གཡུ་འོད་རང་ཤར་གྱི་རྩོམ་འགའ་བཀོད་པ།
གཡུ་འོད་རང་ཤར།
དངོས་མིང་། གཡུ་འོད་རང་ཤར།
སྨྱུག་མིང་། འུག་པ།
སློབ་གྲྭ། བོད་ལྗོངས་སློབ་ཆེན།
ཕ་ཡུལ། ནག་ཆུ་སོག་རྫོང་།
བདག་པོ་མེད་པའི་མཐེ་བོང་།
དབུལ་ཕྱུག་གི་ཧེ་བག་ཆེས་ཆེ་བའི་འཛམ་བུའི་གླིང་འདི་ན། འུ་ཅག་བོད་མི་རིགས་འདི་སྲིད་འབྱོར་རིག་གསུམ་གང་ཐད་ནས་ཀྱང་རྗེས་ལུས་དང་ཉམ་ཆུང་གི་གནས་སུ་གྱར་ཡོད་པ་ནི་ཕྱོགས་རིས་དང་དུང་ཞེན་གྱི་ལིང་ཏོག་མི་མངའ་བའི་སྤྱན་ཟུང་ཀུན་ལ་གཅིག་པར་སྣང་ངེས། དེས་རྐྱེན་པས་བོད་འདི་འཛམ་གླིང་དུ་སློང་མོ་བ་ཆེས་མང་བའི་མི་རིགས་དང་ལྟེ་བའི་གྲོང་ཁྱེར་ལྷ་ས་འདི་སློང་མོ་བ་ཆེས་མང་བའི་གྲོང་ཁྱེར་དུ་གྱུར་ཡོད།བོད་ཀྱི་ཡུལ་ཕྱོགས་གཞན་ལ་བལྟོས་ན་མི་གྲངས་ཅུང་མང་བའི་གྲོང་ཁྱེར་འདིར། སློང་མོ་བས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་མི་ཉུང་བ་ཞིག་བཟུང་བསྡད་ཡོད་པ་ནི་རྒྱུན་གཏན་མི་ཚོགས་འགྲོ་རྒྱུགས་དང་འདུ་ཚོགས་ཆེས་མང་སའི་བར་སྐོར་དང་གླིང་སྐོར། རྩེ་སྐོར། ར་མོ་ཆེ་སོགས་ལ་རགས་ཙམ་བལྟས་པས་ཀྱང་ལོས་ཤེས་འོང་། འདི་ཀྱང་འུ་ཅག་གི་མི་རིགས་འདི་ཕྱི་དངོས་པོ་དང་ནང་བསམ་བློ་གང་ཐད་ནས་ཀྱང་རྗེས་ལུས་སུ་གྱུར་ཡོད་པ་དམར་རྗེན་དུ་ཕུད་འདུག་སྙམ། ཇི་ལྟར་ཞེ་ན། ཕྱོགས་གཅིག་ནས་ཕྱི་དངོས་པོའི་ལོངས་སྤྱོད་ཀྱི་བདེ་བ་ལ་རབ་ཏུ་ཆགས་མོད། ཏག་ཏག་གང་དེས་ལྷག་ཏུ་ཕོངས་སོང་བས་འཐོབ་འདོད་དང་རེག་འདོད་ཀྱི་འདོད་རྔམ་ཆེས་ཆེར་རྒྱས། ཕྱོགས་གཞན་ཞིག་ནས་ནང་གི་སྙིང་སྟོབས་དང་སེམས་ཤུགས། འགན་འཁྲི་དང་བསམ་ཤེས་སོགས་བསམ་པའི་ལོངས་སྤྱོད་ཀྱི་ནང་སྙིང་དུ་ངེས་པའི་རྒྱུ་ཆ་དག་གི་དྲི་ཙམ་ཡང་མེད་པར་ཡལ་བས། རང་ཉིད་ཀྱིས་དམིགས་པ་གཏོད་སའི་ལོངས་སྤྱོད་དག་རྩ་བ་ནས་འཐོབ་ཐབས་མ་བྱུང་བར་བརྟེན། དཀའ་སྤྱད་དག་མི་དགོས་པའི་བདེ་བ་ཞིག་ལ་རེ་ཞིང་སྙེགས་བྱ་འགོ་བརྩམས། འོན་ཏེ། རྒྱུ་མེད་ཀྱི་འབྲས་བུ་ཞིག་སུ་ཡིས་གང་ནས་འཁྱེར་འོང་། ཁྱོད་ཚོས་དཀའ་སྤྱད་མི་འདོད་ན་ལོངས་སྤྱོད་ཀྱང་འཐོབ་ག་ལ་འོས། ཟེར་ནས་ཐ་ཚིག་གཅིག་བསྒྲགས་པའི་དབང་དུ་བཏང་ན། ཁོ་ཚོས་ལམ་སེང་བདག་པོ་མེད་པའི་མཐེ་བོང་ཆ་གཅིག་ཡར་བསྒྲེང་སྲིད།སྲོལ་རྒྱུན་གྱི་བྱམས་སྙིང་རྗེ་དང་ལས་འབྲས་ཀྱི་ལྟ་བས་གཞན་དབང་དུ་ཁྲིད་སོང་བའི་བོད་མི་ཚོས་སྦྱིན་པས་ལོངས་སྤྱོད་འཕེལ་བར་འདོད་པས་རང་ཉིད་ཀྱི་ཚེ་རབས་རྗེས་མའི་ལོངས་སྤྱོད་ལ་བསམ་ནས་རང་ནུས་ལ་དཔོག་པའི་སྦྱིན་པ་རེ་མི་གཏོང་བའི་རང་དབང་ག་ལ་ཡོད།
