བྱ་མདོ་དོན་གྲུབ་ཚེ་རིང་གི《ན་བུན་ཁྲོད་ཀྱི་དབྱར་ཟླ》།

རྩོམ་པ་པོ།:བྱ་མདོ་དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-02 11:16:00 ཀློག་གྲངས།:
སོག་ནས་རྩེ་གཞུང་དང་།དེ་ནས་མང་གཞུང་དུ་ཐོན་དུས།ཕ་ཡུལ་ནི་དབྱར་གྱི་་བྲང་གཞུང་དུ་བདེ་བར་གཉིད་འདུག་ཅིང་།  ད་ལྟའི་ཁོའི་བྲང་ཁོག་ན་འཕྱུར་གྱིན་པའི་སྐྱོ་སྡུག་གི་ན་ཟུག་དེ་འདྲ་གཏན་ནས་ལངས་མ་མྱོང་བ་དང་འདྲ་བར་འདུག་ཅིང་། བདེན་རྫུན་གྱི་སྐད་ཆ་ལྷུག་པོར་སྨྲ་བའི་ལྕེ་བར་དུ་ཉམ་ཆུང་གིས་ལྷུང་ནས་འདུག   ལོ་ཟླས་བསྐྱུགས་པའི་མི་གཙང་བ་ཅི་ཞིག་གདོང་ལ་ཁུར་འདུག་པའི་ཡུལ་མི་ཚོས།ཁོ་རྒྱང་རིང་ནས་ཐོན་ཡོང་བ་ཤེས་རྗེས། ཅི་ཞིག་གོ་བར་ཧུར་བརྩོན་གྱིས་ཉན། ཁོ་ཡུལ་ལ་ཐོན་ནས་ཅུང་མ་འགོར་བར།  ཁོའི་ཨ་ཕས་བཤད་པ་ལྟར་ན། སྔར་ལྟར་ད་ལོའི་དབྱར་ཁ་འདིར་ཁོ་བླ་བྲང་ལ་དཔེ་ཁྲིད་དུ་སོང་བ་རེད་ཅེས་པ་དེ་མ་གཏོགས་ཅི་ཡང་མ་གོ  བྱ་ཆུའི་ངོགས་སུ་ཆུ་སྐྱིར་གསུམ་གྱིས་ལྡིང་བསྐོར་རྒྱག་གིན་འདུག་ཅིང་།དེ་ནི་ཁ་སང་གི་ཉི་མ་ནུབ་ཤུལ་གྱི་སུ་ཞིག་གི་བཟི་དྲགས་པའི་ཚོར་བ་ཟ་ཟི་དེ་དང་འཕྲུལ་སྣང་མག་མོག་དེ་དང་ཡང་འདྲ་བྱུང་།   ཕ་ཡུལ་གྱི་སེམས་གཏམ་དང་སྡུག་ཡུས་ཀྱི་ལུང་བ་དེ་རུ་ཁོས་རང་་གི་ནང་ཁོག་གི་རློན་པར་གྱུར་བའི་ཡོད་ཚད་ཕྱི་རུ་སློག་ནས་དྲོད་འཇམ་གྱི་ཉི་མར་བསྐམས་པའི་ཕ་ཡུལ་གྱི་ཉིན་ཞིག་སྟེ་ཕྱིར་སློབ་གྲྭར་ལོག་པར་ཡང་ཉིན་མང་པོ་མེད་པའི་ཉིན་དེར། མེ་ཏོག་གིས་ཁ་པར་འབྱོར་བྱུང་། ཁོས་རང་ཉིད་ལ་དེ་ལྟར་གྲ་  སྒྲིག་དང་དུས་ཚོད་ཅི་ཡང་མེད་པར་ཨ་ཕ་ཞིག་ཏུ་གྱུར་འགྲོ་བ་ཡིད་ཀྱི་དགུ་ལའང་མ་དྲན།   མེ་ཏོག་གིས་རྒྱང་རིང་གི་གཡུ་སྒང་རྩྭ་ཐང་ནས་ཁོ་རང་ཅིས་ཀྱང་ཕྱིར་ལ་ལན་ཅིག་ལོག་དགོས་པའི་རེ་བ་ཞུས་པས།  སློབ་གྲྭ་འཚོག་པར་ད་དུང་ཉིན་འགའ་ཡོད་པའི་ཞོགས་པ་དེར། ཁོས་བྱ་ཆུའི་འགྲམ་རྒྱུད་ཀྱི་ཁུ་སིམ་ཁུར་བའི་སྡེ་གྲོང་དེར་གྱེས་འཚམ་ཞུས་རྗེས། མེ་ཏོག་གི་ཕ་ཡུལ་གཟས་ནས་རྗད་སོང་།  མེ་ཏོག་དང་ཁོ་གཉིས་ཀྱིས་མཉམ་དུ་གཡུ་སྒང་གི་མཐའ་མི་མངོན་པའི་རྩྭ་ཐང་དེའི་ཤར་མཐར་ཅེར་ནས་བསྡད་ཅིང་། ཅུང་ཙམ་ནས་མེ་ཏོག་གིས“ད་དེ་བྱེད་མི་དགོས། ཁྱོད་མུ་མཐུད་ནས་སློབ་གྲྭར་སོང་དང་།ཤུལ་གྱི་དོན་དག་མཐའ་དག་ལ་ངས་ཤུ་རེ་བྱེད”ཅེས་ཁོའི་གདོང་ལ་ཅེར་ནས་བཤད་རྗེས་རྩྭ་ཐང་དེའི་སྟེང་གི་གྲངས་མེད་ཀྱི་ལོ་ཟླ་བརྐོས་ཡོད་པའི་ལམ་ཕྲན་ཞིག་དེད་ནས་བུད་སོང་།   