འབུམ་ཕྲག་གི་རང་མོས་སྙན་རྩོམ་ཁག་བཅུ་བདུན།
རྨི་ལམ་དེ་རྨི་ལམ་ལས་མ་ཐར་བར་དུ
ང་ལ་སྔར་བཞིན་མདུད་པ་དེ་འགྲོལ་ཐབས་གཏན་ནས་མི་འདུག་སྟེ
སྲུང་ཐག་དམར་པོ་དེ་སྐེ་ལ་བཅིངས་པ་ནས
ངའི་ཡོད་ཚད་སུ་ཞིག་གིས་དམ་ལ་བཏགས་ཏེ
གཞན་དབང་གི་བཙོན་ར་དེར་བཅུག་པས་མིན་ན
ང་རང་མུན་ནག་ཆེན་པོ་ཞིག་ཏུ་ལྷུང་སྲིད་པས་ཡིན་པ་སུ་ལ་གསང
ཁ་དོག་ནག་པོ་དང་དཀར་པོ་གཉིས
སུ་ཞིག་གིས་ཀྱང་ཁ་ཁར་དབྱེ་ཐུབ་པར་ཐེ་ཚོམ་མེད་མོད
འོན་ཀྱང་ཁོ་བོར་ཐེ་ཚོམ་མི་སྐྱེས་ཐབས་མེད་ཡིན་ཏེ
སྲུང་ཐག་དམར་པོ་དེ་སྐེ་ལ་བཅིངས་པ་ནས
ངས་ནག་པོ་དཀར་པོར་འཁྲུལ་འགྲོ་ལ
དཀར་པོ་ནག་པོར་འཁྲུལ་འགྲོ་བས
ངའི་མིག་ལན་པ་མིན་པ་མིན་ན་སྲུང་ཐག་དམར་པོ་དེ་ལན་སྲིད་པ་ཁོ་ཐག་ཡིན་མོད
འོན་ཀྱང་དེའི་སྐོར་གྱི་གསང་བ་སུ་ཞིག་གིས་བརྟོལ་ཐུབ་སྲིད
མཚན་མོ་ཞིག་ལ
ངས་རྨི་ལམ་ཞིག་གི་དབུ་བརྩམས་མ་ཐག
སྒེའུ་ཁུང་ལས་ལག་པ་ནག་པོ་ཞིག་སྲིང་འོང་སྟེ
ངའི་སྲུང་ཐག་ལ་འཇུས་ནས་བསྒགས་ཏེ་ང་རང་དབུགས་ཆད་ལ་ཁད་ཙམ་བཏང་ནས་ཕྱིར་བསྐུམས་སོང
ཞོགས་པར་གཉིད་ལས་སད་དུས
རང་གི་ལག་པས་སྐེ་ཡི་སྲུང་ཐག་ལ་འཇུས་ཡོད་པ་ཚོར་མ་ཐག
ང་ལ་གློ་བུར་དུ་སྔངས་སྐྲག་ཆེན་པོ་ཞིག་བྱུང་སྟེ
སྲུང་ཐག་དམར་པོ་འདི་དང་ངེད་གཉིས་ཀྱི་བར་ན་དོན་ངོ་མར་གསང་བ་ཅི་ཞིག་མཆིས་ཨང་བསམ་བྱུང
2014ལོའི་ཟླ7པའི་ཚེས20ཉིན།
7 སེམས་ཁྲལ།
སྤྱིར་ན་ངས་རང་ལ་སེམས་ཁྲལ་བྱེད་དགོས་དོན་མེད་དེ
ལྷུང་བཟེད་དེར་གས་སྲུབས་དོད་མེད་ལ
ལྡེ་མིག་དེར་ཡང་ད་དུང་བཙའ་ཆགས་མེད་པས
ངས་རང་ཉིད་ལ་སེམས་ཁྲལ་བྱེད་དགོས་དོན་ཅི་ཡོད
དེ་ནས་རང་ལ་སྡིགས་དོན་ཀྱང་མེད་དེ
ངས་དུས་ཚོད་དག་བུད་ཤིང་དུ་བཀོལ་ནས
རང་ལ་ནུབ་འཚལ་ཞིམ་པོ་རེ་བསྐོལ་ཏེ་འཐུང་རྗེས