རྒྱུན་དུ་སློང་མོ་བ་ཚོས་སྐུ་མཁྱེན། སྐུ་མཁྱེན། ཟེར་ནས་བདག་པོ་མེད་པའི་མཐེ་བོང་རེ་འཕྱར་རྒྱུར་ཧ་ཅང་གོམས་ལོབས་སུ་སོང་ཡོད། བོད་མི་ཚོ། ལེགས་པར་ཉོན་དང་། ཞིབ་པར་སོམས་དང་། ཁོ་ཚོའི་སྐུ་མཁྱེན་དེ་ལའང་བོད་ཀྱི་མདོ་སྔགས་རིག་གནས་སྤྱི་དང་མཚུངས་པར་ཤུགས་བསྟན་གྱི་གོ་དོན་ཞིག་ཀྱང་ཡོད་འདུག་ཨང་།དེའི་ཤུགས་ལས་ང་ལ་རྒྱུ་མེད་ཀྱི་འབྲས་བུ་ཞིག་སྩོལ་རོགས། ང་ལ་དཀའ་སྤྱད་མི་དགོས་པའི་ལོངས་སྤྱོད་ཅིག་སྟེར་རོགས། ཞེས་པའི་ཧམ་སེམས་དང་ཟ་སེམས་ཤིག་ཀྱང་ཞར་ལ་རྟོགས་མི་འོང་ངམ། འདིའང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་འོག་གསོ་སྐྱོང་བྱས་པ་ལས་བྱུང་བའི་མི་གཤིས་རུལ་མྱགས་སུ་གྱུར་པའི་ནད་རྙིང་གང་དེའི་རྗེས་འབྲས་ངན་པ་ལོས་ཡིན། དེང་གི་བོད་མི་མང་ཤོས་ནི་ཆོས་སྲིད་ཟུང་འབྲེལ་གྱི་བསམ་བློའི་བག་ཆགས་འོག་ཐར་པ་སྙེགས་ཤིང་ཚད་མེད་པའི་བདེ་བ་ལོངས་སུ་སྤྱོད་རྒྱུའི་ཧམ་སེམས་གྲ་མ་ཆག་གྲུ་མ་ཉམས་པར་ཡོད་མོད། གང་དེའི་སྔོན་འགྲོའི་ཆ་རྐྱེན་དུ་གྱུར་པའི་འཇིག་རྟེན་འདི་སྣང་གི་བདེ་བ་ཡོད་ཚད་དུག་ལྟར་སྤོང་བའི་སྙིང་སྟོབས་དང་ལོག་ཞེན་དེ་ཡེ་ནས་མ་སྐྱེས་པས། འཇིག་རྟེན་བློས་མི་གཏོང་བར་ཐར་པའི་བདེ་བ་སྙེགས་འདོད་བྱེད་པའི་ཧམ་སེམས་དང་འདོད་རྔམ་ཞིག་མངའ་བར་གྱུར། འདིའང་མཐར་གཏུག་ན་རྒྱུ་མེད་ཀྱི་འབྲས་བུ་ཞིག་ལ་རེ་བ་བྱེད་པ་མ་ཡིན་ནམ། བོད་པའི་རང་གཤིས་འདི་ལྟར་རུལ་ཞིང་བོད་པའི་རང་ཚུགས་འདི་ལྟར་ཉམས་འགྲོ་གིན་ཡོད། རང་ཁ་གཞན་གྱིས་གསོ་བར་རེ་བའི་སློང་མོ་བས་ས་འདིའི་གྲུ་ཟུར་ཀུན་ཏུ་གང་འདུག་པའང་རང་གཤིས་དང་རང་ཚུགས་འཆོར་གྱིན་པའི་སྣང་ཚུལ་གསོན་པོ་ཞིག་མ་ཡིན་ནམ། བོད་མི(སྙིང་རྗེ་ཅན)ཚོས་བདག་པོ་མེད་པའི་མཐེ་བོང་རེ་རེའི་ངོ་ལ་སྒོར་མོ་གྲངས་མེད་པ་གཏོང་གིན་འདུག་མོད། ང་རང་ནི་འདི་དག་མཐོང་ཐེངས་རེར་འཇིགས་ཤིང་དངངས་པར་གྱུར་ཏེ། སྦྱིན་པས་ལོངས་སྤྱོད་འཕེལ་བའི་དགེ་རྩའང་བརྗེད་འགྲོ་གིན་འདུག