བྱ་མདོ་དོན་གྲུབ་ཚེ་རིང་གི《ན་བུན་ཁྲོད་ཀྱི་དབྱར་ཟླ》།
རྩོམ་པ་པོ།:བྱ་མདོ་དོན་གྲུབ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-11-02 11:16:00
ཀློག་གྲངས།:
ཁོས་ཏོག་ཙམ་ལ་མིག་གཉིས་བཙུམ་ཞིང་མགོ་བོ་འདུག་སྟེགས་སུ་བསྙེས་ནས་བསྡད་རྗེས། འཕྲིན་འཐུང་དེའི་ཁ་ཕྱེ་ནས་ལྟ་འགོ་བརྩམས།སྙིང་སྡུག་ལགས། ང་ཁྱོད་ཀྱི་མདུན་ན་ཡོད། མཐོང་ཨེ་བྱུང་།ཞེས་འཕྲིན་སྟབས་བདེ་ཞིག་བསྐུར་འདུག ཁོས་རང་གི་ཀླད་པའི་རྒྱ་རྫོང་དུ་འཐིབས་པའི་སེམས་སྡུག་གི་ན་རྗན་སྟུག་པོ་དེ་ཤེད་ཀྱིས་བསལ་ཅིང།གཉིད་མ་སད་ཀྱི་འདམ་ནང་དུ་ལྷུང་སོང་བ་ལྟ་རྗའི་ཚོར་བའི་མི་གཙང་བ་དེ་རྒྱང་ལ་དོར་རྗེས།ཀུ་རེའི་ཚུལ་དུ།ཁྱོད་ངའི་མདུན་དུ་ཡོད་ན།ང་ཁྱོད་ཀྱི་རྗེས་སུ་ཡོདལ་ཁྱོད་ཀྱི་རྗེས་ན་དགྲ་ཅི་ཞིག་ཡོད་ན་དེའི་ཁ་གནོན་ཡིན་།ཞེས་བཤད། མོ་ཡང་རྨ་ལྷོའི་ཕྱོགས་སུ་འགྲོ་བའི་རླངས་འཁོར་དེར་བསྡད་ནས་འགྲོ་ཡི་ཡོད་པས། ཁོ་གཉིས་དེ་ལྟར་ནག་རོག་གེར་རྒྱང་རིང་ཞིག་ལ་འཐེན་ཡོད་པ་ལྟ་བའི་གཞུང་ལམ་གཅིག་སྟེང་གི་འགྲུལ་བཞུད་པར་གྱུར་སོང་།རེད་དེ། དབྱར་གནང་བཏང་བའི་ཞོགས་པ་དེར།ཁོ་དེ་ལྟར་མོ་དང་བྲལ་ཞིང་། མོ་ཡང་དེ་ལྟར་ཁོ་དང་བྲལ་སོང་བ་ཁོ་ན་ཡིན་ནམ།ཁོ་མོ་གཉིས་ལ་ད་དུང་དབྱར་གནང་བཏང་བའི་མཚན་མོ་ཟེར་བ་ཞིག་ཀྱང་ཡོད་ཚོད་འདུག མོ་ནི་ཁོའི་མིག་མདུན་དུ་ཟུར་ངོས་ཤིན་ཏུ་མང་བའི་སྒྱུ་རྩལ་གྱི་ལྡེབས་རིས་རྩ་ཆེན་ཞིག་ཡིན་པས།དབྱར་གནང་བཏང་བའི་མཚན་མོ་དེར་ཁོར་སྒྱུ་རྩལ་གྱི་ལྡེབས་རིས་དེ་ལས་རང་གིས་མཐོང་འདོད་པ་དང་ལེན་འདོད་པའི་ལྟད་མོ་མང་པོ་ཞིག་ཐོབ་པས་ཤིན་ཏུ་མོས་ཡོད་ཁོ་ཐག་ཡིན།ཡིན་ནའང་།སེམས་པ་བཟང་ལ་གཤིས་རྒྱུད་དྲང་བའི་ཁོ་མོར་དབྱར་གནང་བཏང་བའི་ཞོགས་པ་དེའི་རྗེས་ནས་ཁོས་བཤད་འདོད་ དང་འདྲི་འདོད་ཀྱི་ཚོར་བའི་སྙིང་གཏམ་ཇི་འདྲའི་མང་པོ་ཞིག་རང་དབང་མེད་པར་མིག་མཐའ་ནས་དྲོད་དང་འདྲེས་ཏེ་བཞུར་འགྲོ་བ་མ་གཏོགས་བཤད་དབང་མེད་པ་སུ་ཡིས་གཏོགས་སམ། ཁོ་ཡུལ་གྲོགས་ཚོང་བ་དེར་འགྲོགས་ནས་ལམ་ཐག་ངེས་ཅན་ཞིག་བརྒྱུད་རྗེས།མོ་རང་བསྡད་ཡོད་པའི་རླངས་འཁོར་དེ་ཁོ་གཉིས་ཀྱི་སྔུན་ལ་ཤུར་སེར་བུད་སོང་། དེ་དེ་ལྟར་སོང་རྗེས། གཞུང་ལམ་སྟེང་དུ་རེ་ཞིག་ཡར་འགྲོ་མར་འོང་གི་འཕྲུལ་འཁོར་གྱི་རྒྱུན་ཆད་པར་གྱུར་བས། ནག་རོག་པོར་གྱུར་བའི་གཞུང་ལམ་དེ་ཡང་དེ་ལྟར་རེ་ཞིག་ཁུ་སིམ་དུ་གྱུར་ཅིང་།མི་ཚེ་སྤྲིན་པའི་ཀླུང་ཆེན།། ཐུག་འཕྲད་སྒྱུ་ མའི་གཡོར་གྲུ།། ལས་དབང་ཟོལ་གྱི་མགྲོན་པོ།། ག་ནས་ཕེབས་པ་མི་ཚོར།། མིག་ཆུ་གཏོང་བ་ཁག་པས།། གཏན་དུ་ཁྱོད་དང་འགྲོགས་འདོད།།ཅེས་པའི་ཁོའི་ཡུལ་གྲོགས་ཚོང་བ་དེའི་ཁ་པར་འབོད་བརྡའི་གཞས་ཆུང་ཁེར་རྐྱང་བ་དེ་མ་གཏོགས་ཅི་ཡང་གྲག་འགུལ་མེད་པ་ལྟ་རྗར་གྱུར་སོང་། ཏོག་ཙམ་གྱི་རིང་ལ་ཁོ་གཉིས་ཁ་རོག་གེར་བསྡད་ཅིང་།གཉི་ཀས་དཔོག་མཐའ་བྲལ་བའི་བསམ་གཞིག་རིང་མོ་ཞིག་གི་ཪྙོག་འཛིང་གི་ངོ་གདོང་བཀླགས་ནས་བསྡད། ཁོའི་ཡུལ་གྲོགས་ཚོང་བ་དེས་ཅུང་ཙམ་ལ་བསམ་བློ་ཞིག་བཏང་རྗེས། ད་འདི་ལྟར་བྱ། ངེད་གཉིས་རྨ་ལྷོ་ཁུལ་ཐོག་ལ་ཐོན་རྗེས། ང་ ཕྱིར་ཕ་ཡུལ་དུ་འགྲོ་བར་བྱ།ཁྱོད་སྔུན་ལ་སོང་ཞིག