དོན་གྲུབ་རྒྱལ་གྱི《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་ལ་དཀྲོལ་ཀློག་ཅུང་ཟད་བྱས་པ།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-10 15:00:00 ཀློག་གྲངས།:
མིག་གིས་ལྟ་དུས་ཁོང་གི་གདོང་ལ་སེམས་སྡུག་གི་རྣམ་འགྱུར་ཞིག་ཤར་འདུག”ཅེས་པ་དང་།  དེ་བཞིན“སྐབས་དེར་ཨ་ཁུ་ལྷ་བཟོ་བའི་སྐད་གདངས་དམའ་མོར་གྱུར་པར་མ་ཟད། གདོང་མདོག་གློ་བུར་དུ་དམར་པོར་གྱུར་པའི་རྣམ་པ་དེར་བལྟས་ན་བཙུན་པ་ཞིག་གིས་རང་གི་སྡོམ་པ་ཤོར་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་ནས་གནོང་འགྱོད་སྐྱེས་པ་དང་འདྲ”སོགས་ལས་མི་སྣའི་ནང་སེམས་རྟོགས་ཐུབ་པ། དཔེར་ན། “ཡིན་ནའང……ཧེ……ཞེས་སྐད་ཆ་འདི་དག་བཤད་སྐབས་ཐོག་མར་གདོང་ལ་འཛུམ་ཞིག་ལངས་ཡོད་ཀྱང་བར་དུ་སྐྱོ་ཤས་ཀྱི་རྣམ་འགྱུར་ཞིག་ཤར་ཞིང་ཞེས་པ། ཁྱེད་དངོས་འབྲེལ་བྱིས་པ་ཆུང་ཆུང་ཞིག་རེད……མི་ཚེ་ཐུང་ཐུང་འདིའི་ནང་ཕ་མའི་ཁ་ཏ་བསླབ་བྱ་མ་བརྩིས་ན་ད་ང་རྒད་པོའི་མདོག་འདིར་ལྟོས་དང་། རྗེས་འབྲངས་ངན་པ་ལག་ཟིན་རེད”།སོགས་ཀྱི་མི་སྣའི་གཏམ་གླེང་དག་གིས་འགྱོད་གདུང་ཁྲོད་ཀྱི་མི་སྣ་དེའི་སྣང་བརྙན་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་ང་ཚོས་ཤེས་རྟོགས་བྱེད་ཐུབ་པས། དེ་ནི་རྩོམ་ཡིག་དེའི་ཆེས་ཆེ་བའི་དགེ་མཚན་དུ་མཐོང་། དེ་བཞིན། རྩོམ་འདིའི་སྒྲིག་གཞི་བཀོད་སྒྲིག་བྱས་པ་འོས་ཤིང་འཚམས་ལ། བྱུང་རིམ་ལ་གོ་རིམ་ངེས་ཅན་ལྡན་པ་དང་རྒྱུ་འབྲས་སམ་གཏན་ཚིགས་ཀྱི་རང་བཞིན་མངོན་པར་གསལ་པོ་ལྡན་ཡོད་ཅིང་། བྱུང་རིམ་དེ་མི་སྣ་དང་འབྲེལ་འདྲིས་ཆེ་རྐྱེན་མི་སྣའི་གཤིས་ཀ་མཚོན་པའི་ལོ་རྒྱུས་འབའ་ཞིག་ཏུ་གྱུར་བས། འགྱོད་གདུང་གི་མནར་བའི་སྣང་བརྙན་དེ་བྲིས་པ་གང་ཞིག་འགྱོད་གདུང་གིས་མནར་བའི་རྒྱུ་རྐྱེན་དེ་ཡང་ཕ་བཟང་པོའི་དྲིན་ལན་འཇལ་མ་ཐུབ་པས་ལན་པ་བསྟན་པ་སོགས་དང་། ཨ་ཕ་ནི་མི་དཀྱུས་མའི་ནང་གི་དཀྱུས་མ་ཞིག་ཡིན་ཀྱང་བུ་ལ་བྱམས་བརྩེས་ཁེངས་པ་ཤིག་ཡིན་པ་ཡང་ཞིབ་ཚགས་ལྡན་པའི་ཐོག་ནས་ཞིབ་འབྲི་བྱས་ཡོད་དེ། ཨ་མ་གྲོངས་རྗེས་ཨ་ཕས་འདུག་རོགས་གཞན་བཙལ་མེད་པ་དང་། བུ་ལ་ལག་ཤེས་བསླབ་པ་སོགས་ལག་ལེན་གྱི་ཐོག་ནས་ཕའི་ཡ་རབས་གཞུང་དྲང་གི་གཤིས་བཟང་ར་སྤྲོད་བྱས་ཡོད།