འདི་ནི་སྒོར་ཟུར་ཁ་ཤས་ལ་ཕངས་སེམས་སྐྱེས་པ་ག་ལ་ཡིན་ཏེ། དོན་དུ། སྒོར་ཟུར་རེ་གཉིས་ཀྱི་བསླུ་བྲིད་འོག་ནས་ཁོ་ཚོའི་མི་ཚེ་ཧྲིལ་པོའི་མདུན་ལམ་དང་ཕུགས་སོ། མི་གཞི་དང་རྩིས་ཐང་ཡོད་ཚད་ལོག་ལམ་དུ་འཕྱན་གྱིན་ཡོད་པས་ཡིན། དོན་དུ། སྒོར་ཟུར་རེ་གཉིས་ཀྱི་སྦྱིན་པའི་ཤུགས་ལས་རང་ཉིད་ཀྱང་ཕྱི་མའི་ལོངས་སྤྱོད་དང་འབྱོར་ཕྱུག་ལ་ལག་པ་བཟེད་པའི་སློང་མོ་བ་ཞིག་ལ་འགྱུར་གྱིན་ཡོད་པས་ཡིན། དོན་དུ། སྒོར་ཟུར་རེ་གཉིས་ཀྱི་བསླུ་བྲིད་འོག་ནས་མི་རིགས་ཤིག་གི་རང་ཚུགས་བོར་གྱིན་ཡོད་པས་ཡིན། མི་རབས་ཤིག་གི་རང་གཤིས་བོར་གྱིན་ཡོད་པས་ཡིན།
བདག་པོ་མེད་པའི་མཐེ་བོང་། ལྷ་སའི་ཁྲོམ་སྲང་ཀུན་ལ་བར་མེད་དུ་རྒྱུ་བཞིན་པའི་བདག་མེད་ཀྱི་མཐེ་བོང་ཚོ་ཡིན། ཀློག་པ་པོ་ལགས། ཁྱེད་ཀྱིས་བདག་པོ་མེད་པའི་མཐེ་བོང་ཞེས་པའི་ཐ་སྙད་འདི་ནི་གཏན་ཚིགས་དང་གནས་ལུགས་ཀྱིས་མ་ཟིན་པའི་འཁྲུལ་བཤད་ཅིག་ཏུ་འདོད་ཀྱང་ཆོག་ལ། ཁུངས་ལུང་དང་བདེན་དོན་གྱིས་མ་འགོས་པའི་ཡོན་གཏམ་ཞིག་ཏུ་བསམས་ནའང་རུང་། དོན་དངོས་ཐོག་འདི་དག་ནི་བདག་པོ་མེད་པའི་མཐེ་བོང་འབའ་ཞིག་ཡིན་ངེས། དེ་ལྟར་མིན་ཚེ་མཐེ་བོང་དེ་དག་ཉིན་ལྟར་རྒྱ་བོད་ཧུའུ་གསུམ་གྱི་ཁྲོམ་པ་ཁྲི་སྟོང་གི་ངོ་གདོང་ལ་གཅེར་ཏེ་སྒོར་ཟུར་ཁ་ཤས་ཀྱི་ཆེད་དུ་སྐྱུག་བྲོ་བའི་རྣམ་འགྱུར་ཅི་ཡང་སྟོན་པར་བྱེད་དུས། གང་དེའི་བདག་པོ་ལ་གདོང་ལྤགས་དགུ་བརྩེགས་ཀྱི་གོ་ཆ་ཡོད་རུང་ངོ་ཚའི་ཕྲང་ལས་ཐར་དུས་ཤིག་གང་ན་ཡོད་ཨང་། དེ་བས་ངས་ནི་འདི་དག་ལ་བདག་པོ་མེད་པའི་མཐེ་བོང་ཞེས་པའི་ཐ་སྙད་ཀྱིས་བཏགས་ཡོད་ལ། དོན་དུའང་བདག་པོའི་མིང་ཙམ་ཡོད་པའི་ཡོད་གོ་མི་ཆོད་པར་འདོད་ཀྱིན་ཡོད།
རང་ཉིད་ཀྱི་བཟའ་འཐུང་འགྲོ་སྤྱོད་ཡོད་ཚད་གཞན་གྱི་སྙིང་རྗེ་དང་གནང་སྦྱིན་ལ་སྒུག་དགོས་པའི་འཚོ་ཐབས་སྐྱོ་བོ་འདི་འདྲ་ནི། ཨ་ཆད་འུ་ཐུག་ཏུ་སོང་བ་ཉུང་ཤས་ཕུད་ཕལ་ཆེ་བ་ནི་ཟུང་ཁྲག་གྲང་མོ་ཅན་དང་རུས་པ་སྙི་མོ་ཅན་འབའ་ཞིག་ཡིན་པས། འདི་ཙམ་གྱིས་མི་རིགས་ཤིག་གི་ཉམས་ཉེས་དང་མི་རབས་ཤིག་གི་ཕམ་ཁ་ག་ལ་མཚོན་ཐུབ་སྙམ་ན། དེང་གི་ཆར་ལྷ་སའི་རྒན་རྒོན་འགའ་རེས་གླིང་