བླ་བྲང་ལ་འབྱོར་རྗེས་ཚོང་གཉེར་གྱི་ས་གནས་འོས་མོ་རེ་ཨེ་ཪྙེད་ལྟོས་ཟེར།ཁོས་ལམ་ཆས་དག་གྲོགས་པོར་བསྐུར་རྗེས། ཁོ་གཉིས་རྨ་ལྷོ་ཁུལ་གྱི་གཞུང་ལམ་སུམ་འདྲེས་ཀྱི་སྣོལ་མཚམས་དེ་ནས། ད་ནི་དེ་ལྟར་བྱ། ལམ་ནས་སེམས་ཆུང་བྱོས། ཟེར་བའི་སེམས་ཁུར་དང་བརྩེ་སེམས་ཀྱི་སྣུམ་ཞག་འཁྱིལ་བའི་སྐད་ཆ་དྲོན་མོ་རེ་བཤད་རྗེས། རང་རང་གི་དམིགས་ས་ཞིག་དེད་ནས་རང་སར་བུད་སོང་།
རྨ་ལྷོ་ཁུལ་ནས་རྒྱང་རིང་གི་གང་ཞིག་ལ་འཁྲེང་སེམས་ཤིག་གི་རིང་ཐུང་ལྟར་བྲན་ནས་ཡོད་པའི་གཞུང་ལམ་དེའི་སྣེ་མོ་ནས་ཁོས་རང་ཉིད་དོན་དམ་དུ་གང་ཞིག་ལ་འགྲོ་དགོས་པ་མ་ཤེས་པར་ལུས་བསྡད་ཡོད་པའི་སྐབས་དེར།མོས་ཀྱང་ཁ་པར་ཐོན་སོང་། ཁོས་རང་ཉིད་ཕྱོགས་གང་ལ་འགྲོ་དགོས་པ་མ་ཤེས་པར་ཡོད་ཅེས་ཁོ་མོར་ལན་བསྐྱོན་དུས་ནི་རི་ཆེན་གྱི་གྲིབ་གཟུགས་རིང་བོ་དག་ཕལ་ཆེར་ལུང་གྲོང་དེའི་ཕར་ཁའི་རི་ཁ་ནས་ཕར་བཞུད་ལ་ཉེ་དུས་ཤིག་ཡིན་འདུག ས་ཆེན་གྱི་གདོང་དུ་དེ་ལྟར་ལས་དབང་གི་རྐང་རྗེས་ནག་པོ་ཞིག་སྟེ་དུས་ཚོད་ཀྱི་མདའ་ཁབ་ལས་འཕྲོས་པའི་འོད་ཀྱི་གྲིབ་གཟུགས་ཤིག་གསལ་ལྷིང་ལྷིང་གིས་འཚེར་དུས་ཁ་པར་གྱི་སྐུད་སྣེ་རུ་བརྩེ་བའི་མིག་ཟུང་ཟུང་ལྷེམ་ལྷེམ་འགུལ་གྱིན་པའི་ཁོ་མོས་ཁྱོད་རང་ངོ་མ་གང་དུ་འགྲོ་དགོས་པ་མི་ཤེས་ན་ང་ཟེར་བ་ཞིག་ས་འདི་རུ་ཡོད་པ་ཁྱོད་ཀྱིས་གཏིང་བརྗེད་དུ་གྱུར་ཡོད་པ་མིན་ནམ་ཞེས་ཚིག་གི་རི་ཆེན་གྱི་ཕག་ཏུ་དོན་གྱི་གྲིབ་ཆེན་ཁུག་སེར་བཤད། ཁོས་དྲོད་འཇམ་གྱི་ཉི་འོད་འཁྱིལ་བའི་སྤྲིན་དཀར་དེའི་འགབ་ཏུ་ཚ་གདུང་གི་དབལ་ཁ་རྨང་ནས་འཇོམས་པའི་གྲིབ་བསིལ་ཞིག་ཕོག་འདུག་པ་ཚོར་ནའང་། དབྱར་གནང་བཏང་བའི་མཚན་མོ་དེ་དང་།མཚན་མོ་དེའི་ཁོ་མོ་གཉིས་ཀྱི་འདས་སོང་གི་གློག་སྒྲོན་འོག་གི་གྲིབ་རིས་དག་ཁོའི་མིག་མཐའ་དང་།ཡིད་ཀྱི་ཡོལ་བའི་ངོས་སུ་ཧ་ཅང་གསལ་བོས་འཆར་ཐུབ་པས