འབུམ་ཕྲག་གི་རང་མོས་སྙན་རྩོམ་ཁག་བཅུ་བདུན།

རྩོམ་པ་པོ།:འབུམ་ཕྲག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-17 09:51:00 ཀློག་གྲངས།:
12 མེ་ལོང་།

མེ་ལོང་འདི
ཤེལ་གྱི་མེ་ལོང་མིན་ཏེ
ལི་དང་ཟངས་ཀྱི་མེ་ལོང་ཡང་མིན་ཏེ
མེ་ལོང་འདི
ཤ་ཁྲག་གི་མེ་ལོང་སྟེ
དེ་ཀྱང་མིན་ཏེ
མེ་ལོང་འདི
སྣང་བའི་མེ་ལོང་སྟེ
གཏིང་ཟབ་པའི་མཚོ་མོ་དེའི
ལག་པ་རིང་པོ་དེའོ

ལག་པའི་མེ་ལྕེ་རྒྱས་ནས་ཡོད་ཀྱང
མེ་ལྕེ་འདི
ལག་ལྗིབས་ནག་པོ་ཞིག་གིས་བཏུམས་ནས་ཡོད་དེ
ལག་པ་འདི
ཁྱོད་ལ་ཐོགས་སྙིང་ཇི་འདྲ་ཆེ་བ་ནས
ལག་ལྗིབས་འདི
ཁྱོད་ལ་འཕུད་འདོད་གང་འདྲ་མཆིས་ཡང
དེ་ནི་མཁའ་ལ་རི་མོ་འབྲི་བར་རྩོམ་པ་དང་འདྲའོ
མཚོ་མོར་འོ་མ་སིམས་པ་དང་མཚུངས་སོ

མི་ཞིག་གིས་མེ་ལོང་ཞིག་ཁྱེར་ཡོང་ནས
རང་གི་གདོང་ལ་བལྟས་པར
གདོང་དེ་མེ་ལོང་གིས་འཐེན་ཕྱིན་ནས་ཕྱིར་ལེན་ཐབས་མ་བྱུང
མེ་ལོང་ནང་གི་གདོང་དེས་ཁོང་ལ་བཤད་རྒྱུར
གདོང་དགོས་ན་མེ་ལོང་དུ་འཛུལ་ཤོག་ཟེར

2013ལོའི་ཟླ3པའི་ཚེས26ཉིན།

13 ཆིག་ལབ།
     (1)
དུས་ལས་འདའ་ཤུལ་དུ
གསེར་རྡོག་པོ་དེ་ཅི་ལྟར་འཚོལ་ལམ
ཤོག་དངུལ་དག་ཟད་རྗེས་སུ
འོ་མ་དེ་གང་ནས་མར་བྱོ་དགོས
ནམ་ལངས་རྗེས
མུན་རུབ་པར་སྒུག་དགོས་དོན་ཡང་ཅི་ཡོད
     (2)
མེ་ཏོག་གི་བསླུ་བྲིད་ལ་ཆགས་པའི
སྙིང་ཆུང་འདི་ལྡིང་སོང
ཐེ་ཚོམ་གྱི་འདམ་དུ་ལྷུང་བའི
གསང་གཏམ་དག་འདར་སོང
རྨི་ལམ་དང་གཏམ་རྒྱུད་ཡོད་ཚད
རབ་ཏུ་འབྱམས་སོང
     (3)
འོད་སྣང་ཁོ་ན
རང་ཉིད་དང་ཆེས་ཐག་རིང་ན
དུག་རྫས་ཁོ་ན
རང་དང་ཆེས་ཐག་ཉེའོ

