དོན་གྲུབ་རྒྱལ་གྱི《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་ལ་དཀྲོལ་ཀློག་ཅུང་ཟད་བྱས་པ།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-10 15:00:00 ཀློག་གྲངས།:

  ཚང་མས་མཁྱེན་གསལ་ལྟར། མི་རིགས་གང་དེའི་རྩོམ་རིག་འཕེལ་རྒྱས་ཀྱི་ལྗིད་ཚད་དེ་གཙོ་བོ་བརྩམས་སྒྲུང་སྟེང་ནས་གཞལ་དགོས་ཀྱི་ཡོད་ལ། བརྩམས་སྒྲུང་ནི་བོད་ཀྱི་རྩོམ་རིག་ཐོག་གོ་གནས་ངེས་ཅན་བཟུང་ཞིང་། ཤུགས་རྐྱེན་ངེས་ཅན་ལྡན་པའི་རྩོམ་རིག་གི་རྣམ་པ་རྨ་མེད་པ་ཞིག་ཡིན་པས། སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནས་གཙོས་པའི་བརྩམས་སྒྲུང་གསར་བའི་རྩོམ་པ་པོ་མི་ཉུང་བ་ཞིག་གིས་བརྩམས་གནང་བའི་བརྩམས་ཆོས་དག་ནི་ཀུན་གྱིས་དགའ་པོ་དང་དགའ་བསུ་ཐོབ་པའི་རྩོམ་ལུས་ཉག་གཅིག་ཏུ་འཁུམས།
  བདག་ལ་ཆ་མཚོན་ནས་བཤད་ན། བོད་ཀྱི་བརྩམས་སྒྲུང་གསར་བའི་བརྩམས་ཆོས་རྣལ་མ་ཞིག་འབྲི་ཤེས་པའི་རྩོམ་པ་པོ་ལྷད་མེད་པ་ཞིག་མ་ཡིན་ཡང་བརྩམས་སྒྲུང་གསར་བའི་བརྩམས་ཆོས་བལྟ་ཀློག་གམ་མྱོང་རོལ་བྱ་རྒྱུར་དགའ་བའི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས། སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཁོང་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེ་ང་རང་མཐོ་འབྲིང་སྐབས་ཁྲ་ཆུང་མིག་གི་དགའ་སྟོན་དུ་ལོངས་སུ་སྤྱོད་པའི་བསྐལ་བ་ཐོབ་ཅིང་། ད་རེས་ཡང་ཁོ་བོའི་དགེ་རྒན་དམ་པ་བདུད་ལྷ་རྒྱལ་ལགས་ཀྱིས་སློབ་ཁྲིད་གནང་བའི་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་འདིར་ཡང་བསྐྱར་མྱོང་རོལ་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་རྐྱེན། རང་ཉིད་ཀྱང་བརྩམས་སྒྲུང་འདིར་དཔྱད་པ་ཐུང་ངུ་ཞིག་གཏང་འདོད་ཀྱི་འདུན་པ་རྦ་རླབས་བཞིན་མཁའ་ལ་འཕྱུར་བས། སྨྱུ་གུའི་ཅང་ཤེས་རྟ་མཆོག་ལ་བཅིབས་ཏེ་དཀར་འཇམ་གྱི་ཤོག་བུའི་ཐང་ཆེན་ཐོག་ཁ་ལོ་བསྒྱུར་དགོས་བྱུང་སོང་།   
  དང་པོ།  རྩོམ་འདིའི་བརྗོད་བྱ་དང་བརྗོད་སྙིང་མདོར་བསྟན་པ།