ཡོད་ཚད་དུམ་བུ་གཉིས་སུ་བཅད་ནས
རྨི་ལམ་མངར་མོ་རེ་རྨི་བཞིན་ཡོད་པས
ངས་རང་ལ་སྡིགས་དོན་ག་རེ་ཡོད
དེ་ནས་ཡང་རང་ཉིད་ནི་རང་གི་དགྲ་རུ་འཛིན་དགོས་དོན་དེ་བས་ཀྱང་མེད་དེ
ངས་སྔར་ནས་རང་ཉིད་འདུལ་ཐུབ་པས
ད་དུང་ན་ཟུག་སྒྱེ་གང་ཁུར་ནས
རང་ཉིད་ཇི་ལྟར་འདུལ་བར་སེམས་ཁྲལ་རུམ་གང་བཅུག་དགོས་དོན་ཡང་ཅི་ཞིག་ཡོད་ཨང
གསལ་བོར་བཤད་ན
ང་རང་ཆེས་སེམས་ཁྲལ་འོང་ས་ནི
རྣམ་ཤེས་དང་བཅས་རང་ཉིད་དུར་འཇུག་བྱེད་རན་དུས
འཇུག་སའི་དོང་ཞིག་རྙེད་མིན་དེ་ཡིན
2014ལོའི་ཟླ6པའི་ཚེས15ཉིན།
8 ང་ལ་ཅི་ཡང་མེད།
ང་ལ་ཅི་ཡང་མེད
ཤོག་ལྷེ་དཀར་པོ་ཞིག་ལས
ང་ལ་ཅི་ཡང་མེད
ང་ལ་ཅི་ཡང་མེད
གྲིབ་གཟུགས་ནག་པོ་ཞིག་ལས
ང་ལ་ཅི་ཡང་མེད
ང་ལ་ཅི་ཡང་མེད
དངུལ་ལོར་བཀྲུས་མ་འགའ་ལས
ང་ལ་ཅི་ཡང་མེད
ང་ལ་ཅི་ཡང་མེད
ང་ལ་ཅི་ཡང་མེད་པས
དོན་ངོ་མར་ང་ལ་ཅི་ཡང་མེད་ན་བསམ་བྱུང
2014ལོའི་ཟླ5པའི་ཚེས27ཉིན་གྱི་དགོང་མོར།
9 རང་ཉིད་ལ་གདམས་པ།
ཁྱོད་ཀྱིས་རྨི་ལམ་སྟོང་བ་དེ་ཟོ་བ་སྟོང་བ་ཞིག་ལྟར་མཐོ་རུ་བཀྱགས་ནས
ཆར་ཐིགས་རྡོག་གཅིག་ཀྱང་ལྷུང་མི་སྲིད་པའི་དགུན་ཁའི་ནམ་མཁའ་ལ་འཛེད་དེ
ཅི་ཞིག་འཐོབ་འདོད་ཀྱི་ཨུ་ཚུགས་ཀྱིས་རང་ཉིད་ནི་ཅི་འདྲའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་སོང་བ་ཡིན་ཁུལ་གྱིས
ནམ་ཞིག་གི་ཚེ་ན་བདུད་རྩི་ལྟ་བུའི་སྦྲང་ཆར་ཟིལ་མ་ཞིག་གིས་ཟོ་བའི་ཁ་གང་བར་ངེས་པ་ཡོད་མདོག་གིས
བཟོད་པ་དང་དཀའ་ཐུབ་ཆེན་པོའི་བྲག་གི་རི་བོ་དག་ཀྱང་རྒྱབ་ཀྱིས་ཁུར་ཐུབ་ཚོད་ཀྱིས
རྨ་ཁ་ལས་བརྡོལ་བའི་ཁྲག་གི་མུ་ཏིག་དམར་པོ་དག་རྔུལ་ནག་གི་གཙང་བོ་དང་ལྷན་དུ་བློས་བཏང་ན་ཡང
དེ་ནི་གཏིང་ཟབ་པའི་མུན་ནག་གི་དབུས་ལ་ལག་སྙོབ་བྱས་ནས་ཅི་ཞིག་འཚོལ་བ་ཇི་བཞིན