སྐོར་ལ་ཕེབས་ཞོར་གཞན་གྱི་མདུན་ནས་སྒོར་མོ་སློང་སྟེ་གུང་ཟས་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད་པ་དང་། (འདིའང་སྔར་སྟོན་པ་འཁོར་དང་བཅས་པ་བསོད་སྙོམས་སུ་འགྲོ་བའི་ལུགས་ལ་རྗེས་སུ་ཡི་རངས་པའི་རྣམ་འགྱུར་ལོས་ཡིན།)ལས་མེད་འགན་མེད་དུ་ཉི་མ་སྐྱེལ་གྱིན་པའི་གཞོན་ནུ་ཕོ་མོ་མང་པོ་ཞིག་ཉིན་མོ་ཟས་གོས་ངན་ངོན་གྱི་ཚུལ་ལ་བརྟེན་ནས་སློང་མོའི་རྟུལ་ཞུགས་འཛིན་ཞིང་མཚན་མོ་ཨར་ཁང་དང་ནང་མ་ཁང་དུ་ཉིན་མོའི(ཡོང་འབབ)ལོངས་སུ་སྤྱོད་པ། དེ་བཞིན་བུ་ཕྲུག་ཁ་གསོ་བའི་འཇོན་ནུས་དང་ཆ་རྐྱེན་ཅི་ཡང་མེད་པའི་འཁྱམ་པོ་མདོ་མེད་ཚོས་འཆལ་སྤྱོད་སྣ་ཚོགས་འཛེམས་མེད་དུ་བྱས་མཐར་བུ་ཕྲུག་མང་དུ་སྐྱེས།དེ་དག་གོམ་པ་ཐེབས་ཙམ་ནས་སློབ་གསོ་མྱོང་བའི་སྐལ་བ་སྟེར་རྒྱུ་ལྟ་ཅི་གང་སར་སློང་མོར་བཏང་སྟེ་ཕ་མས་བུ་ཕྲུག་ལ་བརྩེ་བ་དང་དུང་བ་མེད་ལ། བུ་ཕྲུག་ནར་སོན་རྗེས་ཕ་མ་ན་ཚོད་ངེས་ཅན་ལ་སོན་ཡོད་པས་ཁ་གསོ་བར་མི་འདོད་ནས་རྒན་རྒོན་ཚོ་རང་ཉིད་ཀྱི་དཔལ་འབྱོར་གསོག་བྱེད་ཙམ་ལས་ཕ་མར་གུས་ཞབས་དང་བཀུར་བསྟི་ཙམ་ཡང་མེད་པར་མི་ཚོགས་ཀྱི་ཁྲོད་དུ་བདག་པོ་མེད་པའི་མཐེ་བོང་ངོམ་དུ་གཏོང་སྲིད། འདི་ནི་ཕན་ཚུན་སུས་ཀྱང་ལེ་ཁག་དཀྲི་ཐབས་མེད་པའི་བཙོག་པ་འཁོར་རྒྱུག་ཅིག་མ་ཡིན་ནམ། ད་དུང་དེ་དག་ལས་ཀྱང་འཇིགས་རུང་བ་ཞིག་ནི། གྲོང་གསེབ་ཀྱི་ཁུལ་འགའ་རེར་རྒྱུན་ལས་ཉུང་བའི་སྐབས་གྲོང་འཁྱེར་ལ་སློང་མོར་འགྲོ་བ་དེ་ཞོར་ལས་རིགས་ཤིག་ཏུ་བགྲང་གིན་ཡོད་སྐད།གཞན་དག་ཚོས་ཆེས་འུ་ཐུག་དང་ཆེས་ཉམས་ཐག་གི་འཚོ་ཐབས་སུ་བརྩི་བཞིན་པའི་སློང་མོའི་ལས་འདི་འུ་ཅག་གི་ཁོར་ཡུག་ཏུ་ཆེས་རྒྱུན་གཏན་དང་ཆེས་འོས་པ་ཞིག་ཏུ་ངོས་འཛིན་གྱིན་པ་འདི་ཅིས་ཀྱང་འཇིགས་སུ་རུང་བའི་གནས་ཡིན། འདི་དང་འདི་དག་གིས་མི་རིགས་ཤིག་གི་ཕམ་ཁ་མི་མཚོན་གང་ཞིག་མཚོན། འདི་དང་འདི་དག་གིས་མི་རབས་ཤིག་གི་ཉམས་ཉེས་མི་མཚོན་ཅི་ཞིག་མཚོན། འདིའི་ཤུགས་ལས་འུ་ཚོའི་སློབ་གསོའི་ལས་རིགས་ཀྱི་ནོར་འཛོལ་དང་མདུན་སྐྱོད་ཀྱི་ལམ་ཁའི་གོལ་སྟངས། རྗེས་རབས་སྐྱེད་བསྲིངས་ཀྱི་ཕམ་ཁ་སོགས་ནག་ཉེས་དགུ་བརྩེགས་དང་ཕམ་ཁ་སྟོང་འདུས་ཀྱི་གོང་བུ་ཞིག་ཅི་ལ་མིན།
