཁུངས་གཏད་སོ་མེད་ན《དག་ཡིག་གསར་བསྒྲིགས》དང《བོད་རྒྱ་ཚིག་མཛོད་ཆེན་མོ》ལ་བསྟུན་དགོས་པ་དང་གལ་ཏེ་རྩོམ་སྒྲིག་པ་རང་ལ་ཁུངས་རྣམ་དག་ཡོད་ན་དེ་བཞིན་སྤྱད་ཆོག་པ་དང༌། རྩོམ་པ་བོ་རང་ལ་དེ་བཞིན་ངེས་གཏན་གྱི་སྤྱོད་སྟངས་ཡོད་ན་དེ་ལ་བརྩི་བཀུར་བྱ་བ་ཤིན་ཏུ་གལ་ཆེ་སྙམ།   སྒེར་གཉེར་དུས་དེབ་མང་ཆེ་བ་ཞིག་ན་ལས་ཚིག་ལ་དོ་སྣང་ཅི་ཡང་མེད་པ་མཐོང༌། ལྷག་པར་བོད་ཀྱི་སྤྱི་སྐད་ཀྱི་ཚད་གཞི་ཡང་འདི་དག་ལ་བསྟུན་དགོས་པ་ལས། དེང་སང་ར་མ་ལུག་གི་སྐད་ཆ་དང་ལུང་སྐད་གྱོང་བོ་བཙན་གྱིས་ཚིག་མཛོད་དུ་བསྡེབས་བཞིན་པ་དག་ལ་མི་བསྟུན་པ་གལ་ཆེའོ། །ཨ་མདོས་ཨ་མདོའི་སྐད་ཀྱི་ཚིག་མཛོད་བཟོས་ནས་སྤྱི་སྐད་ཀྱི་ཚབ་ཏུ་སྤྱད། ཁམས་པ་དང་དབུས་གཙང་གིས་ཀྱང་དེ་བཞིན་སྤྱད་ན་དེ་ནི་བོད་སྐད་ལ་སྲུང་སྐྱོབ་བྱས་པ་མ་ཡིན་པར་གཏོར་བརླག་བྱས་པ་ཡིན་ནོ། །
2 ཀློག་པ་བོ་དང་འབྲེལ་འདྲིས་བྱེད་པ། རྩོམ་སྒྲིག་པ་ཞིག་ཡིན་ན་ཀློག་པ་བོར་འབྲེལ་འདྲིས་བྱེད་པ་ནི་ཆེས་གལ་ཆེ་བ་ཡིན་ཏེ་ཀློག་པ་བོ་མེད་པའི་དུས་དེབ་ནི་འཁོར་འབངས་མེད་པའི་རྒྱལ་བོ་དང་འདྲ་བར་ཕུགས་བརྟན་པའི་དུས་དེབ་ཅིག་གཏན་ནས་མ་ཡིན།
(1)དེ་བས་རྩོམ་སྒྲིག་པ་ཞིག་ཡིན་ན་ངེས་པར་དུ་ཀློག་པ་བོ་དང་འབྲེལ་འདྲིས་བྱ་དགོས་ཏེ་ཀློག་པ་བོའི་དགའ་མོས་དང༌། ཀློག་པ་བོའི་སེམས་ཁམས། ཀློག་པ་བོར་བཤད་དགོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་གང་མང་ཞིག་ཤེས་དགོས་ན་དེ་ཤེས་ན་རྩོམ་སྒྲིག་གི་ནུས་པ་ཆེན་པོ་གདོན་ཐུབ་ལ། དུས་དེབ་དེས་ཀྱང་བོད་མི་རིགས་ལ་ཕན་ཐོགས་ངེས་ཅན་ཞིག་འབྱུང་ཐུབ་པ་རེད། དུས་དེབ་ནི་ཀློག་པ་བོའི་ཆེད་དུ་བཏོན་པ་ཡིན་པས་ཀློག་པ་བོར་དོ་སྣང་ཅི་ཡང་མེད་པའི་དུས་དེབ་ནི་དུས་དེབ་བཟང་བོ་ཞིག་གཏན་ནས་ཡིན་མི་སྲིད།
(2) སྤྱི་ཚོགས་སྟེང་གི་གནད་དོན་གང་ཞིག་འབྱུང་ནས་ཐག་གཅོད་དགོས་ན་དུས་དེབ་དེའི་ཕྱོགས་སུ་ཁ་གཏད་དགོས་པས་ཀློག་པ་བོར་ཞིབ་འཇུག་བྱེད་པ་ནི་ཀློག་པ་བོའི་དགའ་ཕྱོགས་ལ་བསྟུན་པའི་ཆེད་མ་ཡིན་པར་ཀློག་པ་བོའི་གནད་དོན་སྐོར་ཞིག་ཐག་གཅོད་པའི་ཆེད་དུ་རེད། སྤྱི་ཚོགས་གནད་དོན་ཐག་གཅོད་མི་ཐུབ་པའི་དུས་དེབ་ཅིག་ཡིན་ན་དེ་ལ་ནུས་པ་ཆེན་པོ་ཞིག་འབྱུང་མི་ཐུབ། འོན་ཀྱང་རྐྱེན་གང་མང་ཞིག་གིས་སྤྱི་ཚོགས་ཀྱི་གནད་དོན་གང་མང་ཞིག་གླེང་བའི་ཆ་རྐྱེན་དང་ཐག་གཅོད་པའི་ཆ་རྐྱེན་ཡང་མེད་མོད། རྒྱུན་ལྡན་གྱི་བྱ་བའི་ཁྲོད་ནས་ཀློག་པ་བོ་དག་ལོག་ལམ་དུ་འགྲོ་བ་འགོག་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་རེད།
