འབུམ་ཕྲག་གི་རང་མོས་སྙན་རྩོམ་ཁག་བཅུ་བདུན།
འབུམ་ཕྲག་གི་རང་མོས་སྙན་རྩོམ་ཁག་བཅུ་བདུན།
འབུམ་ཕྲག(ཀན་ལྷོ།)
1 མིང་མེད།
མི་དེ་དག་གིས སུ་ཞིག་གིས
གང་ཞིག་གིས ངའི་བྲང་ཁོག་ལ
ན་ཟུག་བླུགས་སོང མུན་ནག་བྱོ་སོང
འཁྲུལ་སྣང་དང་ཆང་རག་བླུགས་སོང
དུ་སྨུག་དང་ནད་ཡམས་བྱོ་སོང
ཡང་ན་དྲན་གདུང་དང་འཁྲེང་ཞེན་བླུགས་སོང
མིན་ན་མཛེས་སྡུག་དང་གཏམ་རྒྱུད་བྱོ་སོང
དགའ་དྲགས་པས་ཡིན་ནམ དངངས་དྲགས་པས་ཡིན
ཡང་ན་མཛེས་དྲགས་པས་ཡིན ང་ཡི་རོགས་གཅེས
དུས་ཚོད་ཀྱི་རྡུལ་གྱི་ཐག་པའི་བརྩེ་དུང་གི་ཆུ་ཕྲན་དྭངས་མོ
གཏིང་ཟབ་པའི་ཁ་བའི་གཏམ་རྒྱུད་དང་ནུབ་མི་སྲིད་པའི་སེམས་ཀྱི་ལྷ་མོ
ཡོད་ཚད་དབུ་བརྩམས་རྗེས་སུ་ལུས་ཡོད་པ་ནི་ཅི་བྱ་གཏོལ་མེད་དེ རྨི་ལམ་འབའ་ཞིག་གོ
ཉིན་མོའི་འོད་ཟེར་གྱིས་ང་ཡི་གདུང་བ་བསྲོས་རྗེས
མཚན་མོའི་སྨག་ནག་གིས་ང་ཡི་ཁེར་རྐྱང་རུམ་ཞིང
ཐག་རིང་ཞིག་ལ་ཐོན་འདུག་པའི་སྣང་བ་ཞིག་སྐྱེས་དུས་ང་ནི་སྔར་བཞིན་སྔར་གནས་ན་འདུག་ལ
གློ་བུར་དུ་སྙན་ངག་ཅིག་འབྲི་བསམ་དུས་ཅི་ཡང་བྲི་རྒྱུ་མེད་དེ་ཨུ་ཚུགས་ཀྱིས་སྙུ་གུ་ཐང་ལ་འཇོག་དགོས་ཡོད
མཚམས་ལན་རེར་གྲང་དྲགས་པས་ལྕགས་ཐབ་དམར་པོ་ཞིག་ལ་འཐམས་སྙིང་འདོད་ལ
ཡང་ལན་རེར་དྲོད་དྲགས་པས་རྒྱ་མཚོ་ཆེན་པོ་ཞིག་ཏུ་མཆོང་སྙིང་སྐྱེས
ཡིན་ཡང་ཤག་ཤག་ཏུ་བབས་པའི་ཆར་ནག་དེ་སྐབས་ཤིག་ནས་མེ་དཔུང་དམར་པོ་ཞིག་ཏུ་གྱུར་ལ
ཡང་མཚམས་ཤིག་ལ་སྙན་པས་རྫོགས་པའི་དབྱངས་རྟ་ཞིག་ཏུ་གྱུར་བས
ང་རང་གཏོལ་མེད་དུ་གྱུར་ནས་ཧད་དགོས་བྱུང་སོང
ཕ་གིའི་རི་བོ་འདི་བརྒལ་ཚར་རྗེས་ད་དུང་རི་བོ་ཞིག་བརྒལ་དགོས་སམ
གན་གྱི་བྲག་རི་འདི་གཏོར་ཚར་རྗེས་ད་དུང་བྲག་རི་ཞིག་གཏོར་དགོས་སམ
ང་ལ་ཆད་པ་ནི་ཧམ་སེམས་དང་ན་ཟུག་ཡིན་པས
སུ་ཞིག་གིས་ང་ལ་སྤར་མོ་གང་ཙམ་གྱི་ཧམ་སེམས་ཀྱང་སྦྱིན་པ་མི་གཏོང་ངམ
རྒྱ་ཁབ་ཙམ་གྱི་ན་ཟུག་ཀྱང་ངའི་སེམས་སྟེང་དུ་ལྷོད་ཀྱིས་མི་འཛེར་རམ