ཡང་ན་ཕད་གོག་སྟོང་བ་ཆེན་པོའི་ཞིག་གི་ནང་ནས་ཅི་ཞིག་ཡོང་སྲིད་མདོག་གིས་སྤྲུག་སྤྲུག་གཏོང་བ་བཞིན
ནོར་བུས་སྟོངས་བའི་རྒྱ་མཚོ་ཞིག་གི་འཇིངས་ལ་ནོར་འཚོལ་བའི་ངལ་བ་བསྟེན་པ་རང་ཟད་པས
ཁྱོད་རང་ད་ལྟ་ནས་སྨུག་པ་ཆེན་པོས་གཏུམ་འདྲའི་གཉིད་དེ་ལས་སད་དགོས
སད་ནས་ཀྱང་མེ་དཔུང་ལྟ་བུའི་རྣམ་ཤེས་ཤིག་གྲོང་འཇུག་བྱ་དགོས་ལ
སྦྲུལ་གྱིས་ཤུན་པ་བརྗེ་བ་འདྲ་རང་མིན་པའི་དངུལ་གྱི་ཤུན་པ་ཞིག་གིས་ལུས་ཡོངས་སུ་གཏུམས་ནས
གཞར་ཡང་གཞོམ་པ་མེད་པའི་ཉི་མ་བཞིན་ལྟར་སང་ཉིན་གྱི་སྐྱ་རེངས་ཤར་མ་ཐག
གསེར་མདོག་གི་ལྭ་དེ་ཅིས་ནས་གྱོན་ཏེ་ཤར་རིའི་རྩེ་ནས་ཐོན་དགོས་སོ
ཡིན་ཡང་ད་ནི་དུས་ཚོད་ཀྱི་རྡུལ་གྱི་ཐག་པ་དེ་སུ་ཞིག་གིས་ཀྱང་ཟིན་ཐབས་བྲལ་བས
ཁྱོད་རང་འུ་ཐུག་ཐབས་ཟད་ཀྱི་ངང་ནས་རྨི་ལམ་གྱི་གྲུ་ཁ་ལ་ཕྱིར་ལོག་པའི་སྟ་གོན་ཡང་བགྱིད་སྲིད་ལ
ཕངས་སེམས་ཀྱི་བློ་འགྱོད་ཆེན་པོས་ཀི་རིང་ཆེན་པོ་ཞིག་མིག་ཆུ་དང་ལྷན་དུ་འདེབས་ཀྱང་སྲིད
ཡིན་ཡང་རང་ཉིད་ཀྱིས་རང་ལ་ད་ནི་འགོར་ཟིན་ངེས་ཞེས་པའི་དྲི་བ་དེས་འཛེར་དུས
ལྡོག་སྟེ་ཆེས་སྔ་བའི་དུས་སྐབས་དེ་ཡིན་པས
ཁྱོད་རང་བློ་གཏན་ནས་མི་ཕམ་པར་དུས་ཚོད་ཅེས་པའི་འདུ་ཤེས་ཀྱི་ལྕགས་སྒྲོག་དེ་ལས་ཐར་དགོས་ལ
འགོར་འདུག་ཅེས་པའི་རང་ཉིད་ཀྱི་རྐང་ལམ་རང་གིས་ཞིག་ཏུ་འཇུག་མཁན་དེ་དང
རང་གི་རྐང་བ་རང་གིས་གཅོག་ཏུ་འཇུག་མཁན་དེ་ཅིས་ཀྱང་ཤ་རྙོག་རུས་རྙོག་ཏུ་གཏོང་དགོས
མ་ཟད་ཡིད་ཆེས་གསར་བ་ཞིག་དང་རེ་སྨོན་གསར་བ་ཞིག་རང་གི་དེད་དཔོན་དུ་བསྐོས་ནས
ནམ་ཡང་ཕྱིར་སྣུར་གྱི་བློ་སྐྱེ་བའི་སྟ་གོན་ཙམ་ཡང་མི་བྱ་བར
ཡང་བདག་ཉིད་ནི་བདག་གི་མགོན་ཡིན་པ་ཤེས་བཞིན་ཏུ་གཡབ་མོ་འབའ་ཞིག་གི་རྗེས་སུའང་མི་རྒྱུགས་པར