2014ལོའི་ཟླ7པའི་ཚེས2ཉིན།

14 སྙན་ངག་མེད་པའི་ཉིན་འདི་དག
སྙན་ངག་མེད་པའི་ཉིན་འདི་དག་རིང
ང་རང་དུ་མཁན་ཞིག་ལ་མཚོན་ན
ཐ་མག་ཆད་པའི་ཉིན་དག་དང་ཤིན་ཏུ་མཚུངས་བར་འདུག་སྟེ
ཅི་ཞིག་ཆད་པ་འདྲ་བའི་ཚོར་བ་སྟུག་པོ་དེས
ར་མདའ་བཞིན་ང་རང་མི་གཏོང་ལ
ངས་ཀྱང་ཅི་ཐུབ་ཀྱིས་རེ་ཙམ་སྐྱུག་ཨེ་ཐུབ་བལྟས་ཀྱང
ཚོར་བའི་ཕྲ་ཕུང་དག་གློ་བུར་ཤི་སོང་བ་བཞིན
ཅི་བྱ་གཏོལ་མེད་ངང་འདུག་པ་ལས་ཅི་ཡང་ནུས་མ་སོང

ཉེ་སྔོན  རུས་པ་ཞེས་པའི་སྙན་ངག་ཅིག་བློ་ངོས་སུ་བྲིས་ཡོད་མོད
ད་ལྟ་རུས་པ་དེའི་ངོ་བོ་ཡོངས་སུ་འགྱུར་ཟིན་ནས
བསམ་གཞིག་ལན་མང་བཏང་བཏང་ཡང
ཁྱི་རྒན་ཞིག་གིས་མཆེ་བར་ནས་བསྡམས་པའི་རུས་སྐམ་དཀར་སིང་ངེ་བ་ཞིག་ལས་ཅི་ཡང་མི་འཆར་ལ
ཡང་ཡི་དྭགས་ཞེས་པའི་ཡིད་བརྙན་དེ་ཡིད་ལ་འཆར་མགོ་བརྩམས་པ་ནས
ང་རང་ཡི་དྭགས་ཤིག་ཡིན་ཞེས་སྙན་ངག་ཅིག་བཞེངས་པར་ཞུགས་མོད
ཚོན་རྩི་ཡིས་མ་ལྡེང་བས་ཡིན་ནམ་ཡང་ན་རྟོག་པ་འགག་སོང་བས་ཡིན་ནམ
གང་ལྟར་ཡོད་ཚད་བཏང་སྙོམས་སུ་མི་འཇོག་ཐབས་མེད་དུ་གྱུར་སོང

འོན་ཀྱང  དེ་རིང་ངས་གཅིག་འབྲི་ཐུབ་སོང
སྙན་ངག་ཡིན་ཀྱང་ཆོག་ལ་མ་ཡིན་ཀྱང་ཆོག
རང་གིས་ཀྱང་ཅི་ཡིན་མི་ཤེས་མོད
གང་ལྟར་གཅིག་འབྲི་ཐུབ་སོང་བ་འདི
སྙན་ངག་མེད་པའི་ཉིན་འདི་དག་གི་མཇུག་བསྡོམས་ཙམ་དུ་ཟད་སོང་བས
མཐའ་མར་ངས་ཅི་ཞིག་རྟོགས་སོང་ཟེར་ན
སྙན་ངག་ནི་སྟེས་དབང་གིས་འབྱུང་ལ
སྙན་ངག་ནི་ཚོར་བ་རློན་པས་འབྲི་དགོས་སོ་ཞེས་པ་དེའོ

2014ལོའི་ཟླ7པའི་ཚེས17ཉིན་གྱི་གུང་ལ།

15 མདང་ནུབ། ངས་བསམ་གཞིག་བཏང་།
མདང་ནུབ    ངས་བསམ་གཞིག་བཏང
རང་ཉིད་གཅིག་པུས་མཁར་རྫོང་ཞིག་བརྩིགས་ཐུབ་སྙམ
རོལ་དབྱངས་ཐན་ཐུན་ཞིག་ལ་ཉན་རྗེས
ངས་དེ་ལྟར་བསམ་གཞིག་བཏང