ཀྱེ་སེམས་དཔའ་ལྷ་མོ
དོ་ནུབ་ང་ལ་མཁོ་བ་ནི་ཁྱོད་རང་ཡིན་པས
ཁྱོད་ད་ལྟ་གང་ན་ཡོད
ཁྱོད་ཀྱིས་ང་མཐོང་མ་ཐག་བྲོས་འགྲོ་བ་དེ་ཅི
ཀྱེ་མི་ཕམ་ལྷ་མོ
དོ་དགོང་ངས་རྨི་ལམ་ནས་མཇལ་སྲིད་པ་ཁྱོད་རང་ཡིན་པས
ཁྱོད་ཀྱིས་ང་ལ་སྒུག་རོགས་མཛོད་དང
ངས་ཁྱེད་ལ་ལེགས་སྐྱེས་ཤིག་ཁྱེར་ཡོང
ཀྱེ་ཡིད་འཕྲོག་ལྷ་མོ
ད་ལྟ་ངའི་མགྲིན་པ་བརྣངས་སོང་བས
ངས་ཅི་ཡང་བརྗོད་མི་ཐུབ་སྟེ
ངས་ཁྱེད་ལ་ཅི་ཞིག་བརྗོད་ཐུབ་ངེས
ཆང་འཐུང་རྗེས མུན་རུབ་རྗེས
ཡོད་ཚད་སྐྱུགས་རྗེས་སུ སྙིང་བོ་མེད་རྗེས་སུ
ད་གཟོད་ཡོད་ཚད་རྟོགས་ལ་ཡོད་ཚད་མཐོང་ཐུབ
ཆར་བབས་རྗེས དེ་ནས་འབབ་མཚམས་བཞག་རྗེས་སུ
ཁྱོད་ཀྱིས་ད་གཟོད་ང་ངོ་མ་མཐོང་ཐུབ་པས
ངའི་ལུས་སྟེང་ནས་འཐུལ་ཡོང་བ་དེ་ནག་ནོག་གི་དུག་དྲི་མིན་པར
དཀར་ཆིལ་ལེར་གྱི་ཆུ་རླངས་དྭངས་མོ་དེ་ཡིན་ལ
ངའི་སེམས་སྟེང་ནས་འབུས་ཡོང་བ་དེ་ཆར་ཤུལ་གྱི་ཤ་མོ་དེ་མིན་པར
ཁྱོད་ཀྱིས་བཏབ་པའི་མེ་ཏོག་མིང་མེད་པ་དེ་ཡིན་ནོ།།
2014ལོའི་ཟླ5པའི་ཚེས19ཉིན་གྱི་སྔ་དྲོར་འགྲུབ།
2 སྙན་ངག་ཅིག་འབྲི་བར་རྩོམ་དུས།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་རྒས་གཉེར་གྱིས་ཁེབས་པའི་ཞལ་རས་ཤིག་དྲན་འོང་སྟེ།
ཁ་བ་ལྟར་དཀར་བའི་དབུ་སྐྲ་དེ་བསམ་ཚེ།
ངས་མིག་ཆུ་ཞིག་དབང་མེད་དུ་ཤོར་འགྲོ་ལ།
ཐན་པ་བྱུང་འདྲའི་ཕྱག་མཛུབ་དག་ཤར་ན།
ངས་གདུང་བ་འདི་ཤུགས་རིང་གིས་འབྱིན་དགོས་བྱུང་།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་གཞོན་ཤས་རྒྱས་པའི་དམ་པ་ཞིག་དྲན་འོང་སྟེ།
འཛུམ་མདངས་ཀྱིས་ཕྱུག་པའི་ངོ་གདོང་དེ་བསམ་ན།
ངས་ཕངས་སེམས་ཤིག་གཏོལ་མེད་དུ་སྐྱེས་འགྲོ་ལ།
གསོན་ཤུགས་ཀྱིས་ཁེངས་པའི་གསུངས་སྐད་དག་དྲན་ན།
ངས་བསོད་ནམས་གཞན་ཞིག་ཀྱང་ངང་གིས་བསམས་འགྲོ།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་བུ་མོ་ཞིག་གསལ་ལྷང་ངེར་དྲན་འོང་སྟེ།