3 ང་ཚོ་ལ་རྩོམ་སྒྲིག་རིག་གནས་སློབ་སྦྱོང་བྱ་དགོས་པ། རྩོམ་སྒྲིག་རིག་གནས་ང་ཚོ་ལ་གཏན་ནས་མེད་པ་ཞིག་མིན་མོད། རྐྱེན་གང་མང་ཞིག་གི་དབང་གིས་དཔེ་ཐོག་ཏུ་བཀོད་ནས་ད་ལྟའི་རྩོམ་སྒྲིག་པ་རྣམས་ལ་སློབ་སྦྱོང་བྱེད་ཆོག་ཆོག་ཅིག་ཏུ་བཟོས་མེད། དེ་བས་ང་ཚོས་སྔོན་གྱི་རྩོམ་སྒྲིག་རིག་གནས་ལ་ཆེད་དུ་སློབ་སྦྱོང་བྱེད་དགོས་པ་མ་ཟད། གསར་དུ་དར་བའི་རྩོམ་སྒྲིག་རིག་གནས་དག་ལ་ཡང་སློབ་སྦྱོང་བཟང་བོ་བྱས་ནས་གཅིག་ནས་བོད་ལ་རྩོམ་སྒྲིག་རིག་གནས་བཟང་བོ་ཞིག་འབྱུང་བར་བརྩོན་པ་བྱ་དགོས་ལ། གཉིས་སུ་ང་ཚོའི་ད་ལྟའི་རྩོམ་སྒྲིག་གི་སྤུས་ཚད་ཇེ་བཟང་ལ་གཏོང་དགོས། ལག་ལེན་དངོས་ཀྱི་སྟེང་ནས་བརྡར་ཤ་ཆོད་པ་ཞིག་བྱ་བར་བརྩོན་དགོས། ང་ཚོས་ནམ་ཡང་གཞན་པའི་སྔོན་ཐོན་གྱི་ཚུལ་ལ་མ་བལྟས་ན་རང་གི་གནས་སྟངས་མི་ཤེས་ལ། རང་ཉིད་ཚད་གང་ཞིག་ན་ཡོད་པ་དེ་བས་ཀྱང་མི་ཤེས།
ང་ཚོ་སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་མང་ཆེ་བར་རྩོམ་སྒྲིག་རིག་པར་ཆ་རྒྱུས་ཅི་ཡང་མེད་པར་དུས་དེབ་རྩོམ་སྒྲིག་བྱེད་ཀྱིན་ཡོད་པས་དེས་རང་གི་རྩོམ་སྒྲིག་བྱེད་པའི་དུས་དེབ་ཀྱི་རྒྱུ་སྤུས་ལེགས་པོ་ཞིག་འབྱུང་བར་གནོད་པ་སྐྱེལ་བ་རེད། དེ་བས་སྒེར་གཉེར་དུས་དེབ་གཉེར་མཁན་དག་གིས་རང་གི་དུས་དེབ་འདི་ཉིད་ཀྱི་སྒྲིག་སྟངས་ཕུན་སུམ་ཚོགས་པ་ཞིག་འབྱུང་བའི་ཆེད་དུ་མི་རིགས་གཞན་པའི་དུས་དེབ་སྒྲིག་སྟངས་ལ་ཟུར་ལྟ་དང་སློབ་སྦྱོང་བྱ་དགོས་ལ། མི་རིགས་གཞན་པའི་རྩོམ་སྒྲིག་རིག་གནས་ལ་སློབ་སྦྱོང་དང་བརྩོན་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད།
4 འདྲ་པར་རི་མོ་བཀོད་སྒྲིག་བྱེད་སྟངས། རང་རེའི་སྒེར་གཉེར་དུས་དེབ་དག་གིས་འདྲ་པར་བཀོད་སྒྲིག་དང་བར་རིས་སོགས་ཀྱང་འབྲི་ཤེས་མི་ཤེས་སྣ་ཚོགས་ཀྱིས་འབྲི་བཞིན་ཡོད་དེ་དེ་ལྟར་བྲིས་པ་ལ་བརྟེན་ནས་སྒེར་གཉེར་དུས་དེབ་མང་བོ་ཞིག་གི་མཛེས་རིས་ནི་ཆེས་དགོད་བྲོ་བ་ཞིག་ཏུ་འབྱུང་བཞིན་ཡོད་དེ། དེ་བས་སྒེར་གཉེར་དུས་དེབ་རྩོམ་སྒྲིག་པ་དག་གིས་ངེས་པར་རི་མོ་དང་འདྲ་པར་གྱི་སྒྱུ་རྩལ་རྒྱུན་ཤེས་རེ་ལ་སྦྱོང་བ་དང༌། ལྷག་པར་བར་རིས་འབྲི་སྟངས་ཀྱི་དཔེ་ཆ་དག་ལ་ཞིབ་མོས་བལྟས་ཏེ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་འབྱུང་ཐུབ་པ་ནི་ཤིན་ཏུ་གལ་ཆེ། དེ་བས་བདག་གི་བསམ་པར་སྒེར་གཉེར་དུས་དེབ་རྩོམ་སྒྲིག་པ་ཚོས་མཛེས་རིས་ཀྱི་ཆེད་ཞུ་རྩོམ་སྒྲིག་པ་ཞིག་གདན་འདྲེན་བྱེད་པ་ནི་ཤིན་ཏུ་གལ་ཆེའོ་སྙམ། ལྷག་པར་བར་རིས་ལས་དང་བོ་བ་དག་གིས་བྲིས་པས་ཞན་ཆ་ཤིན་ཏུ་ཆེ། དེ་དག་གསོ་སྐྱོང་བྱ་དགོས་མོད་ལག་ལ་གང་ཐོན་དུ་བཀོད་པ་མི་ལེགས། རབ་ཡིན་ན་བར་རིས་སྦྱོང་དེབ་ཀྱི་དཔེ་ཆར་བལྟས་ནས་མི་རིགས་གཞན་པའི་བར་རིས་འབྲི་སྟངས་ལ་སློབ་སྦྱོང་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་འབྱུང་ཐུབ་ན་ཤིན་ཏུ་ལེགས།
5 འགྲེམ་སྤེལ་གྱི་ཐད་ནས་མཉམ་འབྲེལ་བྱེད་པ། སྒེར་གཉེར་དུས་དེབ་འགྲེམ་སྤེལ་ཐད་ནས་མི་འདང་བའི་ཚུལ་ལ་དམིགས་ནས་ང་ཚོ་སྒེར་གཉེར་དུས་དེབ་རྩོམ་སྒྲིག་པ་ཚོ་མཉམ་འབྲེལ་གྱིས་འགྲེམ་སྤེལ་ལས་ལ་ཞུགས་ན་ཤིན་ཏུ་ལེགས། དེ་ལྟར་བྱས་ན་བོད་ཡོངས་ལ་ཁྱབ་སྤེལ་བྱེད་ཐུབ་པས་སྒེར་གཉེར་དུས་དེབ་ཀྱིས་བོད་ལ་ནུས་པ་ཆེན་པོ་ཞིག་འཐོབ་ཐུབ་པ་ཡིན། འདིའི་ཐད་ནས《བླ་སྲོག》གིས་བསྒྲུབས་པ་བཟང་སྟེ་ཁོ་ཚོས་བོད་ཀྱི་ས་གནས་སོ་སོར་འགྲེམ་སྤེལ་བྱེད་པའི་མི་སྣ་བསྐོས་འདུག་པ་དེས་ཕྱོགས་མང་བོ་ནས་དུས་དེབ་དེའི་རིགས་ལ་བལྟ་ཐུབ་པ་རེད།