རིག་པའི་མེ་ཏོག་གི་ལང་ཚོ་ཁྲི་མ་འབུམ་གྱིས་འཕྱུར་བའི་སྐྱེད་ཚལ་ཆེན་པོ་འདི་ནས
རང་ཉིད་ལ་བུང་བའི་འདུ་ཤེས་དེ་བཅངས་ཏེ
རང་ཉིད་དམ་ཡང་ན་རང་ཉིད་ཀྱི་མ་འོངས་པའི་ཆེད་དུ
ལབ་ཞིག་བརྒྱབ་ན་མི་རིགས་སམ་མི་རིགས་ཀྱི་མ་འོངས་པའི་ཆེད་དུ
དེ་ལས་ལབ་ཆེན་པོ་ཕ་བོང་འདྲ་བ་ཞིག་བརྒྱབ་ན་འགྲོ་བ་མིའི་རིགས་ཀྱི་ཆེད་དུ
ཡོད་ཚད་བློས་གཏོང་ཐུབ་པའི་ཆོད་སེམས་སམ་གཡར་དམ་ཞིག་གིས་སམ
ཡང་ན་ཡོད་ཚད་གཞོམ་འདོད་པའི་ཧམ་སེམས་ཆེན་པོ་ཞིག་གིས
རང་ཉིད་ལ་རང་གིས་རྡོ་རྗེ་ལྟ་བུའི་ལྕགས་ཐག་ཅིག་སྐེ་ལ་བསྐོན་ནས
ཡོད་ཚད་ཀྱི་ཡོད་ཚད་བདག་པོ་ཁོ་ལ་བཅོལ་བཞིན
ནམ་མཁའ་རལ་བོ་འདིའི་འོག་ནས
ས་གཞི་ཐེད་པོ་འདིའི་སྟེང་ནས
ར་ཡིས་བཟི་འདྲའི་ཁ་སང་དེ་རིང་གི་སེམས་པ་འདི
ནད་ཀྱིས་མནར་འདྲའི་ཁ་སང་དེ་རིང་གི་ལུས་པོ་འདི
མཆིལ་མ་ལོག་ལོག་ཅིག་དང་གོས་སྐྱ་ཧྲལ་ཧྲུལ་བཞིན་མར་དོར་རྗེས
ད་ནི་དངོས་གནས་ནམ་ལངས་སོང་སྙམ་བཞིན
བྲེལ་འཚུབ་ཞིག་གི་སྐྱོ་ཉམས་སྒོས་ཧུར་གྱིས་མལ་ཁྲི་ལས་ལངས་ཏེ
འགོར་ཟིན་ཞེས་པའི་དངངས་སྐྲག་ཆེན་པོ་ཞིག་དང་མཉམ་དུ་དཔེ་ཆ་ཞིག་མཆན་གྱིས་བཅིར་ནས
འོད་སྣང་གི་ཕོ་བྲང་དང་ཆེས་ཐག་ཉེ་བའི་ལམ་བུ་དེར་ཞུགས་དགོས་ལ
ནམ་ཡང་ཕྱིར་འཁོར་མེད་པར་རྒྱུགས་དགོས་སོ། །
2014ལོའི་ཟླ5པའི་ཚེས11ཉིན།
10 ཁ་ཡིག་མེད་པའི་སྙན་ངག་ཅིག
ཆུ་ནི་དྭངས་ཤིང་ཞིམ་པས་ཡིན
སེམས་ནི་བརྟོལ་ཞིང་ཤོར་བས་ཡིན
ཡང་ན་གྲང་འདར་བརྒྱབ་པས་ཡིན
རྨི་ལམ་ནི་རྟོག་བཟོ་བྱས་པ་ཞིག
ན་ཟུག་ནི་བྱས་ཉེས་ཐེབས་པས་ཡིན
སྐྱོ་འཛུམ་ནི་སྒམ་ཚུགས་སྟོན་ཕྱིར་རོ
སྨག་ནག་པའི་མཚན་གུང་དུ
ཟླ་བ་ནི་ང་ཡི་སྙན་ངག་དང
སྐར་ཚོགས་ནི་ང་ཡི་སྐྱོ་རོགས
དགུ་ཚིགས་ནི་སེམས་འཕྲིན་དྭངས་མ་སྟེ