  དེ་བཞིན“ངས”ཨ་ཁུ་ལྷ་བཟོ་བར་འཛིན་པའི་རྣམ་འགྱུར་ཁ་གསལ་ངང་བསྟན་ཡོད་པ་དཔེར་ན། དང་པོ“ངས”ཨ་ཁུ་ལྷ་བཟོ་བ་དེ་མིག་ལམ་དུ་མཐོང་སྐབས་མཛེ་ནད་ཕོག་པའི་མི་ཞིག་རེད་སྙམ་ནས་འཇིགས་སྣང་སྐྱེས་པ་དང་སྦྲགས། འཕྲལ་དུ་གཡོལ་ནས་འགྲོ་བ་དང་། དེ་ནས་རང་དབང་མེད་པར་ཁོང་ལ་ཡིད་སྨོན་དང་། ཡི་རངས་སྙིང་ཉེ་བའི་འདུ་ཤེས་ཤིག་བཅོས་མིན་དུ་སྐྱེས་པ། བར་དུ་ཡང་སྙིང་རྗེ་དང་གདུང་སེམས་སྐྱེས་པ། མཇུག་ཏུ་རང་ཉིད་ལ་ལེ་འདའ་བྱེད་པ་དང་འགྱོད་གདུང་སྐྱེས་པ་སོགས་ལས་མཚོན་ནུས་པས་དགེ་མཚན་དུ་མ་ལྡན་ཡོད་ལ། དེ་བཞིན་དེར་གཅིག་རྟེན་གཅིག་དྲན་གྱི་འབྲི་ཐབས་ཀྱང་ཅུང་ཟད་བཀོལ་སྤྱོད་བྱས་ཡོད་ཅིང་། བརྗོད་བྱའི་དོན་རྣམས་སྒྱུ་རྩལ་མཁན་པོའི་པིར་རྩལ་གྱི་འདུ་འགོད་ལས་ཐོན་པའི་མཛེས་རིས་ཇི་བཞིན་གོ་རིམ་ལྡན་པའི་སྒོ་ནས་གསལ་པོར་མཚོན་ཞིང་ཀློག་པ་པོར་བག་འཇགས་ཟབ་མོ་དང་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད། རྒན་བདུད་ལྷ་རྒྱལ་ལགས་ཀྱི་དེར་ད་དུང་བཀོད་འབྲི་ལ་གཞོལ་བ་དང་ལྡོག་ བསྡུར་གྱི་ཐབས་ལམ་བརྟེན་པ། མཁའ་དབུགས་སྟུག་པ་སོགས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པར་གསུངས་པས། ཁོ་བོས་དེར་ བསྐྱར་ཟློས་མི་བྱའོ།།
  གསུམ་པ།   རྩོམ་དེའི་ཞན་ཆ་ཅུང་ཟད་གླེང་བ།
  དེ་ཡང་རྩོམ་རིག་བརྩམས་ཆོས་ནས་གཙོས་པའི་བྱ་དངོས་གང་རུང་ཞིག་ལ་དཔྱད་པ་བྱེད་དུས། གཅིག་ནས་བྱ་དངོས་གང་དེའི་དགེ་མཚན་མཐོང་ཐུབ་པ་དགོས་ལ།  གཉིས་ནས་དེའི་མི་འདང་སའི་གནས་ཀྱང་ཤེས་རྟོགས་བྱ་ཐུབ་པ་བྱུང་ན་ད་གཟོད་བྱ་དངོས་གང་དེའི་གནས་ལུགས་དཔྱིས་ཕྱིན་པའི་ངང་རྒྱུས་ལོན་ཡོང་ངེས་ཡིན། གཤམ་ལ་ཁོ་བོས་ཁོང་གི་བརྩམས་ སྒྲུང་དེར་རང་ཉིད་ཀྱིས་ཚོར་བས་ཟིན་པའམ་མྱོང་བས་རྟོགས་པའི་མི་འདང་སའི་གནས་འགའ་འཆད་རྒྱུ་ཡིན།