6 ནང་དོན་གྱི་ཆ་ནས་སྣ་མང་ཡིན་ན་རྩོམ་ལུས་དབྱེ་སྟངས་ལ་ནོར་འཁྲུལ་འབྱུང་དུ་འཇུག་མི་རུང་སྟེ་ད་ལྟའི་སྒེར་གཉེར་དུས་དེབ་དག་ལས་སྙན་ངག་ལྷུག་རྩོམ་གྱི་གྲས་སུ་བཀོད་པ་དང༌། ལྷུག་རྩོམ་དཔྱད་རྩོམ་དང་སྒྲུང་གཏམ་གྱི་གྲས་སུ་བཀོད་པའང་མཐོང་བས་རྩོམ་སྒྲིག་པར་རྩོམ་གཞུང་གི་ཐད་ནས་སློབ་སྦྱོང་ལེགས་པོ་བྱས་ཏེ་རྩོམ་ལུས་ཀྱི་སྟེང་ནས་ནོར་འཁྲུལ་འབྱུང་དུ་མི་འཇུག་པ་གལ་ཆེ། མཁས་པ་དང་དགོན་སྡེ་ལོ་རྒྱུས་འབྲི་དུས་ངེས་པར་ལོ་ཚིགས་གཏན་ལ་དབབ་དགོས་ཤིང༌། དེ་བཞིན་མཁས་པ་དེའི་གསུང་རྩོམ་གྱི་དཀར་ཆག་ངེས་པར་འགོད་དགོས་ལ་དགོན་པ་ཞིག་ཡིན་ན་ལོ་རྒྱུས་མ་ཟད་ཆོ་ག་ཕྱག་ལེན་དང་ལྷ་སྡེ་ཁྱབ་ཁོངས། དེ་ནས་བྱུང་བའི་མཁས་པ། དེ་དག་གི་གསུང་རྩོམ་དཀར་ཆག་བཅས་འགོད་དགོས་པ་ལས་ཚིག་རྒྱན་དང་ཆེ་བརྗོད་ཀྱི་ཚིག་ཉོག་ཏུ་བསྐུར་མི་རུང༌།
7 མི་སྒེར་དང་མཐུན་སྒྲིལ་ལ་གནོད་པའི་རྩོམ་ཡིག་མི་འགོད་པ་དང༌། ཡང་ན་དགོས་པ་ཅི་ཡང་མེད་པའི་མི་སྒེར་ལ་སུན་འབྱིན་བྱེད་པ་ནི་མཐའ་གཅིག་ཏུ་དགག་བྱ་ཡིན། དེང་སང་ན་གཞོན་མང་བོ་ཞིག་གིས་སྨྲ་བརྗོད་རང་དབང་དང༌། མི་ཡི་རང་དབང་ལ་བརྩོན་ལེན་བྱེད་པ་ནི་ཆེས་ལེགས་པོ་ཞིག་ཡིན་ལ། དེ་ནི་ངེས་པར་དགོས་པ་ཞིག་ཡིན། ཡིན་ན་ཡང༌། རང་དབང་ཞེས་པའི་གོ་བ་གསལ་བོ་ཞིག་ཆགས་མེད་པ་ཤིན་ཏུ་མང་སྟེ། གཞན་ལ་དམོད་པ་དང་མཚང་འབྱིན་པ། གཞན་གྱི་གསང་བ་སྒྲོག་པ་ཡང་སྨྲ་བརྗོད་རང་དབང་དུ་བསམ་པ་ཡོད་མོད། དེ་ནི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་དུ་བཏང་བ་ཞིག་དང་སྨྲ་བརྗོད་རང་དབང་དང་གཏན་ནས་འགལ་བ་ཞིག་ཡིན། དེ་བས་རང་དབང་ཞེས་པ་ཡང་ཡོད་ཚད་ལ་རང་དབང་མ་ཡིན་པར་ཚད་ཡོད་པ་ཞིག་ཡིན་ལ། ཚད་ངེས་ཅན་ཞིག་གི་འོག་ནས་ད་དུང་སྨྲ་བརྗོད་རང་དབང་དགོས་པ་ལས། ཡོད་ཚད་ལ་རང་དབང་ཡོད་པ་ཡིན་ན་དེ་ནི་གཞན་གྱི་རང་དབང་འཕྲོག་པའི་བྱ་སྤྱོད་ཉག་གཅིག་ཏུ་འགྱུར་འགྲོ།
        སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་རེ་གཉིས་ལ་སྨྲ་བརྗོད་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་དུ་བསམ་ནས་དེ་དག་བརྩི་མེད་དུ་བཏང་ནས་མི་སྒེར་གྱི་གསང་བ་ལྷང་ལ་འབུད་པ་དང༌། མཚང་འབྱིན་སོགས་མཐུན་སྒྲིལ་ལ་གནོད་ཅིང་སྤྱི་ཚོགས་ལ་གནོད་པའི་རྩོམ་ཡིག་སྤེལ་བཞིན་པ་མཐོང༌། ཁོ་ཚོས་དེ་ལ་དམར་བཤུས་ཟེར་མོད། དེ་ནི་ཁྲིམས་ཀྱི་འདུ་ཤེས་དམན་པའི་སྤྱོད་པ་ཞིག་ཡིན་པས་སྒེར་གཉེར་དུས་དེབ་དག་གིས་ངོས་ཟིན་པར་བྱས་ཏེ་དེ་དག་ལ་འཛེམ་པ་ནི་ཤིན་ཏུ་གལ་ཆེའོ། །