བསམ་གྱིས་མི་ཁྱབ་པ་ཞེས་པའི་ཁ་ཡིག་དེ་བློ་ལ་སྐྱེས་པ་ནས
ངས་བློས་བསླངས་གང་མང་ཞིག་བཏང་ཡང
བྲི་རྒྱུ་ཞིག་གཏན་ནས་རྙེད་པ་མི་འདུག་པས
མདང་ནུབ་ཡང་ངས་སྔར་བཞིན
སྙན་ངག་དེའི་ཕྱིར་དུ་བསམ་གཞིག་ཡང་ཡང་བཏང

ཁོ་མོའི་རྨི་ལམ་ཧ་ཅང་ཞིམ་ངེས
སྔུར་སྒྲ་དེ་ཡང་ཧ་ཅང་འཇམ་སྲིད་དེ
དཀར་གསལ་གྱི་ཟླ་འོད་ངའི་སྔས་མགོར་བརྒྱབ་མ་ཐག
ངས་ལག་ཟུང་གིས་འོད་ཟེགས་དག་འཛིན་པར་བྲེལ་བཞིན
དེ་ལྟར་ཡང་བསམ་གཞིག་ཅིག་བཏང

རི་བོའི་ཕར་རྒྱབ་ཀྱི་རྫི་བོ་དེ་ངའི་གྲོགས་པོ་ཞིག་ཡིན
ད་ལྟ་ཁོ་བརྩེ་དུང་གི་བྲན་གཡོག་ཏུ་གྱུར་ནས
ཟླ་འོད་འཛོམས་པའི་མཚན་མོ་རེ་རེར
ཁོ་རང་ཆེས་ཐོག་མར་དུས་ཆད་བཏབ་སའི་ནགས་གསེབ་དེར་འཛུལ་ཏེ
འདས་སོང་གི་གཏམ་རྒྱུད་ལ་ཕྱིར་དྲན་བྱེད་པར་གོམས་ཡོད
འོན་ཀྱང   མདང་ནུབ    ཁོ་རང་ནགས་གསེབ་དེ་དང་ཤིན་ཏུ་ཐག་རིང་བས
ཁོང་གིས་དྲན་གདུང་གང་འདྲ་ཞིག་མྱོང་བཞིན་ཡོད་ཨང
ངས་དེ་ལྟར་གདུང་སེམས་ཤིག་ཤོར་སོང

གལ་ཏེ་མཚན་མོ་འདི་མཚེའུ་ཞིག་ཏུ་འགྱུར་ཚེ
ངས་ཟླ་འོད་ཀྱི་འོག་ནས་ཁྲུས་ཤིག་རོལ་ཆོག་ལ
ད་དུང་སྙན་ངག་ཅིག་ཀྱང་བྲིས་ཆོག་སྟེ
ཁ་བྱང་ལ་མཚན་མོའི་སྙན་ངག་ཅེས་བཏགས་ཆོག