སྤྱིར་བོད་འདི་ལེ་ལོ་དང་སྒྱིད་ལུག་ལ་ལྷག་ཏུ་དགའ་ཞིང་དུས་ཆེན་དང་གླིང་ག་ལ་དེ་བས་མོས་པས། ས་ཕྱོགས་གང་དུ་སོང་ཡང་སྙན་མོ་གླུ་ཡི་མགྲིན་སྒྲ་དང་འཁྲུག་པོ་གར་གྱི་རྡོག་སྒྲ་ཉིན་མཚན་ཀུན་ཏུ་འཇགས་པ་མེད། འུ་ཅག་དུས་ཆེན་གཏོང་རྒྱུར་ཧ་ཅང་དགའ་བས་སྲོལ་རྒྱུན་གྱི་དུས་ཆེན་རྒྱས་བསྡུས་རབ་ཏུ་མང་། དེ་དག་ལས་ཆེས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་། ཆེས་བསམ་གཞིགས་ཀྱིས་མི་འཆུན་པ་ཞིག་ནི་བདག་པོ་མེད་པའི་མཐེ་བོང་ཆེས་མང་བའི་འཇིག་རྟེན་འདིར་སྒོར་མོ་དང་སྒོར་ཟུར་གྱི་གནང་སྦྱིན་ལ་རེ་བའི་སློང་མོ་བའི་དུས་ཆེན་ཞིག་ཀྱང་ཡོད་པ་འདི་རེད། འདི་དང་ཐོག་སྲུང་མ་དཔལ་ལྷ་མོའི་གསོལ་མཆོད་ཡིན་པ་ལས་སྒོར་མོ་སློང་བའི་དུས་ཆེན་ཞིག་ག་ལ་ཡིན།འོན་ཏེ།དེང་སྐབས་མ་གཞི་ནས་སྤྱི་ཚོགས་གནས་བབས་ཆེས་དམའ་བའི་བུད་མེད་ཚོས། ཉིན་མོ་དེར་རང་གི་ཐོབ་ཐང་ལ་ཇེ་དམའ་ཇེ་དམད་ལ་བཏང་བ་སྟེ། གཞན་ལ་ལག་པ་བཟེད་ནས་སྒོར་ཟུར་རེ་གཉིས་ཀྱི་གནང་སྦྱིན་ལ་སྒུག་གིན་ཡོད་པ་རེད། དེ་ནི་ཇི་འདྲའི་ཁྱད་མཚར་བ་ཞིག་རེད་ཨང་། འཛམ་གླིང་ན་སློང་མོ་བ་ཆེས་མང་བའི་གྲོང་ཁྱེར་དུ་སློང་མོ་བའི་དུས་ཆེན་ཞིག་དར་ཞིང་། རང་ཉིད་ཀྱི་ཐོབ་ཐང་གོ་བབས་ཆེས་དམའ་བའི་བུད་མེད་ཚོས་ཉིན་དེར་ཏག་ཏག་བྲན་གཤིས་ཀྱིས་ཕྱུག་པའི་ལག་ཟུང་བཟེད་ནས་འུ་ཐུག་གི་གནང་སྦྱིན་ཙག་ཙིག་ལ་ལྟོགས་མིག་གཅེར་གྱིན་ཡོད་པ་རེད། ད་དུང་ཉིན་དེར་ཐོབ་པའི་ཡོངས་འབབ་སྙིང་རྗེ་བ་དེའི་མང་ཉུང་གི་གྲངས་ཀ་བསྡུར་ནས་གཟི་བརྗིད་དང་ངོ་ཚ་ཡི་རྣམ་གཞག་བྱེད་སྲོལ་ཡོད་འདུག་པ་ནི་དེ་བས་ཀྱང་དགོད་འོས་ལ་ངུ་བྲོ་བའི་གནས་མིན་ནམ། ཉེ་བའི་ཆར་སློང་མོ་བའི་དུས་ཆེན་འདི་ལྷ་ས་ཙམ་མ་ཟད་ས་ཁུལ་གཞན་དུའང་དར་གྱིན་ཡོད་འདུག་ན། མི་རིང་བར་འུ་ཅག་ལ་སློང་མོ་བའི་མི་རིགས་ཀྱི་ཆོ་ལོ་མཚར་བོ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱིས་མ་བགྲོས་གཅིག་མཐུན་དུ་སྩོལ་ངེས། དེ་དུས།བོད་དུ་སློང་མཁན་མང་བ་དེས་བོད་མི་རིགས་སྙིང་རྗེ་ཆེ་བ་མཚོན་ཡོད་དང་སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་སོགས་རང་སེམས་གསོ་བ་དང་རང་མགོ་གཡོགས་པའི་གཏམ་ཕྱི་རྫིག་