8ནང་བསྟན་གྱི་དུས་དེབ་ཡིན་ན་ནང་བའི་ལྟ་སྒོམ་སྤྱོད་གསུམ་དམིགས་སུ་འཛིན་པ་དང༌། གནའ་བཟང་དེང་སྤྱོད་ཀྱིས་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དམིགས་ཡུལ་དུ་འཛིན་དགོས། ད་ལྟའི་ནང་བསྟན་གྱི་དུས་དེབ་དག་ལ་བལྟས་ན་ཐུགས་མཉམ་འཇོག་དགོས་པའི་གནད་དོན་འགའ་ཡོད་དེ(1)ནང་བསྟན་གྱི་མིག་སྔའི་སྒྲིག་གཞི་དང༌། སློབ་གསོ་ཐད་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ལ་བགྲོ་གླེང་བྱ་དགོས། (2)ནང་བསྟན་དང་མི་མཐུན་པའི་གྲྭ་བའི་སྤྱོད་པ་སྣ་ཚོགས་དང་ནང་བསྟན་ལ་ཁ་གཡར་བའི་ལྟ་གྲུབ་སྣ་ཚོགས་ལ་དགག་པ་གཏོང་དགོས།(3)གྲུབ་མཐའི་མཐུན་སྒྲིལ་ལ་གནོད་པའི་སྐད་ཆ་དང༌། ལྷག་པར་གྲྭ་བ་ལྟ་ལོག་པའི་མ་ཤེས་ཤེས་ཁུལ་གྱིས་ནང་བསྟན་གྱི་ལྟ་སྤྱོད་འགོག་པའི་རིགས་དེ་སྤེལ་མི་རུང་ལ། ལ་ལས་གཏམ་བརྗོད་རང་དབང་བསམ་ནས་སྤེལ་བཞིན་ཡོད་མོད། ནང་བསྟན་དུས་དེབ་ལ་དེ་དག་སྤེལ་བ་ནི་གཏམ་བརྗོད་རང་དབང་ལ་གོ་བ་མ་ལོན་པ་ཙམ་དུ་ཟད་དེ། དེ་རིགས་སྤེལ་བ་ནི་ནང་བསྟན་དུས་དེབ་འདོན་པའི་དམིགས་ཡུལ་དང་ཡོངས་སུ་འགལ་ཡོད་ལ། དཔེར་ན་རྗེ་སྐུ་འབུམ་གྱི་དུས་དེབ་ཅིག་ཏུ་རྗེ་ཙོང་ཁ་བ་ཆེན་པོ་ལ་ཁ་གཏོང་བའི་རྩོམ་ཡིག་ཀྱང་སྤེལ་བཞིན་ཡོད་པ་ནི་རྗེ་ཙོང་ཁ་བའི་ཕ་ཡུལ་ནས་བཏོན་པའི་དུས་དེབ་ཅིག་ལ་མཚོན་ན་ཁ་སྐྱེངས་དགོས་པ་ཞིག་རེད། (4)གཞན་ཡང་དགོན་སྡེ་དུས་དེབ་དག་གིས་ངེས་པར་ཐུགས་མཉམ་འཇོག་དགོས་པའི་གནད་དོན་གལ་ཆེ་བ་ཞིག་ནི་རྩོམ་པ་བོའི་མིང་འབྲི་ཚེ་དགེ་བཤེས་ག་གེ་མོ་དང༌། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཆེ་གེ་མོ། ལུང་རིགས་སྨྲ་བ་ག་གེ་མོ། ལྷ་རམས་པ་ཆེ་གེ་མོ། མཁས་པ་ཆེན་མོ་ག་གེ་མོ་སོགས་མང་དུ་འབྲི་བ་དེ་རེད། དེ་ལྟར་འབྲི་བ་ནི་རྩོམ་སྒྲིག་པའི་དད་མོས་ཙམ་དུ་ཟད་ཀྱི་དགོས་པ་གཞན་མ་མཐོང་ལ། དེ་དག་གི་རྩོམ་ཡིག་ལ་བལྟས་ན་རྩོམ་ཡིག་གིས་མིང་ཆེན་པོ་དེ་དག་ལ་ཞབས་འདྲེན་ཞུ་བཞིན་ཡོད། དུས་དེབ་ནི་ཐུན་མོང་གི་ཆེད་དུ་ཡིན་པས་མི་སྒེར་གྱི་བརྩེ་དུང་གཏན་ནས་བསྲེས་མི་ཆོག་པས་དེ་ནི་རྩོམ་སྒྲིག་པ་དང་དུས་དེབ་བར་གྱི་འབྲེལ་བ་མ་ཤེས་པ་ཙམ་དུ་ཟད། དེའི་ཕྱོགས་ནས་གཞུང་གཉེར་དུས་དེབ་ལ་མ་དཔེ་བལྟ་བ་གལ་ཆེ་སྟེ། དེ་དག་ལས་ཚེ་ཏན་ཞབས་དྲུང་དང༌། དམུ་དགེ་བསམ་གཏན། དུང་དཀར་བློ་བཟང་འཕྲིན་ལས་སོགས་དངོས་མིང་འབྲི་བ་ལས་ཆེ་བརྗོད་གཏན་ནས་བྲིས་མེད་ཅིང༌།  དེང་རབས་ཀྱི་ཤེས་ཡོན་གྱི་མིང་ཐོབ་ཡོད་པ་དག་ཀྱང་དངོས་མིང་དེ་འབྲི་བ་ལས་ཤེས་ཡོན་གྱི་གོ་མིང་དེ་དག་སྦྱར་ནས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་གང་ན་ཡང་མེད་པས་རྩོམ་སྒྲིག་པས་རང་གི་དད་མོས་གཙོ་བོར་བཟུང་ནས་ཆེ་བརྗོད་ཀྱི་མིང་བཀོལ་བ་དེས་རང་ཉིད་དུས་དེབ་ཀྱི་རྩོམ་སྒྲིག་པ་ཚད་ལྡན་ཞིག་མིན་པ་དེ་གསལ་བོར་བྱས་པ་རེད།