ད་ནི་ཁོས་ཀྱང་རང་ཚོད་ཅིག་བཟུང་ན་རེད་སྙམ་ནས་ང་རང་སོག་པོའི་རྩྭ་ཐང་ལ་འགྲོ་དགོས། འདི་ན་སྐབས་འདིར་སྟོད་སོག་ལ་འགྲོ་བའི་རླངས་འཁོར་ཞིག་ཀྱང་འདུག་པས ཚེགས་ཀྱང་ཆུང་གི་ཅེས་ལབ་པ་ན།ནམ་ཡང་ཁོག་རྒྱ་ཆེ་ཞིང་།གཞན་གྱི་མོས་འདུན་དང་བསྟུན་ཅི་ཐབས་བྱེད་པ་སྟེ་ང་རང་འཇིག་རྟེན་འདིར་འཚོ་བའི་ཆེས་མཐར་ཐུག་གི་དམིགས་ཡུལ་དང་རིན་ཐང་ནི་གཞན་གྱི་ཆེད་དུ་འཚོ་བ་དེའོ།།ཞེས་མངོན་ལྐོག་གི་བྱ་སྤྱོད་གང་རུང་གིས་མཚོན་པར་བྱེད་ཐུབ་པའི་སྒྱུ་རྩལ་ཅན་གྱི་ཁོ་མོས་འོ་ན་བཟང་གི ལམ་ནས་སེམས་ཆུང་བྱོས། རང་གི་དམིགས་སར་ འབྱོར་རྗེས་ང་ལ་བརྡ་ཞིག་གཏང་རྒྱུ་མ་བརྗེད་ཅེས་སྐད་ལ་ཉན་ཚེ་ཧ་ཅང་རྒྱུན་ལྡན་དུ་ཡོད་པ་ལྟ་རྗའི་མོས་ཁོར་དེ་ལྟར་བརྗོད་ཅིང་། ཉི་མའང་ནུབ་ལ་ཉེ་བས། གལ་ཏེ་ངེས་པར་དུ་དོ་དགོང་འགྲོ་དགོས་པའི་ངེས་པ་མེད་ཚེ། སང་ཉིན་ནམ་ལངས་ནས་སོང་ནའང་མི་ཆོག་པ་ཡོད་དམ་ཞེས་དྲིས། ཁོ་ཡར་སྔོན་ནས་ཀྱང་རང་ལ་སྐྲག་སྣང་བྱུང་ཡོད་པས་ད་ནི་ཅིས་ཀྱང་། མིག་བཙུམ་ནས་འགྲོ་དགོས་སྙམ་སྟེ་སྙིང་ཉེ་མ།ད་ནི་ ནུབ་ཁའི་ཉི་འོད་འདི་དང་བསྡོངས་ནས་འགྲོ་དགོས་བྱུང་ཞེས་ཧ་ཅང་ཚིག་ཐག་ཆོད་པའི་ངང་བཤད་པས་དེར་མོས་ཀྱང་ཡ་ལན་ཞིག་དང་གསལ་ལ་མི་གསལ་བའི་རྔན་པ་ཞིག་རང་ལུས་ཀྱི་རྗ་ག་གང་ཞིག་ནས་རང་དབང་མེད་པར་ཤོར་ཡོད་ལོས་ཆེ། ཁ་པར་སྟེ་སྒྲ་ཙམ་མ་གཏོགས་མི་གོ་ཞིང་། མཆུ་ཡི་འགུལ་སྟངས་དང་ལུས་ཀྱི་ཉམས་འགྱུར་སོགས་ཅི་ཡང་མི་མཐོང་བའི་དངོས་གཟུགས་དེ་ལས་དོན་དམ་དུ་ཕ་རོལ་བའི་གདོང་ན་ཁྲག་བཞུར་གྱི་ཡོད་ནའང་མཐོང་ཐབས་བྲལ་བས། དེ་ལྟར་ཁོས་རང་ཉིད་ཉི་ནུབ་ཀྱི་ཟེར་འཕྲོ་འདི་དང་འགྲོགས་ནས་འགྲོ་དགོས་ཟེར་དུས་ཀྱི་མོའི་གདོང་གི་རྣམ་འགྱུར་ནི་ཅི་ལྟ་རྗ་ཞིག་ཡིན་ནམ། དེ་ནི་སྐབས་དེ་ལྟ་བུ་ཞིག་ལ་མོའི་གམ་ན་ཡོད་པའི་སྙུག་ཐོགས་པ་ངར་བ་ཞིག་མིན་ཚེ་སུས་ཀྱང་ཞིབ་བརྗོད་བྱེད་དཀའ་ཚོད་དུ་འདུག ཡིན་ཡང་། ཁོས་བསམ་གཞིག་ལྕི་མོ་ཞིག་ཁུར་ནས་ལམ་དུ་ཆས་པས། རྨ་ལྷོ་ནས་སྟོད་སོག་གི་ལམ་ཐག་དེ་ཧ་ཅང་ཐུང་བའི་སྣང་བ་ཞིག་འགོག་མེད་དུ་སྐྱེ་ཞིང་། སྲོད་དུས་ཀྱི་རྩྭ་ཐང་ནི་སུ་ལ་སྒུག་མཁན་གྱི་གཞོན་ནུ་མ་ཞིག་གི་འདུ་ལོང་འཁྲུག་པའི་སེམས་ཁའི་བྲེལ་འཚུབ་ཀྱི་རྣམ་པ་དང་མཚུངས་སྟེ།ཉིན་དཀར་ཕྱུགས་ཟོག་རི་ནས་འདྲེས་པས་སྲོད་དུ་འདབས་ནས་བཀར་མཁན་གྱི་རྫི་བོ་རྫི་མོ་དེ་ཚོ་དང་། གཟན་རྩྭས་བཅུད་དང་འོ་མའི་མངར་གྱིས་གསོས་པས་སྲོད་དུ་སྦྲ་འདབས་དང་སྦྲ་འདབས་ཀྱི་ཀྱ་ཀྱུར་རྒྱུ་བའི་ཆུ་ཕྲན་དེའི་ཕར་ཁ་ཚུར་ཁ་ནས་རྩེད་ཁུག་བྱས་ཏེ་མཆོངས་རྒྱུག་བྱེད་ཀྱི་ཡོད་པའི་བེའུ་པྲ་ཆལ་དེ་དག་དང་དེ་དག་གི་རྗེས་མ་ཆོད་པར་བང་གིས་རྒྱུགས་པའི་བྱིས་པ་བསམ་མེད་དེ་ཚོ། སྦྲའི་ཁ་ཚུབ་ལས་སྲོད་རླུང་གི་འཇམ་ཤར་ཆགས་པས་རང་དབང་མེད་པར་སྲོད་རླུང་གི་རྒྱུ་བར་འགྲོགས་ནས་རྩྭ་ཐང་དང་རི་ཚོགས་ཀྱི་པང་ཁུད་དུ་འཆམ་འཆམ་དུ་ཕྱིན་ཡོད་པའི་དུ་སྤྲིན་ལང་ལོང་དེའི་གསེང་དུ་རང་གི་འདུན་པ་དང་དུངས་པ་བསྐུངས་མཁན་གྱི་བཞོ་ཟེའུ་ཅན་གྱི་བུ་མོ་དེ་ཚོ། སྦྲ་ཁྱིམ་སྨུག་པོ་འདི་དང་འདིའི་དྲོད་འཇམ་གྱི་པང་ལ་འཁོར་བའི་ནང་གཟའ་མི་དང་གཟའ་མིའི་དགོད་སྒྲ་ལས་གཞན