མདང་ནུབ    ངས་དེ་ལྟར་བསམ་གཞིག་བཏང
བསམ་གཞིག་གིས་ང་རང་གཉིད་ཁུགས་པར་བྱས་སོང

2014ལོའི་ཟླ6པའི་ཚེས11ཉིན།

16 ང་རང་སྙན་ངག་འབྲི་མཁན་དེ་མིན་སོང་།
དབྱངས་ཅན་མ་ཁོ་བོར་དབང་ཆོག་ལ
དབྱངས་ཅན་མ་སུ་ལའང་དབང་ཆོག
སྔོན་འགྲོའི་གཏམ།
     (1)
ངས་མེ་ལོང་གི་རྒྱ་མཚོའི་གཏིང་མྱུལ་ནས
རང་གི་ནང་ཁྲོལ་དང་ཁྲག་དྲོན་དྭངས་མ
འབག་སྐུ་དང་སྐེག་རྫས་ཡོངས་རྫོགས་ཕྱིར་འདོན་མ་བཏུབ་ལ
རྒྱབ་རི་སྨུག་པོ་ནས་ཤ་སྦྲང་གིས་འཚང་ག་རྒྱག་བཞིན་པའི
ཟླུམ་པོའི་བྲང་ཁོག་དང་ས་རྡུལ་གྱི་ནག་ཉེས
གངས་རིའི་ནག་ཞད་དང་མེ་ཏོག་གི་ནག་ཐིག་སོགས
ཅི་ཡང་མཐོང་མ་སོང་བས
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (2)
ལག་ཟུང་ཉིད་ནམ་མཁའ་ལ་བསྲིངས་སྟེ
ཐར་ཐོར་དུ་བཀྲམ་པའི་རྒྱུ་སྐར་དག་སྦར་འཛིན་ལ་བྲེལ་ནས
དེ་དག་གི་ཆག་གྲུམ་ལས་ཐོབ་པའི་ཉལ་ཉིལ་གྱི་རྡོ་ཧྲུག་དེ་དག་དང
རྫ་འདབས་ཤིག་ནས་མཐའ་བཞིའི་འཇིག་རྟེན་ལ
རྒྱང་ལྟ་བྱས་པའི་རབ་རིབ་ཀྱི་སྨུག་སྤྲིན་ཟ་ཟི་གཉིས་གཅིག་ཏུ་སྡེབ་ཞིང་གཡོ་བཞིན
ཁྱེད་ཚོའི་མདུན་ལ་འདམ་བག་བཞིན་སྐྱིལ་ཡོང་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (3)
ཤར་ནས་འཆར་ལ་ནུབ་ནས་ནུབ་བོ་ཉི་མ་དེ
མང་ན་སྐྱིད་དོ་ཉུང་ན་སྡུག་གོ་ཤོག་དངུལ་ནར་མོ་དེ
དཀར་ན་མཛེས་ལ་ནག་ན་བཙོག་གོ་གྲོང་གི་བུ་མོ་དེ
སྦས་ན་མཆོག་གོ་བསྒྲགས་ན་ཐུའོ་མཚན་མ་དེ
ད་དུང་ཡིན་ཡིན་ཆོག་ཆོག་གིས་ཁྱེད་ཚོའི་རྣ་བར་བླུགས་པ་ཡིན་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (4)
མེས་པོས་ང་ལ་བཞག་པའི
དཀར་པོ་ནི་ངེས་པར་དུ་དཀར་པོ་ཡིན་དགོས་ལ
ནག་པོ་ནི་ངེས་པར་དུ་ནག་པོ་ཡིན་དགོས་པའི་ཁ་ཆེམས་ལྟར
ངས་ཤུན་སྐོགས་ཀྱི་གཏན་ཚིགས་དེ་བསྐྱངས་སོང་ནས
དགུ་ཚིགས་ཀྱི་བར་སྟོང་དེ་ནས
རང་ལ་དབང་བའི་གོ་ལ་ལས་སྤྱི་ལ་དབང་བའི་གོ་ལའི་ཚོགས་ལ་གོམ་གཅིག་ཀྱང་མ་སྤོས་པར
ཨ་ཤིང་གིས་སྒོ་གླེགས་གཏན་དུ་བཅད་དེ་ཁྱིམ་ཕུགས་ནས་སྒོང་བཞིན
སྐར་ཁུང་ནས་བསྲིངས་པའི་འོད་ཀྱི་ཀ་བ་གསེག་མར་ཁེན་ཏེ་ཡོད་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (5)
ན་ནིང་ནམ་མཁའ་སྔོན་མོ་དེའི་ནང་སྙིང་ལ་བལྟས་སྐབས
གྲི་ཆུང་དངུལ་ཤན་མ་ཞིག་གིས་བཤས་པ་ཡིན་ལ
མེ་ལྕེ་དམར་པོ་དེའི་འཕྱོ་སྟངས་བརྗོད་སྐབས
རླུང་ཁའི་དར་ལྕོག་ཅིག་ལ་དཔེར་བླངས་པ་ཡིན
ད་ལོ་ཡང་དེ་ལྟར་ཡིན་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (6)
རང་ཤོང་སྤྱིལ་བུར་འཛུལ་ནས
སྒོ་དང་སྒེའུ་ཁུང་ཐམས་ཅད་གཏན་ཞིང