ནང་སྟོང་འདི་ཚོ་སུ་ཞིག་ལ་ཤོད་ཨང་། དེ་དུས། ངེད་ཅག་གི་སྤུན་ཟླ་ཚོས་བོད་ཀྱི་ནགས་ཚལ་ཡོད་ཚད་བཅད་དེ་སྤྲང་རྒྱུག་བགྲང་གིས་མི་ལང་བ་བཟོས་ནས་འཛམ་གླིང་ས་ཕྱོགས་གང་སར་བདག་པོ་མེད་པའི་མཐེ་བོང་ངོམ་དུ་འགྲོའམ། དེ་དུས། ང་ཚོས་གཞན་གྱི་རྐང་འོག་རྐུབ་འོག་ནས་སླར་ཡང་། མི་ལོ་དུ་མའི་གོང་རོལ་དུ་བར་སྐོར་གྱི་སྲང་ལམ་ག་གེ་མོ་ཞིག་ནས་ཕྱི་བཙོག་ནང་འབྱོར་གྱི་སློང་མོའི་ཚུལ་ཙམ་འཛིན་པ་སུ་ཞིག་ལ།བྱམས་དང་སྙིང་རྗེའི་རྫུ་འབག་གི་འོག་ནས་དོན་དུ་རང་གི་ཕྱི་མའི་བདེ་བ་དང་འདི་གང་གི་ངོ་སོ་ལ་བསམ་གྱིན་སྒོར་ཟུར་འགའ་ཨུ་ཚུགས་ཀྱིས་སྤྲད་བཏང་བའི་འདས་དོན་དེ་ལོས་དྲན། སྤུན་ཟླ་ཚོ།ཕན་བྱས་གནོད་དུ་འགྲོ་བའི་སྦྱིན་པ་ཙམ་པོ་བ་འདིའི་མཇུག་འབྲས་ལ་ཞིབ་ཏུ་སོམས་དང་། ཉམ་ཐག་དང་ཡ་ངའི་རྫུ་འབག་འོག་ནས་ཁྱོད་ཀྱི་དཀའ་སྤྱད་ལས་གྲུབ་པའི་རྔུལ་ཁྲག་ཐིགས་པ་རེ་རེ་ལ་ལག་སྙོབས་བྱེད་ཀྱིན་པའི་སློང་མོ་བ་གང་དེའི་གདོང་རིས་ལ་ཞིབ་ཏུ་ལྟོས་དང་། སྒོར་མོ་རེ་གཉིས་དང་སྒོར་ཟུར་རེ་གཉིས་ཀྱི་གནང་སྦྱིན་དེས།བསམ་མེད་ཀྱི་བུ་ཕྲུག་ཇི་ཙམ་གྱི་མདུན་ལམ་ནག་བསུབ་ཏུ་བཏང་བ་དང་།ཉམ་ཐག་གི་རྒས་ཁོག་ག་ཙམ་གྱི་ཡ་ཆུང་སྡུག་ལ་སྦྱར་བ། དེ་བཞིན་ཉེས་མེད་ཀྱི་མི་སེར་ཅི་ཙམ་གྱི་ཁྲ་ཆུང་མཆི་མས་བཀང་ཡོད་པར་ཅུང་ཟད་ཙམ་ཡང་བསམ་ཨེ་མྱོང་། སྤུན་ཟླ་ལགས།
གདོང་ལྤགས་དང་གདོང་འབག
སྤྱིར་ངོ་ཚ་བ་ནི་མིའི་ལྷན་སྐྱེས་ཀྱི་ཁྱད་གཤིས་ཤིག་ཡིན་ལ། བག་ཡོད་ཁྲེལ་ལྡན་གྱི་སྤྱོད་པའི་མངོན་སྟངས་ཤིག་ཀྱང་རེད། ཚད་ངེས་ཅན་ཞིག་ནས་བཤད་ན་མི་ཞིག་ལ་ངོ་ཚ་ཡོད་མེད་ལས་ཁོའི་ནང་གི་དེ་ཉིད་ལ་བསྡོམས་ཚིག་འགོད་ཆོག་སྟེ། ངོ་ཚ་ཅན་ནི་ཁྲེལ་ལྡན་བག་ཡོད་དང་། གཤིས་བཟང་ཡ་རབས། འགན་སེམས་ཆེ་བའི་རིགས་ཡིན་ལ། ངོ་ཚ་མེད་པ་ནི་དེ་ལས་ལྡོག་པའོ།། ངོ་ཚ་རྩ་བ་ནས་མེད་པའི་མི་ནི་ཆེས་འཇིགས་སུ་རུང་བ་དང་ཆེས་ཐ་ཤལ་ཀློ་སྤྱོད་ཅན་དུ་ངེས་པ་ཡིན་མོད། ངོ་ཚ་བ་ཐམས་ཅད་ལེགས་པ་དང་ངོ་མ་ཚ་བ་ཡོད་ཚད་ཉེས་པར་བརྩི་རུང་བའི་གཏན་ཚིགས་ཅི་ཡང་མེད་དེ། ངོ་ཚ་བ་ནི་ཕྱི་ཡུལ་གྱི་རྐྱེན་གང་རུང་ལ་བརྟེན་ནས་བྱུང་བའི་ནང་སེམས་ཀྱི་འགྱུར་བ་ཞིག་ཡིན་པས། ཡུལ་གང་དུ་རྒྱུ་མཚན་ཅིའི་ཕྱིར་ངོ་ཇི་ལྟར་ཁྱད་ཅིག་ཡོད་པས་སོ།། མ་ཟད། ངོ་ཚ་མེད་པ་དང་ངོ་མ་ཚ་བ་གཉིས་ཀྱི་ཁྱད་པར་ཏེ།ངོ་མ་ཚ་མ་ངོ་ཚ་མེད་པས་མ་ཁྱབ་པ་འདི་ཤེས་རྒྱུ་གལ་ཆེ།