9ལོ་རྒྱུས་ཀྱི་དུས་དེབ་བམ་དུས་དེབ་ཀྱི་ལོ་རྒྱུས་ཀྱི་ལེ་ཚན་དུ་ངེས་པར་དོ་སྣང་བྱ་དགོས་པ་འགའ་ཡོད་དེ།(1)དཔེར་ན་དགོན་སྡེ་ལོ་རྒྱུས་འབྲི་དུས་དགོན་པ་ཡོད་པའི་གནས་དང༌། འདེབས་མཁན། བཏབ་པའི་ལོ་ཚིགས། དར་རྒུད། ལམ་ལུགས་དང་སྒྲིག་ལམ། ཕྱག་ལེན་ཆོ་ག དཔལ་འབྱོར་ཐོན་ཁུངས། ལྷ་སྡེ་མངའ་རིས། རིག་དངོས་རྩ་ཆེན། དེ་ནས་ཐོན་པའི་མཁས་པ་སོགས་འབྲི་དགོས། ད་ལྟའི་དགོན་སྡེའི་ལོ་རྒྱུས་མང་བོ་རུ་བཏབ་པའི་ལོ་ཚིགས་ཀྱང་བྲིས་མི་འདུག(2)མི་སྣའི་ལོ་རྒྱུས་འབྲི་དུས་འཁྲུངས་ཡུལ་དང་ལོ་ཚིགས། མཛད་རྗེས་གཙོ་གྲས། སློབ་མའི་གཙོ་བོ། གསུང་འབུམ་གྱི་དཀར་ཆག་སོགས་ངེས་པར་འབྲི་དགོས།(3)ལྷ་རྟེན་ཆོས་གསུམ་གྱི་ལོ་རྒྱུས་འབྲི་དུས་སྦྱིན་བདག་དང་འགྲོ་སོང༌། བཞེངས་མཁན་སོགས་འབྲེལ་ཡོད་དག་ཀྱང་འབྲི་དགོས།(4)སྤྱིར་ལོ་རྒྱུས་གང་ཞིག་འབྲི་དུས་ཀྱང་བྱེ་བྲག་གི་འབྲི་བྱ་དེ་དམིགས་ཀྱིས་འབྲི་བ་ལས་སྤྱིར་བཏང་གི་བོད་ཀྱི་ལོ་རྒྱུས་ལྟ་བུ་བྲིས་ན་ཚིག་ཉོག་ཏུ་འགྲོ་བའི་རྒྱུ་ལས་མ་འདས།(5)དགོན་པའམ་མི་སྣའི་ལོ་རྒྱུས་གང་ཞིག་འབྲི་རུང་གཞན་ལ་བཅར་འདྲི་དང་ངག་རྒྱུན་བསྡུ་བསོག་བྱེད་པ་ལས་གཞན་གྱི་བྲིས་པ་དེ་བུ་ཡིག་ཏུ་བཅད་ནས་ཚིག་བསྒྱུར་བ་དེ་གཏན་ནས་མི་ལེགས།(6)ལོ་རྒྱུས་གང་ཞིག་འབྲི་རུང་སྔོན་གྱི་རྒྱུ་ཆ་གཞིར་བཟུང་ནས་དེའི་སྐྱོན་ཆ་བསལ་ནས་དཔྱད་ཡིག་འཚོལ་སྡུད་ཀྱིས་ཁ་སྣོན་བརྒྱབས་ནས་འབྲི་དགོས་པ་ནི་རྒྱུན་ཤེས་ཤིག་ཡིན། (7)ལོ་རྒྱུས་རང་གི་བསམ་ ཚོད་ལྟར་འབྲི་མི་རུང་བ། དེང་རབས་ཀྱི་དུས་དེབ་མང་བོ་ཞིག་ཏུ་ལོ་རྒྱུས་འབྲི་དུས་ཁུངས་འཛིན་ས་ཅི་ཡང་མེད་པར་རང་གིས་བློ་ཚོད་དང་བསྟུན་ནས་ཐག་གཅོད་པ་ཤིན་ཏུ་མང་སྟེ་དེ་ནི་ལོ་རྒྱུས་རིག་པར་བློ་སྦྱོང་དམན་པའི་རྟགས་གསལ་བོ་ཞིག་ལས་ལོ་རྒྱུས་གཏན་ནས་འབྲི་མི་ཤེས་པའི་རང་མཚང་ལྷང་ལ་བུད་པ་རེད། འདི་ནི་དེང་གི་ཞིབ་འཇུག་པ་ལྷག་པར་མང་བས་རྩོམ་སྒྲིག་པས་ཀྱང་ཁུངས་ལ་འདེད་ཅི་ཐུབ་བྱས་ན་ལྷག་པར་བཟང་བར་འདོད།
10 སྒེར་གཉེར་དུས་དེབ་ཀྱི་དཔྱད་རྩོམ་མང་བོ་ལ་དཔྱད་མེད་པ། སྒེར་གཉེར་དུས་དེབ་མང་ཆེ་བས་དཔྱད་རྩོམ་ལ་དཔྱད་པ་ཅི་ཡང་མེད་པར་རང་གི་འདོད་ཚུལ་ཙམ་བརྗོད་པ་ཙམ་རེད། དེ་ནི་དཔྱད་བརྗོད་ལ་ངོས་ཅི་ཡང་ཟིན་མེད་པའི་རྟགས་ཤིག་སྟེ་ངེས་པར་དཔྱད་དགོས་ལ། ཡང་ལ་ལས་དཔྱད་བརྗོད་ཅེས་པ་ནི་གཞན་ལ་ངོ་རྒོལ་བྱེད་སྤྱད་ཅིག་ཏུ་ངོས་བཟུང་ནས་གཞན་ལ་དམོད་ཅིང་འཕྱ་བ་བཅས་དམིགས་སུ་འཛིན་ལ། ལ་ལས་དཔྱད་བརྗོད་ནི་ཆོས་ལུགས་དང་མི་རིགས་ཀྱི་རིག་གནས། སྐྱེས་བུ་ཆེན་པོ་དག་ལ་ངོ་རྒོལ་བྱེད་སྤྱད་ཅིག་ཏུ་བཟུང་ནས་དེ་ལ་དགག་སྒྲུབ་ཀྱི་སྙིང་སྟོབས་ཟེར་མོད། དེ་དག་ཀུན་ཀྱང་དཔྱད་བརྗོད་ལ་ངོས་ཟིན་པ་ཞིག་ཏུ་མི་བསམ། དཔྱད་མེད་པར་རྒོལ་བའི་སྙིང་སྟོབས་དེ་ལ་མིང་ཞིག་འདོགས་དགོས་ན་དེ་ནི་བླུན་པོའི་སྙིང་སྟོབས་ཟེར་བ་ལས་དཔྱད་བརྗོད་ཀྱི་སྙིང་སྟོབས་མིན། གལ་ཏེ་དཔྱད་བརྗོད་ཀྱི་སྙིང་སྟོབས་ཤིག་དགོས་ན་དེ་ནི་གཟུ་བོ་ཞེས་པའི་ཚད་འདི་ལས་བལྟ་དགོས་པ་རེད།