  (1) བརྗོད་སྙིང་ངམ་བསམ་བློའི་ནང་དོན་ཆ་ནས། དེ་ཡང་བརྗོད་སྙིང་ངམ་བརྗོད་བྱའི་སྙིང་པོ་ནི་རྩོམ་པ་པོ་རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་བ། འདོད་ཚུལ་མཚོན་ཐབས་བྱེད་པའི་བྱ་བ་ཡིན་པ་དང་། རྩོམ་འབྲི་བའི་དམིགས་ཡུལ་ནི་རྩོམ་མཁན་རང་ཉིད་ཀྱི་བྱ་དངོས་དང་མི་བུ། འཚོ་བའི་སྣང་ཚུལ་གང་རུང་ཞིག་ལ་འཛིན་པའི་ལངས་ཕྱོགས་དང་ལྟ་བ་ཇི་ལྟ་བུ་ཡིན་པ་ དངོས་བརྒྱུད་དང་གཞན་བརྒྱུད་གང་རུང་གི་རྣམ་པའི་ཐོག་ནས་ཡུལ་ཅན་ཀློག་པ་པོར་ངོ་སྤྲོད་དང་མཚམས་སྦྱོར་བྱེད་པ་ཞིག་ཡིན་པས། དེ་ལས་ཡུལ་ཅན་རྩོམ་པ་པོའི་བརྗོད་འདོད་པའམ་བསྟན་བྱའི་བསམ་བློ་ཇི་ལྟ་བུ་ཡིན་པ་ང་ཚོས་མངོན་སུམ་དང་ ལྐོག་གྱུར་གང་རུང་ནས་ཤེས་རྟོགས་ཐུབ་པ་ཞིག་ཡིན།《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་དེ་ཡང་གཅིག་ཡིན་ཏེ། རྩོམ་དེ་ལས་རྩོམ་པ་པོས་ང་ཚོར་དྲིན་ཆེན་ཕ་མའི་དྲིན་ལན་གཞལ་དགོས་པ་དང་། དྲིན་ཆེན་གྱི་དྲིན་ལན་མ་འཇལ་ན་དེ་ནི་རང་ཉིད་འགྱོད་པའི་རྒྱུ་ཡིན་པ་བསྟན་གནང་ཡོད།
  རྩོམ་འདིའི་བསྟན་དོན་དེ་ལ་ང་ཚོས་ཕྱོགས་གཉིས་ནས་དབྱེ་ཞིབ་བྱས་ན་ཆོག་པར་འདོད་དེ། གཅིག་ནས་ང་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ལམ་ནས་དབྱེ་ཞིབ་དང་།གཉིས་ནས་དེང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མིག་དབང་ཐོག་ནས་དབྱེ་ཞིབ་དང་དཔྱད་པ་བྱས་ན་ཆོག་སྙམ། དེ་ཡང་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ལམ་ནས་དབྱེ་ཞིབ་བྱས་ན། རྩོམ་དེ་ནི་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་ཀྱི་བསམ་བློ་མཚོན་པའི་རྩོམ་ཡིག་ལེགས་པོ་ཞིག་རེད་ཅེས་ཀུན་གྱིས་གླེང་ངེས་རེད། རྒྱུ་མཚན་ནི་དྲིན་ཆེན་ཕ་མའི་བཀའ་དྲིན་གསོལ་བ་དེ་ནི་ང་ཚོ་མིའི་རིགས་ཀྱི་ཡ་རབས་སྤྱོད་བཟང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད་ལ། དྲིན་ཆེན་ལ་དྲིན་ལན་འཇལ་ན་ཀུན་གྱིས་མཐེ་བོང་འགྲེངས་ནས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ངེས་ཤིང་། མི་ཚུལ་དང་མཐུན་པའི་མི་བུ་ཞིག་རེད་ཅེས་ཚང་མས་ཡི་རངས་གུས་བཀུར་བྱ་ངེས་པས་རེད། ལྷག་པར་དུ་དཔལ་འབྱོར་འཕེལ་རྒྱས་མྱུར་བའི་དེང་སང་གི་དུས་སྐབས་དེར་མི་རྣམས་ཀྱི་མི་ཆོས་ཀུན་སྤྱོད་ནི་མར་ངོའི་ཟླ་བཞིན་དུ་གྱུར་བཞིན་ཡོད་ པས། དེས་མི་རྣམས་ལ་གོ་བསྐོན་སློབ་གསོའི་ནུས་པ་ངེས་ཅན་སྦྱིན་ཡོད། འོན་ཀྱང་།“རྩོམ་རིག་རྐྱང་བའི་ངོས་ནས་བཤད་ན། རྩོམ་རིག་གི་བཟང་ངན་ནི་བསམ་བློ་གང་ཞིག་མཚོན་ཡོད་པའི་སྟེང་ཁོ་ནས་འབྱེད་པ་མ་ཡིན་པར། བསམ་བློ་དེ་མཚོན་པའི་ཚད་ཇི་ལྟ་བུ་ཞིག་ལ་སླེབས་ཡོད་པའི་སྟེང་ནས་འབྱེད་དགོས་པ་དང་ཕྱེ་བར་གྱུར་བ་ཞིག་ཡིན” ཞེས་པ་ལྟར། བརྩམས་ཆོས་གང་དེའི་དུས་རབས་དེའི་ངོས་ནས་བརྗོད་ན། དེ་ནི་བསམ་བློ་གསར་བ་ཞིག་དང་ལྟ་ཚུལ་གསར་བ་ཞིག་གཏན་ནས་མ་ཡིན། རྒྱུ་མཚན་ནི་དྲིན་ལ་དྲིན་ལན་འཇལ་དགོས་ཞེས་པ་དེ་ནི་མི་རྣམས་ཀྱིས་རྒྱུན་པར་ཁ་ནས་མ་ཎི་འདོན་འདོན་བྱེད་ཀྱིན་ཡོད་པས་སོ།།
  རྩོམ་དེའི་རྣམ་པ་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བལྟས་ན། བརྩམས་སྒྲུང་གསར་བའི་ཆ་ལྡན་ཡང་བསམ་བློའི་བསྟན་དོན་ཐད་ནས་བཤད་ན་བསམ་བློ་གསར་བའི་ཚད་དེ་མཐོན་པོ་ཞིག་ལ་སླེབས་མིན་འདུག་ཅེས་སྨྲས་ན་ཆོག་སྙམ། ལྷག་པར་དུ་སྐུ་ཞབས་དོན་གྲུབ་རྒྱལ་ལ་ཆ་མཚོན་ནས་བཤད་ན། མི་རབས་གསར་བ་ཞིག་དང་བསམ་བློ་གསར་བའི་མཚོན་བྱེད་མི་སྣ་ཞིག་ཡིན་ཀྱང་རྩོམ་དེར་བསམ་བློ་གསར་བའི་འོ་སྤྲིས་ཀྱི་དབེན་པ་ཞིག་རེད། སྒོས་སུ་རྩོམ་པ་པོ་ཞིག་གི་ངོས་ནས་བརྗོད་ན། མི་བུ་གཞན་གྱི་མ་རིག་པའི་གནས་དང་གཞན་གྱི་གསལ་ཤེས་དང་ཆ་རྒྱུས་མེད་པའི་སྣང་ཚུལ་ཞིག་གམ་གཞན་གྱི་ཞིབ་ཆ་མ་ཐོན་པའི་གནས་དང་མཚམས་སྦྱོར་བྱེད་དཀའ་བའི་གནས་དག་རྩོམ་མཁན་གྱིས་རྣམ་དཔྱོད་ཀྱི་ཚོར་བ་དང་རིག་པ་རྒོད་ཅིང་སྐྱེན་པའི་སྒོ་ནས་གསལ་པོར་བསྟན་ཐུབ་ན་ད་གཟོད་ཕུལ་བྱུང་གི་རྩོམ་པ་པོ་ཞིག་ཏུ་གྱུར་སྲིད་ལ། གཞན་གྱིས་ཀྱང་ཁྱེད་ཉིད་རྩོམ་མཁན་རྣལ་མ་ཞིག་ཏུ་བརྩི་ངེས་རེད། དཔེར་ན། ཁོང་གིས་བརྩམས་གནང་མཛད་པའི《སྤྲུལ་སྐུ》ལྟ་བུར་མཚོན་ནས་བཤད་ན། དེ་ནི་དངོས་གནས་མི་རབས་གསར་བ་ཞིག་གི་སེམས་ཁོང་ནས་བཞུར་བའི་བསམ་བློ་མཚོན་པའི་ཚད་ཟབ་པོ་ཞིག་ ཏུ་སླེབས་ཡོད་ལ།  སྤྱི་ཚོགས་ཐོག་ཤུགས་རྐྱེན་ངེས་ཅན་ཡོད་པའི་བརྩམས་ཆོས་ཞིག་ཏུ་གྱུར་ཐུབ་པའི་རྒྱུ་རྐྱེན་ཡང་དེ་རེད།