དེའང་འུ་ཚོ་ནི་ངོ་ཚ་ཧ་ཅང་ཆེ་བའི་མི་རིགས་ཤིག་ཡིན་པ་ནམ་རྒྱུན་གྱི་གཏམ་སྤྱོད་གང་ལས་ཀྱང་ཤེས་ཐུབ་ལ། ངོ་ཚ་ཅན་གྱི་མི་རིགས་ཞེས་བཏགས་ཀྱང་ཐལ་ཆ་མི་ཆེ་བའི་ཚོད་རེད། མ་གཞི་རྐུ་འཕྲོག་བཅོམ་གསུམ་ལ་བྱང་ཞིང་གཡོ་རྫུ་ཕྲམ་གསུམ་ལ་ལོབས་པའི་མི་ངན་མང་ཤོས་ནི་ངོ་ཚ་མེད་པའི་རྨང་གཞི་ལ་བརྟེན་ནས་བྱུང་བ་ཡིན་པས། ངོ་ཚ་ཆེ་བ་འདི་འུ་ཅག་གི་དགེ་མཚན་ཞིག་ཏུ་འགྲོ་ལས་ཆེ་མོད། སྐྱོ་འོས་པ་ཞིག་ལ། འུ་ཚོའི་ངོ་ཚ་དང་གཟི་བརྗིད་ཀྱི་རྣམ་གཞག་མང་ཤོས་ནི་ཕྱིན་ཅི་ལོག་པ་ཁོ་ནར་འཛིན་གྱིན་འདུག འདིའི་སྐོར་སྐབས་དོན་མིན་པས་རེ་ཞིག་བཞག་སྟེ་བྱེ་བྲག་ཏུ་བབ་ན། དེང་རབས་བོད་ཀྱི་གཞོན་སྐྱེས་མང་པོས་ངོ་ཚ་དང་འབྲེལ་བའི་ཐ་སྙད་གདོང་ལྤགས་ཞེས་པ་ཞིག་ཡུལ་དུས་ཀུན་ཏུ་བཟློ་ཞིང་རང་གི་མི་གཞི་དང་ཀུན་སྤྱོད་ལས་ཀྱང་འགངས་ཆེ་བ་ཞིག་ཏུ་བརྩི་ཡི་འདུག མ་ཟད་གང་ཞིག་ངོ་ཚ་འོས་པ་དང་ཅི་ཞིག་ལ་ཚ་མི་འོས་པའི་ཁྱད་པར་འདིས་མི་ཞིག་གི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ལ་ཐག་གཅོད་རང་བཞིན་ལྡན་པའི་འགྲོ་ལྡོག་བྱེད་སྲིད་པས། གནད་འདིར་བློ་རྣལ་ལ་ཕབ་ནས་བསམ་གཞིགས་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་འདུག མ་གཞི་མི་སོ་སོའི་ལྟ་བ་མི་གཅིག་པས་ངོ་ཚའི་རྣམ་གཞག་ཡོངས་ཁྱབ་ཅན་ཞིག་འཇོག་པར་དཀའ་ལ་བཞག་ཀྱང་ཀུན་གྱི་བློ་དང་མཐུན་པ་ཞིག་ཡོང་རྒྱུ་མ་རེད་མོད། འདི་དང་འབྲེལ་ཏེ་གདོང་ལྤགས་ཀྱི་གནད་དོན་ཅུང་ཞིག་འཆད་པར་འདོད།
གདོང་ལྤགས་ནི་མི་ཞིག་གི་ཆེས་ལྷད་མེད་ཀྱི་རང་མདོག་རྗེན་པ་དེ་ཡིན་པས་དེང་གི་གཞོན་སྐྱེས་ཚོར་གདོང་ལྤགས་ལ་འདི་ལྟ་བུའི་བརྩེ་བ་དང་དུང་བ་ཞིག་ཡོད་ན་ལོས་དགའ་མོད། བློ་ཕངས་པ་ཞིག་ལ།འུ་ཚོས་འཚོལ་ཞིང་སྙེགས་ཀྱིན་པ་དེ་གདོང་ལྤགས་དང་གདོང་འབག་གང་ཡིན་ལ་ད་དུང་བསམ་དགོས་པའི་ཚོད་རེད། འུ་ཚོས་ཤེས་དགོས་པ་ཞིག་ནི། ཐ་སྙད་འདི་གཉིས་ཀྱི་བར་ལ་གནམ་ས་ལྟ་བུའི་བར་ཐག་ཅིག་དང་། དཀར་ནག་ལྟ་བུའི་དབྱེ་མཚམས་ཤིག་ཡོད་འདུག་སྟེ། གདོང་ལྤགས