        ལྷག་པར་དཔྱད་བརྗོད་ཡིན་ན་དཔྱད་པ་གཙོ་བོ་ཡིན་ལ་དཔྱད་གཞིའི་ཁུངས་དང་རིགས་པ་རྣམ་དག་དགོས་པ་ལས་གང་མཁོ་དེ་ལེན་དང་རང་འཁྲུལ་གཞན་རྨོངས་ཀྱི་བྱེད་ཐབས་གཏན་ནས་སྤྱོད་མི་རུང༌། ལྷག་པར་རང་གི་འདོད་བློའི་རྗེས་སུ་འབྲངས་ནས་སྒྲུབ་བྱེད་གཏན་ནས་འཚོལ་མི་རུང༌། དེ་ལྟར་བྱས་ན་དཔྱད་བརྗོད་ནི་ཕྱོགས་ལྷུང་ཞིག་དང་ཉི་ཚེ་བ་ཞིག་ལས་མ་འདས། དེ་ལྟར་དཔྱོད་པ་དེ་རང་གི་ཕྱོགས་ལྷུང་གི་རྗེས་སུ་འབྲང་མི་རུང༌། ཕྱོགས་ལྷུང་གི་རྗེས་སུ་འབྲང་བའི་དཔྱད་བརྗོད་པ་དེ་རིགས་ཆབ་སྲིད་ཀྱི་དབང་དུ་སོང་བའི་རིག་གཞུང་ཞིབ་འཇུག་པ་ནང་བཞིན་ནམ་ཞིག་ལོ་རྒྱུས་ཀྱི་ཉེས་ཅན་དང༌། བདེན་དོན་གྱི་ཉེས་ཅན་དུ་འགྱུར་སྲིད། དཔྱད་བརྗོད་ཡིན་ན་རང་གི་དཔྱད་པ་དེར་ཁུངས་གསལ་བོ་ཞིག་སྟོན་ཕྱིར། ལུང་ངམ་སྐད་ཆ་དེའི་ཁུངས་དང༌། དེའི་རྩོམ་པ་བོ། དཔར་སྐྲུན་ཁང༌། ནམ་ལོའི་པར་གཞི། ཤོག་གྲངས་བཅས་གསལ་བོར་འོག་མཆན་ནམ་མཇུག་མཆན་དུ་འགོད་དགོས། སྒེར་གཉེར་དུས་དེབ་ཀྱིས་འདིའི་རིགས་ལ་དོ་སྣང་བྱས་པ་གཏན་ནས་མི་འདང༌། དཔྱད་རྩོམ་མང་བོ་ཞིག་ལ་དཔྱད་རྩོམ་གྱི་ཁྱད་ཆོས་ཅི་ཡང་མེད་པར་ཆེད་བརྗོད་ཙམ་གྱི་ས་རུ་གནས་པ་མཐོང་བས་ཀུན་ནས་གཟབ་དགོས།
11 སྒེར་གཉེར་དུས་དེབ་ལ་རང་རང་གི་ཁྱད་ཆོས་ལྡན་དགོས་པ། དེང་རབས་ཀྱི་སྒེར་གཉེར་དུས་དེབ་མང་བོ་ཞིག་ལ་རང་རང་གི་ཁྱད་ཆོས་ཡོད་མོད། མང་བོ་ཞིག་ནི་སྔར་བཞིན་སྣ་འཛོམས་ཡིན། ཡིན་ན་ཡང་བདག་ཅག་ལ་སྣ་འཛོམས་མི་དགོས་པ་གཏན་ནས་མིན་ཀྱང༌། སྣ་འཛོམས་མང་དྲགས་ན་ཡང་མི་ལེགས་པས་བོད་ལ་གང་མཁོའི་ཆེད་དུ་དམིགས་ན་ཤིན་ཏུ་བཟང༌། དཔེར་ན་སྒེར་གཉེར་དུས་དེབ་མང་མོད། ད་དུང་འཚོ་བའི་ཕྱོགས་དང༌། ཡང་ན་སློབ་མའི་འཚོ་བ། ཡང་ན་སྤྱི་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་ དོན་བྱེ་བྲག་ཏུ་དམིགས་ནས་གླེང་བའི་དུས་དེབ་ཤིན་ཏུ་ཉུང་བས་གསོ་སྐྱོང་དམིགས་སུ་འཛིན་བཞིན་མེད་པ་དག་གིས་ཆེད་དུ་བྱེ་བྲག་པ་ཞིག་ལ་དམིགས་ནས་བཏོན་ན་ཤིན་ཏུ་ལེགས་སྙམ། ལྷག་པར་བོད་ལ་མཁོ་བ་ནི་གནའ་ཤུལ་ཞིབ་འཇུག་དང་མ་བུ་བདེ་སྲུང༌། ཁྱིམ་ཚང་འཕྲོད་བསྟེན། འགོས་ནད་སྔོན་འགོག ཟས་གོས་སྤྱོད་ལམ། སུམ་རྟགས་དག་གསུམ། ལྗོངས་རྒྱུ་ལྟ་སྐོར། བརྡ་ཆད་གཏན་འབེབ། ཡ་རབས་མི་ཆོས། དཔལ་འབྱོར་གླེང་བརྗོད། གཏམ་བཤད། ལོ་རྒྱུས། གནས་ཚུལ་རྩད་གཅོད། ཉམ་ཆུང་རོགས་སྐྱོར། སྐྱོན་མཚང་སུན་འབྱིན་སོགས་སྤྱི་ཚོགས་ཀྱི་གནད་དོན་དུས་ལྟར་ཤེས་ཐུབ་པ་དང༌། དུས་ལྟར་གདོན་ཐུབ་པ། དུས་ལྟར་ཐག་གཅད་ཐུབ་པའི་ཐབས་ལམ་སོགས་ཤིན་ཏུ་མཁོ་བས་ན་གསར་དུ་དུས་དེབ་གཉེར་མཁན་དག་གིས་བསྐྱར་བཟླས་ཀྱི་ལས་ལ་མི་འཇུག་པར་དེ་དག་གི་ཕྱོགས་ལ་འབད་ནས་བྱེ་བྲག་གི་ནུས་པ་བཏོན་ན་ཤིན་ཏུ་ལེགས་སྙམ། ད་ལྟ་སྒེར་གཉེར་དུས་དེབ་མང་བོ་ཞིག་ལ་འདང་གིན་མེད་པ་ནི་རང་ཚུགས་རེད། རང་ཚུགས་ཞེས་པ་ནི་དཔར་གཞི་དང༌། རྩོམ་ཡིག  ཁ་ཕྱོགས་བཅས་ཕྱོགས་གང་ཐད་ལ་འབྲེལ་བ་ཡོད། དཔེར་ན་ནང་བསྟན་དུས་དེབ་ཀྱི་ནང་བསྟན་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་སྤེལ་བ་དང༌། རིག་གནས་དར་སྤེལ་དམིགས་སུ་བཟུང་བའི་དུས་དེབ་ཀྱི་རིག་གནས་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་སྤེལ་བ་སོགས་ལྟ་བུ་ཡིན། སྔ་མ་ནི་དགོན་པའི་ནང་དུ་ཕྱི་རོལ་པ་བསྡད་པ་དང་འདྲ་ལ། ཕྱི་མ་ནི་སྲོག་སྐྱོབ་པའི་ཆེད་དུ་སྐེ་གཅོད་པ་དང་འདྲ། དེ་ལྟར་བརྗོད་བྱའི་ཆ་ནས་ར་མ་ལུག་དང༌། ཁ་ཕྱོགས་ཐད་ནས་གཟའ་རོ་མགོ་འཁོར། དཔར་གཞིའི་ཆ་ནས་འདྲ་བླངས་པ་ལྟ་བུ་གྱུར་པ་ནི་རང་ཚུགས་ཅི་ཡང་མེད་པར་ཆུ་སྣ་གར་ཁྲིད་དང་སྤྲང་བོའི་ཁུག་མ་ལྟ་བུར་འགྱུར་ཉེན་ཤིན་ཏུ་ཆེ།