  སྤྱིར་བརྩམས་སྒྲུང་འདི་ནི“ངའི”མདང་ནུབ་ཀྱི་རྨི་ལམ་ཞིག་གི་རྣམ་པའི་ཐོག་ནས་འགོ་བརྩམས་ཤིང་། “ང” ལོ་ངོ་ཉི་ཤུའི་གོང་སློབ་གྲྭར་སྐྱོད་བཞིན་པའི་ལམ་བར་དུ་ཨ་ཁུ་དབང་ལྡན་ཟེར་བའི་ལྷ་བཟོ་བ་ཞིག་འཕྲད་པའི་རྗེས་ཀྱི་མཐོང་ཐོས་མྱོང་གསུམ་དང་ཁོས་ང་ལ་ཁོའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་བརྗོད་པའི་ལོ་རྒྱུས་དག་ཕྱིར་དྲན་གྱི་ཚུལ་དུ་བྲིས་པ་ཞིག་རེད།
  བརྩམས་སྒྲུང་འདིའི་བརྗོད་བྱ་ནི“ང”སློབ་གྲྭར་བསྐྱོད་པའི་ལམ་བར་དུ་མི་གྱོལ་པོ་ཞིག་འཁར་བ་ལ་བརྟེན་ནས་གྱོལ་མ་ལྡིང་གིས་ཐོ་རྒྱའི་ཕྱོགས་སུ་འགྲོ་བ་ཞིག་དང་སྟེས་དབང་གི་ཐུགས་འཕྲད་བྱུང་ནས་ལམ་གྲོགས་སུ་གྱུར་ཚུལ་དང་། རིམ་བཞིན་ཕན་ཚུན་ངོ་ཤེས་ནས་ཁོས“ང”ལ་ཁོའི་ཕས་ཁོ་ལ་བརྩི་དུང་ཇི་ལྟར་བཅངས་ཚུལ། ཁོའི་མ་སྐུ་མ་གཤེགས་གོང་ཕ་མ་གཉིས་བརྩེ་བ་ཇི་ལྟར་ཟབ་ཚུལ། ཕས་ཁོ་ལ་ལྷ་བཟོའི་ལག་ཤེས་སོགས་བསླབས་ནས་བྱམས་དང་བརྩེ་བས་བསྐྱངས་ཚུལ། རྗེས་སུ་ཁོ་ཕ་བྲལ་ནས་གཞན་ཡུལ་དུ་ལས་དོན་སྒྲུབ་པར་ཕྱིན་ནས་ཕྱིར་ལོག་དུས་ཕ་འཇིག་རྟེན་འདི་ནས་ཞལ་གྱེས་པ་དང་། ཁོས་ཕ་བཟང་པོར་སྲི་ཞུ་ཞབས་ཏོག་དང་དྲིན་ལན་འཇལ་མ་ཐུབ་པར་འགྱོད་གདུང་གི་མནར་ཚུལ་སོགས་བརྗོད་པ་དག་ཡིན་ལ། རྩོམ་འདིའི་བརྗོད་བྱའི་སྙིང་པོའམ་བསྟན་དོན་ནི་དྲིན་ཆེན་ཕ་མའི་དྲིན་ལན་གསོལ་མ་ཐུབ་པར་འགྱོད་གདུང་གི་རྒྱ་མཚོར་ལྷུངས་པའི་མི་བུ་ཞིག་གི་ནང་སེམས་འཇིག་རྟེན་ཞིག་གམ་སྣང་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད། ང་ཚོར་ཕ་མའི་དྲིན་ལན་དུས་ཐོག་ཏུ་འཇལ་དགོས་པའི་མི་ཆོས་ཀུན་སྤྱོད་ཀྱི་བསམ་བློ་བསྟན་ལ། ཕ་མའི་དྲིན་ལན་མ་འཇལ་ན་འགྱོད་པའི་རྒྱུ་ཡིན་པ་བསྟན་ཡོད།
  གཉིས་པ།  རྩོམ་འདིའི་དགེ་མཚན་ཅུང་ཟད་གླེང་བ།