་ལ་འབྲེལ་བ་ཅི་ཡང་མེད་པ་ལྟར་བག་ལྷོད་ཀྱིས་འདུག་པའི་རྒན་རྒོན་དེ་ཚོ། སྦྲའི་ཕྱི་རོལ་གྱི་བར་ཐག་ཅུང་མི་རིང་བའི་ས་ན་འུར་ཆ་འདྲུད་ཅིང་གོམ་ཁ་དྲ་དྲུད་ཀྱིས་ཡོང་བ་ལ་རང་ཚང་གི་ཁྱི་རྒན་གྱིས་ཀྱང་ངོས་མ་ཟིན་པར་འབ་ཟུག་གཏོང་གི་ཡོད་པའི་སྲོད་དུས་ཀྱི་རྩྭ་ཐང་གི་བག་ཡངས་ཀློང་གི་འདུ་འཛི། ཆར་རྗེས་ཀྱི་ན་བུན་ལང་ལོང་དང་མག་མོག་གི་ཁྲོད་དུ་སིམ་པའི་འཇམ་ཤ་དང་ཞི་འཇགས་དེས་ཁོ་ནི་རང་དབང་མེད་པར་འུར་ཟིང་གི་གཏིང་དུ་ནུབ་པའི་འུར་ཟིང་གི་གྲོང་ཚོ་ཞིག་ལས་རྒྱང་ཕུད་བཏང་སོང་། ཁོས་རང་གི་སེམས་ཁ་རུ་ལྕིད་ཏིག་གིས་མནན་ཡོངས་པའི་བསམ་གཞིག་གི་ཕ་བོང་དེ་རེ་ཞིག་རྩྭ་ཐང་གི་ས་སྲོད་ཀྱི་རུམ་ཁར་ཤུགས་ཀྱིས་གཡུགས་སོང་ནའང་། མུན་པ་སྲབ་མོ་ཞིག་རྒྱང་རིང་གི་རིའི་ཉག་ཁ་དག་ནས་རྐུན་ཇག་ཅིག་དང་འདྲ་བར་རྐང་འཇབ་ལག་འཇབ་ཀྱིས་མངོན་ཡོང་སྟེ་སྲོད་དུས་ཀྱི་ལྷོད་གཡེང་གི་ཁྲོད་་དུ་ར་བཟི་བའི་ཡོད་ཚད་རས་ཐུམ་ནག་པོ་ཞིག་གི་ཁུད་དུ་གཅུད་རྗེས་སྐར་ཚོགས་ཀྱི་ར་མདར་སྒུག་ཡོད་པ་ལྟ་རྗའི་མུན་པས་ཁོའི་ནང་སེམས་ཀྱི་སྙི་ས་ཞིག་ལ་ཁུ་ཚུར་གྱིས་ཡང་ཡང་བརྡེགས། དེ་དང་བསྟུན་ནས་ཁོའི་སེམས་ཁུར་དང་བསམ་གཞིག་གི་ལྕིད་ཤུགས་ཀྱིས་མནན་པས་ངར་དྲི་ཐུ་ལི་ལི་བྱེད་པ་ལྟ་བའི་རླངས་འཁོར་དེ་ཡང་ཆེ་རྒྱུ་ཆུང་རྒྱུ་མེད་པའི་རྫོང་མཁར་ཞིག་ཏུ་སྒྲ་སྐད་དང་བཅས་སླེབས་བྱུང་། མུན་རིབ་ནས་ཡུན་རིང་འགོར་མེད་ནའང་། སྲང་ལམ་གྱི་འགྲམ་ངོགས་གཉིས་སུ་མཐོ་སྒང་གི་མུན་པར་འཇིག་པ་མེད་པར་རང་གི་ནུས་ཚོད་ཀྱིས་མུན་པ་སྟུག་པོ་དེ་དང་འོད་ཀྱིས་འཐབ་རྩོད་བྱས་ཏེ་མུན་པའི་གཏིང་དུ་ལྷུང་སོང་བའམ་ཡང་ན་ལྷུང་བར་འགྱུར་བའི་ལམ་འགྲོ་བ་གང་མང་གི་ལམ་སྟོན་སྒྲོན་མེར་གྱུར་བའི་གློག་སྒྲོན་གྱི་རུ་དཔུང་གྲལ་འགྲིག་པོ་དེས་ཁོ་དང་བཅས་པའི་རྒྱང་རིང་གི་འགྲུལ་བ་མང་པོ་ཞིག་དེ་ལྟར་ཕྱི་ནས་ནང་དུ་བསུས་ཤིང་ནང་ནས་ཕྱི་རུ་བསྐྱེལ་མ་བྱས་ཏེ་དུས་ཡུན་ཅི་ཙམ་འགོར་ཡོད་པ་མཚན་མོ་འདི་ཕར་ལ་འདས་ཏེ་སང་གི་ཉི་མ་མ་འཛུམ་པར་སུས་ཀྱང་དཔག་དཀའ་ཚོད་དུ་འདུག་པས། ཁོས་ཀྱང་ད་ལྟ་དེའི་ཕྱོགས་ལ་བློ་ཁ་བསྐོར་གྱི་མི་འདུག སྟོད་སོག་གི་རྫོང་མཁར་དེ་ནི་མི་འདྲ་མིན་མང་པོ་ཞིག་འཁོར་སར་གྱུར་འདུག་པའི་ཁར་མུན་ཡང་རུབ་འདུག་པས་ཁོས་ཐོག་མར་འདུག་གནས་ཤིག་འཚོལ་རྒྱུ་ནི་ཁོའི་ཕྲག་སྟེང་དུ་ལྷུང་བའི་ལས་དང་པོར་གྱུར་ཡོད་ངེས། ཁོ་གྲོང་ཁྱེར་གྱི་སློབ་གྲྭ་དེ་རུ་ཡོད་དུས་ཀྱང་མཚན་མོར་མོ་དང་བཅས་འཆམ་འཆམ་དུ་འགྲོ་རྒྱུར་དགའ་ཞིང་། མཚན་མོར་གཏོང་བའི་གཞས་ཁང་དུ་འགྲོ་རྒྱུར་དེ་བས་ཀྱང་མོས་པ་ཡོད། དེ་བས། ཁོ་རང་རླངས་འཁོར་ལས་བབས་མ་ཐག ཐོག་མར་སོག་རྫོང་དུ་གྲགས་པའི་རྫོང་མཁར་དེའི་ནུབ་ལམ་ཕྱོགས་སུ་གྲལ་བསྒྲིགས་ཡོད་པའི་ཁ་ཆེ་བ་དེ་དག་གི་ཟ་ཁང་ཞིག་ནས་ནུབ་འཚལ་རྒྱགས་ཚད་ཅིག་འཐུང་འཕྲོར་གཡོན་ཕྱོགས་ཀྱི་གླུ་ཁང་དང་དེའི་ཕར་ཁ་རུ་མི་རིགས་ཀྱི་མགྲོན་ཁང་ཡོད་པའི་སྲང་ལམ་དེར་ཕྱིན། ཁོ་ཆུང་དུས་ནས་འབྲོག་ཐང་ནས་ནར་སོན་པ་སོགས་རྒྱུ་རྐྱེན་གང་ཡིན་ཆ་མི་འཚལ་ནའང་།ཁོ་ལ་གཞས་ལེན་པར་ཤིན་ཏུ་སྤྲོ། ཁོས་གྲོང་ཁྱེར་གྱི་གླུ་ཁང་དང་ཆང་ཁང་དུ་རྒྱུན་པར་མོ་ལ་ལ་གཞས་བཏང་བ་མ་གཏོགས་མི་གཞན་ལ་ལེན་ས་མེད། དོ་ནུབ། རྒྱ་མཚོའི་ངོས་ལས་རྨི་བཞི་སྟོང་ཙམ་གྱི་སར་ཆགས་པའི་མདོ་དབུས་མཐོ་སྒང་གི་རྫོང་མཁར་འདིའི་གླུ་ཁང་ཆུང་བ་འདི་ནས་སྐྱེས་ཕོ་མོ་ཀུན་གྱིས་བསམ་གཟས་ཏེ་ཁོའི་རྣ་ཁར་བཏང་བ་ལྟ་བའི་རི་གླུས་ཁོའི་བྱང་ཁོག་ཧྲིལ་བོ་ཚ་ལམ་ ལམ་དུ་བཏང་ཞིང་།རང་ཉིད་ ཀྱང་ནང་དུ་བསྲེས་ནས་ལེན་འདོད་ཀྱི་ཚོར་བ་ཟབ་མོ་ཞིག་གི་ལག་པས་ཁོ་རང་ཡང་དྲུད་དེ་ཁོའི་མདུན་ཕྱོགས་ཀྱི་འུར་ཟིང་གི་གཏིང་དུ་ལྷུང་བའི་གླུ་ཁང་དེའི་ནང་དུ་བུད་སོང་། དེ་ནི་གླུ་ཁང་ཁོ་ན་ཞིག་མིན་པར་ད་དུང་ཆང་འཐུང་སའང་འདུག་པས།དགོང་མོ་དེའིདུས་ཚོད་ཀྱི་གོམ་སྒྲ་རིང་མོའི་ཁྲོད་ནས་ཁོ་ཡང་སྟོད་སོག་གི་གླུ་ཁང་དེའི་ནང་གི་གླུ་བ་ཞིག་ཏུ་གྱུར་ཅིང་། མཇུག་མཐར།མིག་གི་གཏིང་དུ་འཁྱིལ་བའི་དྭངས་གཙང་གི་བརྩེ་བ་ཅན་གྱི་གཟུགས་ཕུང་ཞིག་དང་གཉིད་ཀྱི་ཁང་བཟང་དུ་ཆས་སོང་ནའང་ཐང་། ཁོས་ཁ་ཆེའི་ཟ་ཁང་དེ་ནས་ཟ་མ་ཟ་དུས། མོས་བཏང་འོངས་པའི་ཁ་པར་དེའི་ལན་དུ་ད་དུང་འདུག་གནས་ཤིག་བཙལ་མེད་ཚུལ་ལབ་པ་དེ་དང་། མོ་རང་ཁ་པར་གྱི་སྐུད་སྣེ་དེ་ནས་ཁོས་ད་དུང་འདུག་གནས་ཤིག་ཀྱང་བཙལ་མེད་ཟེར་བར་སེམས་ཁུར་དང་སྨྲེང་བས་མནོན་ཏེ་ངུས་བྱུང་བའི་སྐད་དེ་མ་གཏོགས་མཚན་མོ་དེར་ཁོས་ཅི་ཡང་གོ་མ་སོང་བ་འདྲ་བྱུང་སྟེ།སྟོད་སོག་གི་འབྲོག་པ་དེ་གཉིས་ཀྱིས་རྒན་མོ་བརྩད་ནས་གླུ་ཁང་དེནས་རྡུང་རེས་བརྒྱབས་པ་དང་། གླུ་ཁང་དེའི་སྦྱིན་བདག་ལ་མོ་སར་གཉིས་ཀྱིས་བསླུ་བྲིད་བཏང་བ་ཆང་འཐུང་དེ་ཚོས་ནམ་གུང་ཆང་སྐྱོན་ཕུད་རེས་བྱས་ཏེ་གླུ་ཁང་གི་དངོས་ཟོག་འབོར་ཆེན་བཅག་པ་སོགས་ཀྱི་གནས་ཚུལ་ཁོས་ཅི་ཡང་གོ་མེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།