སྐར་མདའ་ནི་མིག་ཆུ་འབའ་ཞིག་གོ
སྒོ་ཁའི་དར་ལྕོག་འདི
བསིལ་རླུང་གིས་དལ་གྱིས་གཡུག་དུས
སེམས་པ་འདི་དར་ལྕེ་ནར་མོ
སྨོན་ལམ་འདི་ལྷབ་ལྷུབ་བསྐྱོད་སྟངས
འཇིག་རྟེན་དེ་རྨི་ལམ་གཞན་ཞིག
གོམ་པ་མདུན་དུ་སྤོས་ཀྱང
འགུལ་བ་དེ་ཇེ་ཆུང་ནས་ཇེ་ཆུང
གྲིབ་མ་དེ་ཇེ་ཟབ་ནས་ཇེ་ཟབ
ཐག་རིང་གི་ཆེས་རྒྱང་རིང་གི
མཛེས་སྡུག་གི་ཆེས་མཆོར་སྒེག་གི
ང་ཡི་རྨི་ལམ ང་ཡི་ལྷ་མོ
ལག་པ་ཉེ་སར་བསྲིངས་ཀྱང
སྟོང་བ་དང་སྐྱོ་བ
ཟོལ་མེད་དང་བས་བསུས་ཀྱང
ཕམ་ཁ་དང་རྡུལ་འཚུབ
སུ་ཞིག་གིས་སེམས་པ་རལ་བོ་འདི་བཙེམ་ཐུབ
སུ་ཞིག་གིས་བརྩེ་བ་རྫུན་མ་འདི་བསུབ་ཐུབ
2014ལོའི་ཟླ4པའི་ཚེས6ཉིན་ཕ་ཡུལ་ནས།
11 དོ་ནུབ་སྙན་ངག་ཅིག་འབྲི་དགོས།
དོ་ནུབ་སྙན་ངག་ཅིག་འབྲི་དགོས
ཁོ་མོ་མ་གཉིད་གོང་དུ
ངས་ཅིས་ཀྱང་སྙན་ངག་ཅིག་འབྲི་དགོས
སྙན་ངག་ནི་ངའི་ཡོད་ཚད་ཡིན་པས
ཁོ་མོ་མ་གཉིད་གོང་དུ
ངས་ཅིས་ཀྱང་སྙན་ངག་ཅིག་འགྲུབ་དགོས
དོ་ནུབ་སྙན་ངག་ཅིག་འབྲི་དགོས
སྙན་ངག་ནི་ཆང་རག་གམ་བདུད་རྩི་ཡིན་ལ
ཁོ་མོ་མ་སད་བར་དུ
ངས་ཅིས་ཀྱང་སྙན་ངག་ཅིག་འཐུང་ཚར་དགོས
སྙན་ངག་གིས་ངའི་རྨི་ལམ་ཡོངས་སུ་བཟུང་ཚར་བས
ངས་སྙན་ངག་དང་མཉམ་དུ ཁོ་མོ་དང་མཉམ་དུ
རྨི་ལམ་ཞིག་རྨི་དགོས
དོ་ནུབ་སྙན་ངག་ཅིག་འབྲི་དགོས
བྲང་ཁོག་ནས་ཡུན་རིང་ཉར་བའི་ཚིག་འབྲུ་ཡོད་ཚད
ལྷུག་པོར་ཕྱུང་ནས
སྙན་ངག་ཅིག་ཅིས་ཀྱང་འབྲི་དགོས
ཁོ་མོ་གཉིད་ལས་སད་ན
སྙན་ངག་དེ་ཡང་གཉིད་ལས་སད་དགོས
དོ་ནུབ་སྙན་ངག་ཅིག་འབྲི་དགོས
སྙན་ངག་ཅིག་ཅིས་ཀྱང་འབྲི་དགོས
སྙན་ངག་ཅིག་བྲིས་ཚར་རྗེས
ང་རང་ནི་སྙན་ངག་ཡིན་ལ་སྙན་ངག་ཀྱང་ང་རང་ཡིན་ནོ།།
2013ལོའི་ཟླ4པའི་ཚེས3ཉིན་གྱི་ཞོགས་པར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com