ཁོ་མོའི་མིག་ཟུང་གིས་འཕངས་བའི་འོད་མདངས་ལས།
ངས་སྙན་ངག་གི་ཕོ་བྲང་ཞིག་བརྩིགས་ཆོག་ལ།
འཛུམ་བག་གིས་འཚེར་བའི་བཞིན་རས་ལས།
ངས་སྒྱུ་རྩལ་གྱི་ལྷ་རིས་ཤིག་དལ་གྱིས་བཞེངས་ཆོག
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་ཉམ་ཐག་པའི་གངས་རི་ཞིག་དྲན་འོང་སྟེ།
ཤུ་སྒྲ་ཡིས་ཁེངས་པའི་གངས་གྲོང་འདིའི་སྐྱོ་གར་རིག་ན།
ངས་ཚོད་མེད་དུ་དམོད་ཚིག་ཅི་ཡོད་ཤོར་འགྲོ་ལ།
གངས་རི་ལ་ལྕགས་རིས་བསྐོར་བཞིན་པ་འདི་མཐོང་ན།
ཞེ་སྡང་གི་མེ་རི་ཞིག་སེམས་ཁོང་ནས་འབུར་ཡོང་།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་སྙིང་ཁོང་གི་ཚོར་སྣང་མཐའ་དག་བཞུ་སྦྱངས་བྱས་ཏེ།
སྙན་ངག་གི་མེ་ལོང་གཞན་ཞིག་སྦྱངས་རྡུང་བྱེད་འདོད་ལ།
བྲང་ཁོག་གི་ཆགས་སྡང་ཡོད་རྒུ་ས་རུ་ཕྱུང་ནས།
དགོད་སྒྲ་དང་མིག་ཆུས་ལམ་བུ་ཞིག་སླེ་འདོད།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་སྨྲ་བསམ་བརྗོད་འདས་ཀྱི་བཙན་རྫོང་ཡོད་ཚད་ཐལ་བར་བཏང་ནས།
མུན་ནག་བཞིན་གཏིང་མཐའ་བྲལ་བའི་ཁམས་གཞན་ཞིག་བསྐྲུན་འདོད་ལ།
འོད་སྣང་བགྲང་ཡས་ཀྱིས་བརྟས་པའི་མེ་ཡི་གོ་ལ་གཞན་ཞིག་ཀྱང་མཁའ་རུ་འདེགས་འདོད་དེ།
སྙན་ངག་གིས་ད་གཟོད་མིའི་རིགས་ཀྱི་ཆེས་བླ་ན་མེད་པའི་སེམས་པའི་ཞིང་ཁམས་དེ་མཚོན་ནུས་སམ།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་རང་གཅིག་པུའི་ཚོར་ཤེས་དང་བསྟུན་པའི་བརྡ་སྤྲོད་ཀྱི་གཞུང་ཞིག་གསར་དུ་བརྩམས་རྗེས།
སྲ་མཁྲེགས་ཁ་པོའི་གཏན་ཚིགས་དང་ཆོས་ཉིད་ཡོད་ཚད་ཁ་ལུད་བཞིན་མར་འཕངས་ནས།
སུས་ཀྱང་ཡང་སྙིང་དྲུས་མི་ཚར་བའི་གཏེར་རི་ཆེན་པོ་ཞིག་སྤུངས་འདོད་ལ།
ནམ་ཡང་འཛད་མཐའ་བྲལ་བའི་དཔག་བསམ་ལྗོན་ཤིང་ཞིག་ཀྱང་འཛུགས་འདོད།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་དབྱངས་ཅན་མ་ཡང་དྲན་འོང་སྟེ།
ཁོ་མོས་ཁོ་བོར་ངག་གི་བྱིན་རླབས་མ་བསྩལ་བའི་བར་ལ།