  དེའང་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་བརྩམས་སྒྲུང་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་དེ། རྩོམ་མཁན་ཚོས་སྲོལ་རྒྱུན་བརྩམས་སྒྲུང་ཇི་བཞིན་ཆོས་ལུགས་ལྟ་བ་བརྒྱུད་བསྒྲགས་དང་སྐྱེས་ཆེན་དམ་པ་ག་གེ་མོའི་ལྟ་སྒོམ་སྤྱོད་གསུམ་དང་། མཁྱེན་བརྩེ་ནུས་གསུམ་སོགས་བླ་མ་དམ་པའི་ཁྱད་འཕགས་ཡོན་ཏན་དང་དཔའ་མཛངས་ལྡན་པའི་ལོ་རྒྱུས་ལ་བསྟོད་བསྔགས་བྱ་རྒྱུ་དེ་བརྗོད་བྱའི་ནང་དོན་གཙོ་བོར་མི་འཛིན་པར། མི་སྣའི་དགའ་སྐྱོ་ཆགས་སྡང་གི་འཚོ་བ་དང་ཚོར་བ་བྲིས་པ་བརྒྱུད་ནས་སྲོལ་རྒྱུན་གྱི་ལྟ་བ་རྙིང་པ་དང་། བག་འཁུམ། རྨོངས་དད་སོགས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་བྱེད་པའི་སྣང་ཚུལ་ངན་པའམ་སྤྱི་ཚོགས་ཁྲོད་གནས་པའི་ན་ཟུག་དག་ལ་སུན་འབྱིན་དང་ཟུར་ཟ་བྱས་པ་གཙོར་བྱས་ཤིང་། རྩོམ་ཚུལ་གྱི་ཐད་ནས་ཀྱང་མི་སྣའི་སྣང་བརྙན་གསར་བཞེངས་ལ་དང་དོད་བྱེད་པ་སོགས་ཐོད་བརྒལ་གསར་པ་བྱུང་ཡོད། འདིར་གླེང་བར་བྱ་བའི《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་དེ་ཡང་དེང་གི་བརྩམས་སྒྲུང་གསར་བའི་འབྲི་ཐབས་སྤྱད་ནས་བརྩམས་པ་གང་ཞིག་དེར་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་《སྤྲུལ་སྐུ》སོགས་བརྩམས་ཆོས་གཞན་པ་ཇི་བཞིན་སྤྱི་ཚོགས་ཀྱི་སྣང་ཚུལ་འབྲི་བ་མ་ཡིན་པར་གང་འབྲི་བར་བྱ་ཡུལ་དེ་མི་བུ་སྒེར་གྱི་ནང་སེམས་ལ་གཞོལ་བ་དེ་ཡིན་པས། དེ་ནི་སྐུ་ཞབས་དོན་གྲུབ་རྒྱལ་ལ་ཆ་མཚོན་ན་རྩོམ་གྱི་ཁ་གཏད་ཡུལ་ལ་འགྱུར་བ་གསར་བ་ཞིག་བྱུང་བ་རེད། ཁོང་གིས་བརྩམས་སྒྲུང་ནང་བསྟན་པའི་མི་བུའི་འཇིག་རྟེན་ནི་ང་ཚོས་མིག་མཐོང་ལག་ཟིན་ཐུབ་པའི་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ངོ་བོ་དང་མཐུན་ཞིང་། ང་ཚོ་དང་བར་ཐག་ཉེ་བ་ཡིན་པས། རྩོམ་པ་པོས་རང་བློས་ལྕོགས་ཚོད་ཀྱིས་འཚོ་བ་ངོ་མའི་བྲོ་བ་ལྡན་པའི་མི་བུའི་ནང་སེམས་ཀྱི་འཇིག་རྟེན་དེ་ཞིབ་འབྲི་ཐུབ་ཡོད།
  བརྩམས་སྒྲུང་འདི་ནི་བརྩམས་སྒྲུང་ཐུང་བ་ཞིག་ཡིན་པ་དང་། ཚིག་ཚོགས་ཉུང་བའི་སྒོ་ནས་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པར་གསལ་སྟོན་བྱས་ཡོད་པས་དེ་ནི་རྩོམ་པ་པོའི་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོང་དང་འབྲེལ་བ་ཡོད་པར་སེམས་ཏེ། “རྩོམ་པ་པོའི་མཐོང་ཐོས་ཀྱི་རྟོགས་སྣང་དང་དངོས་མྱོང་ལོ་རྒྱུས་ཀྱི་ཉམས་མྱོང་མཐའ་དག་སྒྱུ་རྩལ་སྣང་བརྙན་གྱི་གཤིས་རྒྱུད་དང་། ལས་དབང་། བསམ་འདུན་དང་ལྟ་སྤྱོད་སོགས་སྐྲུན་པའི་ཕུན་སུམ་ཚོགས་པའི་རྒྱུའི་ཚུལ་དུ་མངོན་ལ་དེ་ཡང་གསར་རྩོམ་ལ་འཇུག་པའི་ཀུན་རྟོག་གི་སེམས་སྐྱེས་པའི་འབྱུང་རྐྱེན་ཡིན་ཞིང་བརྗོད་དོན་ཕུན་སུམ་ཚོགས་པའི་འབྱུང་གནས་ཀྱང་ཡིན་པར་གོར་མ་ཆག” ཞེས་པ་ལས་རྟོགས་ནུས་པ་ཡིན་ཞིང་། ཡུལ་ཅན་རྩོམ་པ་པོས་ཚོར་ཤེས་ཀྱི་རྣམ་རིག་ཚ་བར་བརྟེན་ནས་ཡུལ་ཨ་ཁུ་ལྷ་བཟོ་བའི་འགྱོད་གདུང་གི་ཚོར་བ་དེ་ཉམས་སུ་མྱངས་ཏེ་སེམས་བྱུང་དེ་ལས་བསླངས་པའི་བརྗོད་འདོད་ཀྱི་སྐད་ཆ་དག་བརྩམས་ཆོས་ནང་བཀོད་པ་ཞིག་ཡིན་པས། འགྱོད་གདུང་གི་ཡོངས་སུ་མནར་བའི་མི་བུ་དེའི་སྣང་བརྙན་ཞིབ་ཚགས་ངང་ཞིབ་འབྲི་བྱ་ཐུབ་ཡོད། དེ་བཞིན།“རྩོམ་རིག་སྒྱུ་རྩལ་ནི་འཚོ་བ་དངོས་མཚོན་པར་བྱེད་པའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པས། མི་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོར་གྱུར་བ་དང་། བརྗོད་བྱ་དེ་ལེགས་པར་སྟོན་དགོས་ན་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་དུ་ཅིས་ཀྱང་མི་སྣའི་སྣང་བརྙན་གསོན་ཉམས་དང་ལྡན་པ་མང་པོ་གསར་དུ་སྐྲུན་དགོས”ཞེས་པ། “བརྩམས་སྒྲུང་གི་ཆེས་གལ་ཆེ་ས་ནི་མི་སྣའི་སྣང་བརྙན་འབྲི་བཞེངས་ཀྱི་སྟེང་དུ་ཡོད་ལ། བརྩམས་སྒྲུང་ཞིག་འཁྱོངས་མིན་ཡང་གཙོ་བོ་མི་སྣའི་གཤིས་ཀ་བཞེངས་སྐྲུན་བྱས་པ་ལེགས་འགྲུབ་བྱུང་མིན་ལ་བལྟ་དགོས”ཞེས་པ་བཞིན་རྩོམ་དེའི་ནང་དུའང་འགྱོད་གདུང་གི་ཀློང་དུ་ཚུད་པའི་མི་སྣ་ཨ་ཁུ་དབང་ལྡན་གྱི་སྣང་བརྙན་དེ་སྣ་ཁ་མང་པོའི་སྒོ་ནས་མཚོན་ཡོད་པ་མ་ཟད། སྣང་བརྙན་ཞིབ་འབྲི་བྱས་པ་དེ་ཡང་ཞིབ་ཚགས་ཅན་ཞིག་ཡིན་ཏེ། དཔེར་ན། གཟུགས་ལ་བརྟེན་ནས་མི་སྣའི་སེམས་ཀྱི་འགྱུར་བ་མཚོན་པའང་ཡོད་པ་དཔེར་ན། “ངས་ཁོང་གི་གདོང་ལ་ཟུར་

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།