ཐ་ན་ཉི་ཐིག་ཕྲ་མོ་ཙམ་ཡང་བརྟོལ་ནས་ཡོང་ས་མེད་པ་ཞིག་བྱེད་ནས
བར་སྣང་གི་མཁའ་དབུགས་ཉུང་ངུ་དེ་རྔུབ་སྟེ
དེ་རུ་ལྡིང་བའི་ཕྲ་རབ་ཀྱི་སྐྱོམ་སྟངས་འབའ་ཞིག་སྐྱ་རིས་སུ་ཕབ་ལ
རྡུལ་ཕྲན་དང་རྡུལ་ཕྲན་བར་གྱི་གདོང་ཐུག་གི་ཨག་སྐད་དང
བདའ་འདེད་ཀྱི་དགོད་སྒྲ་དེ་ཚོ་ཚོན་རྩི་རུ་བསྡེབས་ནས
སྣུམ་ཚོན་རི་མོ་ཞིག་བྲིས་པ་ཉིད
དུ་ཞགས་ཀྱི་སྣེ་ལ་བཏགས་ཏེ་ཁྱེད་ཚོའི་འཕྲིན་སྒམ་དུ་བསྐུར་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (7)
བྲག་སྐྱིབས་ནས་བཏུས་འོང་བའི་འཕྱི་རྟུག་དེ་དག
ཕ་ཡུལ་ལ་ལོག་རྗེས་བག་ལེབ་ཞིག་གི་ཁུགས་ལ་གཅུད་ནས་སྤོད་ཡའི་ཚབ་བྱས་ལ
སྡེར་གཞོང་གཙང་མ་ཞིག་གི་ནང་ལ་བཞག་ནས
ཁྱེད་ཚོར་མགྲོན་འབོད་བཏང་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (8)
ཤིན་ཏུ་འདོད་པའི་སྐེ་རྒྱན་དེ་རང་ལ་ཉོ་ཐབས་ནི་གཏན་ནས་མ་བྱུང་བས
རྐུན་པོའི་སྐྱེ་བ་བླངས་ཏེ་ཡས་ནས་བྱུར་ཆུང་འགའ་བརྐུས་ལ
མས་ནས་བྱུར་རྫུན་འགའ་ཉོས་སྟེ
དེ་དག་ཡུན་རིང་ཆ་སྒམ་དུ་ཉར་བའི་ཐ་གུ་ཞིག་ལ་བརྒྱུས
མཐའ་མར་ཟ་མ་ཏོག་སྤུས་ལེགས་ཅན་ཞིག་ཏུ་བཅུག་ནས
ཐག་རིང་གི་མཛའ་མོའི་ཕྱོགས་སུ་སེམས་མཚོན་གྱི་ལེགས་སྐྱེས་འབའ་ཞིག་ཏུ་བསྐྱལ་བ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (9)
ལམ་ལ་ཆས་བསམ་དུས
རྟ་རྒན་གྱིས་འདོད་ཐོག་ལ་གཏན་ནས་བཞག་མ་སོང
འཕྲུལ་རྟའི་བཤེར་སྣུམ་ཡང་འཛག་འདུག་ལ
རླངས་འཁོར་ཡང་དེ་བཞིན་འདུག་པས
ལྕག་ཚན་གྱིས་བྲབས་བྲབས་པའི་མཐར་ད་གཟོད་འགྲོ་ཙམ་བྱས་མོད
དེ་དུས་ཁྱེད་ཀྱིས་སྒུག་པའི་ང་རང་དུས་ཆད་ལས་ཡུན་རིང་འདའ་སོང་ལ
བཙན་གྱིས་ཞོན་ནས་ཡོང་བའི་རྟ་རྒན་ནི་རྔུལ་ཆུས་སྦངས་འདུག་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (10)
ལུག་བཞིན་གང་འགྲོ་དེ་ག་ནས་རིལ་སྐྱག་གཏོང་བ་བཞིན
ངས་ཀྱང་གང་འགྲོ་དེ་ག་ནས་སྣང་བ་ཟ་ཟི་དེ་གཅིན་སྐྱག་བཞིན་ལྟར་འཕངས་ལ
འོན་ཏེ་གསེར་སྐྱག་དང་གསེར་གཅིན་གང་རུང་ཞིག་ལ
བཙོ་སྦྱངས་བྱེད་ཨེ་ཐུབ་པར་མནོ་བསམ་ཅིི་ཡང་མ་བཏང་བར
བག་ཡོད་དང་བྲལ་ནས་ཁྱེད་ཚོའི་སྣ་སྒོར་གཏུགས་པ་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་ནམ།
     (11)
ཤོག་དངུལ་བཞིན་དུ
ཇི་ལྟར་མང་ན་དེ་ལྟར་སྤམ་པའི་བློ་དེ་འཆང་ནས
ཐབས་སྣ་ཚོགས་དང་གཡོ་ཇི་སྙེད་བཀོལ་ནས
ཚོང་ལས་བཞིན   ཐོན་སྐྱེད་བཞིན   ཐོན་རྫས་བཞིན
གྲངས་ཚད་ཁོ་ནར་ཡིད་དམིགས་ནས་བསྡད་ན
ངས་འབྲི་བཞིན་པ་འདི་སྙན་ངག་ཡིན་སྲིད་དམ།