ངས་སྨྲ་བརྗོད་ཡོད་ཚད་ཀྱིས་དམར་མཆོད་བགྱིས་ནས་གཞར་ཡང་གཏོང་མི་སྲིད་ལ།
འགྱུར་ཁུགས་སྣ་ཚོགས་ཀྱི་དབྱངས་རྟ་མཐའ་དག་མཆོད་རྫས་སུ་བཤམས་ནས་ནམ་ཡང་ཕྱིར་ལྡོག་མི་སྲིད།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ང་རང་སྙན་ངག་ཏུ་གྱུར་ཚར་བས།
ངས་རང་ཉིད་ཀྱི་ནམ་མཁའི་ངོས་སུ་ཅི་ཞིག་གཏོར་ཡོད་པའང་མཚམས་རེར་བརྗོད་དཀའ་ལ་མཚམས་རེར་འཆོལ་འགྲོ་བས།
ངའི་རེ་ལྟོས་ཀྱི་མིག་ཟུང་ཆེན་པོ་འདི་ཁྱོད་ལ་གཏད་ཡོད་དེ།
ཁྱོད་ཀྱིས་ད་གཟོད་ངའི་འཇིག་རྟེན་འདི་གང་འདོད་དུ་བསྒྱུར་ཆོག་པས།
སྙན་ངག་ཅིག་འབྲི་བར་རྩོམ་དུས།
ངས་ཁྱོད་རང་ཤིན་ཏུ་དྲན་ཡོང་།
2014ལོའི་ཟླ6པའི་ཚེས5ཉིན་བཅོས།
3 མཛེས་མ།
སྐག་རྫས་ཀྱི་དྲི་ལས་མེ་ཏོག་ཅིག་འཁྲུངས་སོང
མེ་ཏོག་དེ བསིལ་རླུང་གིས་དལ་གྱིས་སྒུལ་དུས
འདབ་མའི་འོག་ནས་དྲི་མ་གཞན་ཞིག་འཕྱུར་ཡོང
2014ལོའེ་ཟླ7པའི་ཚེས25ཉིན།
4 འབུ་ནག་བཟའ་ཟླ།
ཕྱི་དྲོ་གང་བོར
ངས་འབུ་སྲིན་གསོད་བྱེད་ཀྱི་ལག་ཆ་ཞིག་བཟུང་སྟེ
སྒེའུ་ཁུང་གི་སྲུབས་ནས་འཛུལ་ཡོང་བའི་འབུ་ནག་བཟའ་ཟླ་གཉིས་ཡར་བདའ་མར་བདའ་བྱས
ཡིན་ཡང་སྔར་བཞིན་གསོད་མ་ཐུབ་ལ
མཐའ་མར་ངལ་མི་གསོ་ཀ་མེད་བྱུང
དེ་ཡང་ཐོག་མར་འབུ་ནག་བཟའ་ཟླ་གཉིས་ཀྱིས
ངའི་དཔེ་ཀློག་གི་བསམ་གཏན་དཀྲུགས་པས་ཡིན་ཏེ
དཔེ་ཆའི་ངོས་སུ་ཤ་ཚིལ་འབྱར་ཡོད་པ་བཞིན
འབུ་ནག་བཟའ་གཉིས་ཡང་འབབ་བསྐྱར་འབབ་ཀྱིས་གཏན་ནས་མི་འགྲོ་ལ
དེ་ནས་ངའི་གདོང་དང་ལག་པ་དང་ཕྲག་མགོ་སོགས་སུ་ཡང་ཁྲག་རྣག་འཁྱིལ་ཡོད་པ་བཞིན
ཡང་བསྐོར་བསྐྱར་བསྐོར་གྱིས་གཏན་ནས་མི་གཏོང་བས
མཇུག་མཐར་ཁེམ་བུ་དང་འདྲ་བའི་ལག་ཆ་ཞིག་མི་འཛིན་ཐབས་མེད་དུ་བྱུང་སོང་བ་འདི་རེད
དགའ་འོས་པ་ཞིག་ལ མུན་རུབ་ཁར
འབུ་ནག་བཟའ་ཟླ་གཉིས་གར་སོང་ཆ་མེད་དུ་གྱུར་སོང་བས
ད་གཟོད་བདེ་ལྷོད་ངང་བསྡད་ཆོག་པར་གྱུར
དེ་ནས་ནུབ་འཚལ་རྒྱགས་ཚད་ཅིག་འཐུང་རྗེས
རང་གི་ཉལ་ཁང་ནང་ལ་སོང
བློ་ཡུལ་ལས་འདས་པ་ཞིག་ལ
འབུ་ནག་བཟའ་ཟླ་གཉིས་སོང་མེད་པར
ངའི་ཉལ་གདན་གྱི་ཁུད་ན་འདོད་རྩེད་ཀྱིས་མྱོས་འདུག
སྣང་ཚུལ་དེ་མཐོང་མ་ཐག
ངས་ནི་ངའི་ཡོད་ཚད་འཕྲོག་སོང་སྙམ་སྟེ
ཞེ་སྡང་ཆེན་པོས་ཁེམ་བུ་དང་འདྲ་བའི་ལག་ཆ་དེ་བླངས་ཡོང་ནས
འབྲབ་ཐེངས་གཅིག་གིས་ཕྱི་མའི་ཡུལ་དུ་བསྐྱལ་བསམ་ཀྱང
ཕངས་པ་ཞིག་ལ་དེ་མ་ཐག་ནས་འཕུར་སོང་ལ
ཤུལ་དུ་བརླན་བཤེར་གྱི་གོར་གོར་ཆེན་པོ་ཞིག་བསྐྱུར་སོང
ད་ལྟ་ང་ཅི་བྱ་གཏོལ་མེད་དུ་ལུས་ཡོད་དེ
དོ་ནུབ་རྨི་ལམ་ཞིམ་པོ་དེའི་མུ་སྐྱོང་བའི་གོ་སྐབས་ཀྱང་མེད་སོང་ལ
འགྲེལ་བཤད་མེད་པའི་གནད་དོན་ཆེན་པོ་ཞིག་ཀྱང་ཕྲག་གིས་འཁུར་དགོས་བྱུང
ད་དུང་འབུ་ནག་བཟའ་ཟླ་གཉིས་ཁང་བའི་ཕྱི་རུ་སོང་ཟིན་པར་གདེང་ཚོད་སུ་ལ་ཡོད
2014ལོའི་ཟླ6པའི་ཚེས29ཉིན།
5 སྙན་ངག་པ།
ཁོའི་མིག་ཟུང་བྲག་ལ་ཟུག་ཡོད
ཁོའི་རྣམ་ཤེས་མཚོ་རུ་འཐིམ་ཡོད
སྐྱ་མདོག་གི་ས་གཞིའི་ངོས་ལ
ཁོའི་སེམས་པ་གླན་ཡོད
མཐིང་མདོག་གི་ནམ་མཁའི་ངོས་ལ
ཁོའི་ཁྲག་རྣག་སྐྱུག་ཡོད་དེ
མི་རྣམས་ཀྱིས་ཁོ་ལ་དམུ་རྒོད་ཅེས་དམོད
ཁང་མིག་ནག་པོ་དེ་ལས་ཀི་སྒྲ་གཟན་པོ་ཞིག་གྲག་མ་ཐག
མི་རྣམས་འུར་ཆིལ་ལེར་གྱུར་ཏེ
ཁོ་ད་དུང་གསོན་ཡོད་དམ་ཟེར
ཁོང་ན་རེ ཉི་ཟླ་གཉིས་མེད་ནའང་ཆོག་སྟེ
ང་ཚོས་ཅི་ལ་བཟོ་མི་ཆོག
མིའི་རིགས་ཀྱི་དགྲ་བོར་གྱུར་རྗེས
ངས་དམྱལ་ཁམས་ནས་རུས་སྐམ་འཆའ་ཆོག་པས
དེ་ལས་བདེ་སྐྱིད་ཅིག་ག་ལ་ཡོད་ཅེས་ངར་སྐད་སྒྲོག
མི་རྣམས་སོང་ཤུལ་དུ
རྐང་རྗེས་ལས་རུལ་དྲི་འབའ་ཞིག་འཐུལ་འོང
སྙན་ངག་པར་འདས་མཆོད་སྒྲུབ་མཁན་སྙན་ངག་པ་སྤྲང་བོ་ཞིག་སྟེ
ཁོང་གིས་ཤོག་སྐྱ་ཞིག་བླངས་འོང་ནས
འཇིག་རྟེན་འདི་ཆུང་དྲགས་འདུག་པས
ངས་ཁྱོད་ལ་འཇིག་རྟེན་གཞན་ཞིག་སྐྲུན
དེ་ནི་ཁྱོད་དང་ང་ཡི་ཐུན་མོང་གི་གདན་ས་སྟེ
ངས་དེ་ནས་ཁྱོད་ལ་མགྲོན་བསུ་བྱ་ཞེས་ཤར་མར་བྲིས་སོང
2014ལོའི་ཟླ6པའི་ཚེས29ཉིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com