གཡུ་སྒང་གི་རྩྭ་ཐང་ནས།  ཁོ་དེ་ལྟར་ལངས་ནས་བསྡད་པའི་སྐད་ཅིག་མ་དེར།   ད་གཟོད་ཁོ་ཚོར་དབྱར་གནང་བཏང་བའི་ཞོགས་པ་དེ་ནི་ཁོ་དང་མོའི་ཆེས་མཐའ་མཇུག་གི་ས་ཚིགས་ཤིག་ཡིན་པརྟོགས་ཤིང་།   དེ་ནི་དེ་འདྲའི་རླན་གཤེར་དང་ལྡན་ལ་བཟི་སྟོབས་ཀྱིས་འབར་བ་ཞིག་ཡིན་པའང་རྟོགས་སོང་།  སྟོད་སོག་གི་རླངས་འཁོར་འབབ་ཚིགས་ཀྱི་འུར་ཟིང་གི་ཞོགས་པ་དེར།མེ་ཏོག་གི་ཕ་མ་གཉིས་གཙོ་བྱས་པའི་མེ་ཏོག་སོགས་ཀྱིས་ཁོ་སློབ་གྲྭར་སྐྱེལ་མ་བྱས་ཤིང་གནང་བ་བཏང་རྗེས་མྱུར་མོར་ཕྱིར་ཤོག་དང་ངེད་མ་རྗ་གཉིས་ནས་ཁྱོད་ཀྱི་ལོག་ཕེབས་ལ་སྒུག་ནས་འདུག་ཅེས་མེ་ཏོག་གིས་རང་གི་ཁྱོ་བོ་དང་སུ་ཞིག་གི་མ་འོངས་པའི་ཨ་ཕར་གྱུར་དང་འགྱུར་རྒྱུ་ཡིན་པའི་ཁོར་དེ་ལྟར་བཤད། 
  སྐད་ཆ་དེ་དག་གིས་ཁོའི་མགོ་ནང་ཧྲིལ་བོར་ནག་འཐོམ་མེར་བཏང་ནའང་།ད་ནི་ ཁོས་ཀྱང་ཡིན་མདོག་གིས་མིག་གཉིས་བཙུམ་སྟེ་ལམ་ལ་ཆས་འགོ་བརྩམས་སོང་།
  མཚོ་སྔོན་མི་རིགས་སློབ་ཆེན་ནི་བྲེལ་ཟིང་གི་གཏིང་དུ་ལྷུང་འདུག་པའི་གོ་སྐབས་དང་བསྟུན་ནས་ཁོ་ཡང་སློབ་གྲྭའི་སྒོ་ཆེན་ནས་ཉེས་ཅན་ཞིག་དང་འདྲ་བར་ཡར་འཛུལ།  མི་ཚོགས་ཀྱི་འདུ་ལོང་རྣམ་པར་འཁྲིག་པའི་ཁྲོད་ནས་གློ་རྗར་དུ་ཁོས་མོ་སྟེ་གཡང་མོ་སྐྱིད་མཐོང་བྱུང་།  ཅུང་མ་འགོར་བར་གཡང་མོ་སྐྱིད་ཀྱིས་ཁོ་མི་ཚོགས་ཀྱི་ཟུར་ཞིག་ཏུ་བོས་བྱུང་།  མོས་དབྱར་གནང་གི་ཁོའི་དཀའ་སྡུག་ཅི་ཡང་མ་དྲིས་ལ་བཤད་ཀྱང་མ་སོང་། མོས་སློབ་གྲྭའི་སྒོ་ཆེན་ནས་ཡར་འཛུལ་མ་ཐག་རྡོ་ཕ་བོང་ཆེན་པོ་ཞིག་བཞག་ཡོད་པ་དེའི་འགྲམ་ན་ངལ་གསོས་ནས་བསྡད་ཡོད་པའི་མི་དེའི་ངོ་ལ་བལྟས་ཙམ་བྱས་རྗེས། ང་དེ་རིང་འདིར་ཡོང་དོན་ནི་ངའི་མི་སྒེར་ཡིག་ཚགས་ལེན་དུ་ཡོང་བ་ཞེས་བཤད་པས། ཁོ་རེ་ཞིག་ཧད་པར་བྱས་སོང་ལ་དེར་མཐུད་ནས་མོས་ཁ་གསབ་ཀྱི་ཚུལ་དུ་ངའི་ལུས་ལ་ཁྱོད་ཀྱི་ཤ་ཁྲག་དུམ་བུ་ཞིག་འཁོར་ཡོད་པས་སློབ་གྲྭ་ནས་ཕྱིར་འབུད་བྱ་རུ་ཡོང་བ་ཡིན། ཁོ་རང་གི་དབང་བོ་གང་ཞིག་ལ་ཡིད་ཆེས་ཐབས་བྲལ་སོང་།     དབྱར་ཟླ་ཐུང་ཐུང་གོ་དེའི་རིང་ལ་ཁོ་དེ་ལྟར་ཕྲུ་གུ་གཉིས་་ཀྱི་ཨ་ཕར་གྱུར་སོང་།
  ཁོའི་སྣང་བ་ཞིག་ལ་དབྱར་ཟླ་དེ་ནི་སེམས་ཀྱི་ཟབ་སར་འཐིབས་པའི་ན་རྗན་སྟུག་པོ་ཞིག་དང་འདྲ་བྱུང་ལ་མུན་ནག་གི་ཁྲོད་ནས་རང་ལ་སུ་ ཞིག་གིས་གཅར་བརྡུང་བྱས་པའི་གཏིང་ཟབ་པའི་རྨ་ཁ་ཆེན་པོ་ཞིག་དང་ཡང་འདྲ་བྱུང་།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།