འདི་ལྟར
དབྱངས་ཅན་མ་ཁོ་བོར་དབང་སྲིད་དམ
ཁྱོད་ལའང་དབང་སྲིད་དམ།
                                   མཇུག་གི་གཏམ།

2014ལོའི་ཟླ1པོའི་ཚེས20ཉིན་ཀླུ་ཆུ་ནས།

17 དོ་ནུབ་སྙན་ངག་ཅིག་འབྲི་དགོས།
དོ་ནུབ་སྙན་ངག་ཅིག་འབྲི་དགོས
ཁོ་མོ་མ་གཉིད་གོང་དུ
ངས་ཅིས་ཀྱང་སྙན་ངག་ཅིག་འབྲི་དགོས
སྙན་ངག་ནི་ངའི་ཡོད་ཚད་ཡིན་པས
ཁོ་མོ་མ་གཉིད་གོང་དུ
ངས་ཅིས་ཀྱང་སྙན་ངག་ཅིག་འགྲུབ་དགོས

དོ་ནུབ་སྙན་ངག་ཅིག་འབྲི་དགོས
སྙན་ངག་ནི་ཆང་རག་གམ་བདུད་རྩི་ཡིན་ལ
ཁོ་མོ་མ་སད་བར་དུ
ངས་ཅིས་ཀྱང་སྙན་ངག་ཅིག་འཐུང་ཚར་དགོས
སྙན་ངག་གིས་ངའི་རྨི་ལམ་ཡོངས་སུ་བཟུང་ཚར་བས
ངས་སྙན་ངག་དང་མཉམ་དུ   ཁོ་མོ་དང་མཉམ་དུ
རྨི་ལམ་ཞིག་རྨི་དགོས

དོ་ནུབ་སྙན་ངག་ཅིག་འབྲི་དགོས
བྲང་ཁོག་ནས་ཡུན་རིང་ཉར་བའི་ཚིག་འབྲུ་ཡོད་ཚད
ལྷུག་པོར་ཕྱུང་ནས
སྙན་ངག་ཅིག་ཅིས་ཀྱང་འབྲི་དགོས
ཁོ་མོ་གཉིད་ལས་སད་ན
སྙན་ངག་དེ་ཡང་གཉིད་ལས་སད་དགོས

དོ་ནུབ་སྙན་ངག་ཅིག་འབྲི་དགོས
སྙན་ངག་ཅིག་ཅིས་ཀྱང་འབྲི་དགོས
སྙན་ངག་ཅིག་བྲིས་ཚར་རྗེས
ང་རང་ནི་སྙན་ངག་ཡིན་ལ་སྙན་ངག་ཀྱང་ང་རང་ཡིན་ནོ།།

2013ལོའི་ཟླ4པའི་ཚེས3ཉིན་གྱི་ཞོགས་པར།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།