ལྷག་པར་སྒེར་གཉེར་དུས་དེབ་རིགས་ལ་གལ་ཆེ་བ་ཞིག་ནི་སྒོར་མོ་ཁོ་ནའི་ངོ་ལ་རྒྱུགས་ནས་སྤྱི་ཚོགས་སྟེང་གི་རུལ་བ་སྐོར་ཞིག་མཚམས་སྦྱོར་མི་བྱེད་པ་དེ་ནི་ཤིན་ཏུ་གལ་ཆེ་སྟེ་ང་ཚོ་ནི་མི་རིགས་འདིའི་རིག་གནས་སྐྱོབ་མཁན་ཡིན་པས་དུས་དེབ་ལ་ཡང་རང་ཚུགས་ཤིག་ཅིས་ཀྱང་དགོས་པར་འདོད། གལ་ཏེ་དེ་ལ་ཅི་མི་སྙམ་པར་སྒོར་མོ་ཁོ་ནའི་ཆེད་དུ་ངོ་སྤྲོད་བྱས་ན་ང་ཚོ་སྒོར་མོ་ཁོ་ནའི་རྗེས་སུ་རྒྱུགས་པའི་ཁྱི་གུ་ལ་འགྱུར་ཉེན་ཆེ།
དྲུག་པ། སྒེར་གཉེར་དུས་དེབ་ཀྱི་མདུན་ལམ།
        སྒེར་གཉེར་དུས་དེབ་ཀྱི་མདུན་ལམ་ག་འདྲ་ཞིག་ཡིན་ཞེ་ན། ད་ལྟའི་བོད་ཀྱི་སྤྱི་ཚོགས་ལ་བལྟས་ན་སྒེར་གཉེར་དུས་དེབ་ལ་གཞུང་གཉེར་དུས་དེབ་ལས་ལྷག་པའི་རྩོམ་པ་བོའི་དཔུང་སྡེ་དང༌། གསོ་སྐྱོང་གི་ནུས་པ། ཀློག་པ་བོའི་ཁྱབ་རྒྱ་ཡོད་པས་སྒེར་གཉེར་དུས་དེབ་ཀྱི་མ་འོངས་པ་ནི་ཡིད་ཆེས་འཕེར་བ་ཞིག་ཡིན། ལྷག་པར་གཞུང་གཉེར་དུས་དེབ་ཀྱི་རང་ལྟ་མཆོག་འཛིན་གྱིས་གཞན་རྩོམ་དམར་གཤག་བྱེད་པའི་ངང་ཚུལ་དེ་ཞེན་པ་ལོག་པས་རྩོམ་པ་བོ་མིང་གྲགས་ཅན་དག་གིས་ཀྱང་གཞུང་གཉེར་དུས་དེབ་ལ་རྩོམ་མི་བསྐུར་བའམ། ཡང་ན་བསྐུར་བ་ཧ་ཅང་ཉུང་བས་རྩོམ་ཡིག་ལེགས་པོ་དག་རྒྱུན་ཏུ་སྒེར་གཉེར་དུས་དེབ་ལས་མཐོང་བ་ལས། གཞུང་གཉེར་དུས་དེབ་ལས་མཐོང་བ་དཀོན། འདི་ནི་གཞུང་གཉེར་དུས་དེབ་ལ་མཚོན་ན་ཉེན་ཁ་ཞིག་དང་ཁོ་ཚོའི་རྩོམ་སྒྲིག་གི་རིག་གནས་དེ་གོལ་སར་སོང་བ་གསལ་བོར་མཚོན་ལ། སྒེར་གཉེར་ལ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་རེད། ད་ལྟའི་གཞུང་གཉེར་དུས་དེབ་གྱི་རྩོམ་སྒྲིག་པ་གཟུ་བོར་གནས་པ་འགས་སྒེར་གཉེར་དུས་དེབ་ལས་རྩོམ་ཡིག་བརྒྱུད་འགོད་བྱེད་པའང་རྒྱུན་ཏུ་མཐོང༌། ཡིན་ན་ཡང༌། ད་ལྟའི་ཆབ་སྲིད་དང་ཁྲིམས་ལུགས་ལས་བལྟས་ན་མ་འོངས་པའི་སྒེར་གཉེར་དུས་དེབ་ཀྱི་མདུན་ལམ་ནི་དངོས་གནས་བརྗོད་དཀའ་བ་ཞིག་རེད། གཅིག་ནི་ད་ལྟའི་གནས་བབས་འདི་ལས་བལྟས་ན་སྒེར་གཉེར་དུས་དེབ་མང་ཆེ་བ“ཁྲིམས་འགལ་གྱི་དཔར་བསྐྲུན”ཡིན། གལ་ཏེ་ཁྲིམས་འགལ་མ་ཡིན་པའི་འགྲོ་རིམ་བརྒྱུད་དགོས་ཚེ་དུས་དེབ་དཔར་བ་ལས་བསྐྱུར་ན་བཟང༌། དེ་ནི་བདག་གི་སྤྱི་བསྡོམས་ཡིན་ཞིང་བདེན་མིན་ཡང་བདག་གིས་ཐག་བཅད་ཆོག
1གལ་ཏེ་འགྲོ་ལུགས་ལྟར་བརྒྱུད་ན་ཆོག་མཆན་དེ་ནི་ཕྱུག་པོ་ཚང་ལ་གསེར་སློང་བ་ལྟ་བུ་སྟེ་ཞུ་བ་མང་བོ་བརྒྱུད་དགོས། འབྲེལ་ཡོད་སྡེ་ཁག་གི་ནང་དུ་བོད་ཡིག་གི་ཤེས་ཡོན་ཅན་ཉུང་བ་དང་གཅིག ཞིབ་བཤེར་བྱ་མཁན་གྱིས་རང་ལ་ཆབ་སྲིད་ཀྱི་ཉེས་པ་ཞིག་འབྱུང་དོགས་ནས་དགོས་མི་དགོས་ཐམས་ཅད་བཙིར་བ་དང་ནང་དོན་དང་ཚིག་སྦྱོར་ལ་ཞུ་དག་འབོར་ཆེན་བྱ་དགོས་པ་དང་གཉིས། བོད་ཀྱི་རིག་གནས་དར་སྤེལ་དེ་ཆབ་སྲིད་ཀྱི་བྱ་བ་ཞིག་ཏུ་ངོས་བཟུང་ནས་ཆོག་མཆན་གྱི་ཡི་གེ་དེ་བྱེ་མའི་ནང་དུ་གསེར་རྐོ་བ་ལྟ་བུར་དཀའ་བ་དང་གསུམ་བཅས་ཀྱིས་སྔར་བཞིན་ཁྲིམས་འགལ་གྱི་དཔར་བསྐྲུན་གྱི་རིགས་སུ་མི་འགྱུར་ག་མེད་རེད།