  གཉིས་ནས་དེང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མིག་དབང་ཐོག་ནས་བལྟས་ན། རྩོམ་དེའི་ནང་རྩོམ་པ་པོས་བསྟན་གནང་བའི་མི་ སྣ་དེ་ནི་འགྱོད་གདུང་གི་ཀློང་དུ་གནས་པའི་མི་ཞིག་བཞེངས་སྐྲུན་བྱས་ཡོད་ལ། འགྱོད་གདུང་བྱ་དགོས་པའོ་རྒྱུ་རྐྱེན་ཡང་སྒོ་ཕྱིར་བུད་ནས་ཕའི་དྲིན་ལན་མཇལ་མ་ཐུབ་པ་དེ་ཡིན་པ་བསྟན་གནང་ཡོད། འོ་ན། མི་ཚེ་གང་པོ་སྒོ་ཕྱིར་མ་བུད་པར་ཕ་མའི་གམ་དུ་བསྡད་དེ་དྲིན་ལན་ཁོ་ན་འཇལ་ནས་བསྡད་ན། ང་ཚོའི་ཕུགས་བསམ་དང་བྱ་གཞག་དོན་གཉེར་ཇི་ལྟར་བྱ་རྒྱུ་ཡིན། གལ་སྲིད་དཔེར་ན་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་མི་ལ་རས་པ་དང་། རྗེ་ཙོང་ཁ་པ་སོགས་སྒོ་ཕྱིར་མ་བུད་པར་མི་ཚེ་ གང་པོ་ཕ་མའི་གམ་དུ་དྲིན་ལན་དང་ཞབས་ཕྱི་ཁོ་ན་བསྒྲུབ་ནས་བཞུགས་ན། ཀུན་གྱིས་བླ་ནས་བླ་རུ་བཀུར་བའི་མི་སྣ་གྲགས་ཅན་དེ་འདྲ་ཞིག་ང་ཚོའི་ལོ་རྒྱུས་ཐོག་འབྱུང་སྲིད་དམ། དེ་བཞིན་དུ་རྩོམ་གྱི་མི་སྣ་ཨ་ཁུ་ལྷ་བཟོ་བ་ལྟ་བུར་མཚོན་ན་ཡང་རང་ གི་ལས་དོན་ཆེད་དུ་སྒོ་ཕྱིར་བུད་པ་ཞིག་དང་། རང་གི་མི་ཚེའི་རིན་ཐང་དང་ཕུགས་བསམ་དོན་གཉེར་ཆེད་གཞན་ཡུལ་དུ་བུད་པ་ཡིན་པས། དེ་ནི་ཕ་མའི་དྲིན་ལན་དང་མི་བུའི་ལས་དོན་དོན་གཉེར་བར་གྱི་འགལ་འདུ་ཞིག་རེད་སྙམ། ང་ཚོ་སློབ་གྲྭ་ བ་ཞིག་གི་ངོས་ནས་བརྗོད་ན། གལ་ཏེ་ཕ་མའི་དྲིན་ལན་ཁོ་ན་བསམ་ནས་སྒོ་ཕྱིར་མ་བུད་ན་ང་ཚོའི་མི་ཚེའི་རིན་ཐང་ཇི་ལྟར་ མངོན་འགྱུར་བྱེད་ཐུབ་ལ། དཔལ་འབྱོར་་འཕེལ་རྒྱས་མྱུར་ཞིང་ཤེས་རིག་འགྲན་རྩོད་ཆེ་བའི་དེང་སང་གལ་ཏེ་སྒོ་ཕྱིར་མ་བུད་ ཅིང་ཤེས་ཡོན་སྦྱོང་བར་མ་ཕྱིན་ན་ཕ་མའི་དྲིན་ལན་འཇལ་རྒྱུ་ལྟ་ཅི། རང་གི་མི་ཚེ་ཡང་འཁྱོལ་དཀའ་བ་ཞིག་མ་རེད་དམ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།