2དུས་དེབ་ཀྱི་ཆོག་མཆན་ལོན་དཀའ་བ། ད་ལྟ་སྒེར་གཉེར་དུས་དེབ་ཅིག་ལ་ཆོག་མཆན་ལོན་པ་ནི་ཕྱུག་པོ་ཚང་ལ་རྡོ་རྗེ་ཕ་ལམ་སློང་བ་ལྟ་བུ་སྟེ་དེ་ནི་ཉིན་མོའི་རྨི་ལམ་གྱི་དཔེར་འགྲོ་བ་རེད། 《བོད་ཀྱི་སྐད་ཡིག་གི་བྱ་བ》དང《མཚོ་སྔོན་བོད་རིགས》ལྟ་བུས་ཀྱང་དུས་དེབ་ཚད་ལྡན་གྱི་ཡི་གེ་ཞིག་གཏན་ནས་ལོན་བཞིན་མེད་པ་དེས་སྒེར་གཉེར་ཚོས་དེ་ལྟར་རེ་བ་ནི་འཇའ་ཚོན་གོས་སུ་རེ་བ་ཞིག་ལས་མ་འདས།
3ཚོང་རར་ཞིབ་བཤེར་བྱེད་པ། དཔེ་རྟགས་མེད་པ་ལ་ཁ་གཡར་ནས་དཔེ་སྐྲུན་དང་འབྲེལ་ནས་ཚོང་རར་ཞིབ་བཤེར་བྱས་ནས་སྒེར་གཉེར་དུས་དེབ་རྒྱུན་དུ་གཞུང་བཞེས་བྱེད་པ་དེས་སྒེར་གཉེར་དུས་དེབ་ཀྱི་ཚོང་ལས་ཐད་ལ་འཇིགས་སྔངས་ཀྱིས་ཁྱབ་འདུག་པ་རེད།
4ནང་ཁུལ་གྱི་དཔར་དབང་བླངས་ནས་དུས་དེབ་ཀྱི་རྩོམ་ཡིག་སྐོར་ཞིག་འགོད་ཐབས་མེད་པ་དང༌། རྩོམ་ཡིག་མང་བོ་ཞིག་ལ་དྲས་གཏུབ་གཅོད་གསུམ་གྱི་གོ་རིམ་མང་བོ་བརྒྱུད་དགོས་པས་དཔར་དབང་ཙམ་གྱིས་ཀྱང་དུས་དེབ་ཀྱི་ནུས་པ་ལ་གནོད་པ་ཆེན་པོ་ཐེབས་ངེས་རེད། དེ་བས་སྤྱི་ཚོགས་འགྲོས་ལ་ལྟ་དགོས་ལ། སྤྱི་ཚོགས་གང་འདྲ་ཞིག་ཏུ་འགྲོ་བ་དེའི་ཤེས་ཡོན་གྱི་མགོ་ཁྲིད་དང༌། བློ་སྤོབས་ཅན་གྱི་མགོ་ཁྲིད་ལ་རག་པ་ཞིག་ལས་སུས་ཀྱང་ལུང་དུ་སྟོན་དཀའ་བ་སྨོས་མེད་རེད།
5གཞན་ཡང་སྒེར་གཉེར་དུས་དེབ་རེ་འགའ་ནི་རྟ་རྒོད་ཐུར་ལས་ཤོར་བ་ལྟར་རྩོམ་ཡིག་མི་སྒེར་ལ་དཔྱད་བརྗོད་དང་ཟུར་ཟའི་རྩོམ་བཀོད་དེ། ཉོག་དྲ་ཐོན་ནས་འདོན་མཚམས་མི་འདོད་བཞིན་དུ་འཇོག་དགོས་བྱུང་བའང་ཡོད། དེ་ནི་རྩོམ་སྒྲིག་པ་རང་ངོས་ནས་རྩོམ་སྒྲིག་གི་གནད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་ལ་ངོས་ཟིན་ཞན་པའི་རྟགས་དང༌། རང་དབང་ཞེས་པར་གོ་བ་མ་ཆགས་པར་ཧོལ་རྒྱུགས་ཆེ་བའི་རྟགས་ལས་མ་འདས་ཏེ། སྤྱོད་པ་འདི་རིགས་ནི་ན་གཞོན་ལ་ཁྱབ་ཆེ་མོད། བསམ་ཚུགས་པ་དང་དཔྱད་ཐུབ་པའི་བློ་ལྡན་གྱི་སྤྱོད་པ་དགོས་པ་ལས་གང་དྲན་གྱིས་དུས་དེབ་བཏོན་ན་དུས་དེབ་དེའི་མདུན་ལམ་བསམ་ཐུབ་པ་ཞིག་གཏན་ནས་མ་རེད། དེ་བས་སྒེར་གཉེར་དུས་དེབ་ཀྱི་མདུན་ལམ་ག་འདྲ་ཡོད་མེད་དེ་ནི་ང་ཚོས་ཚོད་དཔག་གཏན་ནས་བྱེད་ཐབས་མེད་ན་ཡང༌། སྒེར་གཉེར་དུས་དེབ་ཀྱི་རང་ངོས་ནས་བསམ་ན་དེའི་མདུན་ལམ་ནི་དོག་ཅིང་ཡངས་པ་ཞིག་ཡིན་ལ། དྲང་ཞིང་འཁྱོག་པ་ཞིག་ཀྱང་ཡིན་པས་འཕྲལ་དང་ཕུགས་གཉིས་ཀྱི་ཕྱོགས་གང་ནས་འདང་བརྒྱབས་ཀྱང་འབྲས་བུ་གཡུར་དུ་ཟ་བ་ཡིན་པར་ཡིད་ཆེས་ཡོད་ལ་བོད་མི་རིགས་ཀྱི་ངོས་ནས་བཤད་ན་གཡུར་དུ་ཟ་བའི་སང་ཉིན་དེའི་ཆེད་དུ་རྩོམ་པ་བོ་དང་རྩོམ་སྒྲིག་པ་བཅས་ཐུན་མོང་ནས་འབད་པ་བྱ་དགོས་པ་སྨོས་མ་དགོས་པའི་སྤྱི་དོན་ཞིག་རེད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།