་ནི་རང་ལ་ལྷན་སྐྱེས་སུ་ཡོད་པ་ཡིན་པས་འདིས་མི་གང་དེའི་རང་མདོག་ངོ་མ་བོ་དེ་མཚོན་གྱིན་ཡོད་མོད། གདོང་འབག་ནི་གཞན་གྱི་དངོས་རྫས་ཡན་གར་བ་ཞིག་ཡིན་པས་འདི་ཡི་རང་གི་འབགས་བཙོག་གི་ངོ་རིས་གཤའ་མ་དེ་སྒྲིབ་ཐབས་ཀྱི་ཚུལ་འཆོས་ཤིག་མཚོན་གྱིན་ཡོད་པ་རེད། གདོང་ལྤགས་གཙིག་འཛིན་བྱེད་མཁན་གྱི་མི་ནི་རང་གི་དགེ་སྐྱོན་གང་ལའང་ཁས་ལེན་དང་། གདོང་གཏོད་ཕོད་པའི་སྙིང་སྟོབས་ཅན་ཞིག་ཡིན་ལ་མིའི་རང་གཤིས་དང་རྩིས་ཐང་ལ་གཙིག་འཛིན་བྱེད་ཤེས་པའི་རང་ཚུགས་ཅན་ཞིག་ཀྱང་ཡིན་པས་ཡང་དག་པའི་ངོ་ཚ་ཤེས་མཁན་ཞིག་ཏུ་འདོད་ལ།གདོང་འབག་ནི་རང་མཚང་ལ་གདོང་གཏོད་པའི་སྙིང་སྟོབས་ཀྱིས་དབེན་པ་ཚོ་ཅི་ཐུབ་གང་ནུས་ཀྱིས་འཛུལ་སའི་ཤུབས་ཤིག་གམ། རང་རྩིས་དང་རང་ཚུགས་ཀྱིས་དབུལ་པ་དག་ཤི་འཐམ་རོ་འཐམ་གྱིས་བརྟེན་སའི་ཀ་བ་ཞིག་ཡིན། འདི་ནི་ངོ་ཚ་ལས་གཡོལ་ཕྱིར་ངོ་ཚ་བའི་ཚུལ་ཙམ་བཟུང་བ་ལས་གཞན་ཅི་ཡང་མ་ཡིན།
དེའང་ཐ་སྙད་འདི་གཉིས་ཀྱི་ཁྱད་པར་མཚོན་དོན་དང་བཅས་པ་ཅུང་བཤད་རྗེས། ང་ཚོའི་འདུ་ཤེས་ཁྲོད་དུ་ས་ཟུག་རྡོ་འབྱར་དུ་གྱུར་པའི་གདོང་ལྤགས་དེར་གཟུ་བོའི་བློ་དང་བདེན་པའི་མིག་གིས་གཅེར་ཏེ། དྲང་པོའི་གཏམ་ཞིག་བཤད་ན། ཚུལ་འཆོས་དང་གཡོ་ལྷད་ཞུགས་པའི་གདོང་འབག་གི་ངོ་བོ་དང་ཁྱད་མ་མཆིས་པ་རེད། དེ་དོན་མཚན་གཞི་དང་སྦྱར་ནས་ཅུང་ཟད་བཤད་ན། སྤྱིར་རང་སྐྱོན་ལ་ངོས་ལེན་དང་གཞན་གྱི་དགེ་མཚན་ཁས་ལེན་བྱེད་པ་ནི་ཀུན་གྱིས་སྔགས་འོས་ཤིང་ཡོངས་སུ་ལེན་རུང་བའི་སྤྱོད་བཟང་བླ་ན་མེད་པ་འབའ་ཞིག་རེད་མོད། དེང་གི་ན་གཞོན་ཚོས་ནི་གཞན་གྱི་མདུན་དུ་ཉམས་དམའ་པོ་ཡོང་བར་དོགས་ནས་དེ་དག་ངོ་ཚ་ཆེ་ཤོས་སུ་བརྩི་བཞིན་འདུགའོན་ཏེ་ཁོ་ཚོས་འདོད་པའི་གཟི་བརྗིད་ཀྱི་དོན་བྱ་ནི་ཏག་ཏག་གོང་གི་ལྡོག་པ་སྟེ། རང་གི་འཛིང་རབས་དང་བརྒྱབ་ཚུལ། བརྐུས་སྟངས་དང་འཕྲོག་ལུགས། ཕ་མ་ལ་མགོ་སྐོར་ཇི་ལྟར་བཏང་བ་དང་།དགེ་རྒན་ལ་སྐྱག་རྫུ་ཅི་ཞིག་ལབ་པ།གྲོགས་པོ་བཙོང་རབས་དང་། གྲོགས་མོ་གཡུགས་ཚུལ། མདོར་ན། ལེ་ལོ་དང་རྣམ་གཡེངས་ཁྲོད་རང་གིས་རང་ཉིད་ཅི་ལྟར་བོར་ཚུལ་དང་། གཡོ་སྒྱུ་དང་ཚུལ་འཆོས་ཀྱིས་གཞན་དག་ཇི་ལྟར་ཕུང་བའི་སྐོར་ཏེ། ཤོད་མཁན་ལྟ་ཞོག་ཉན་པ་པོའང་ངོ་ཚ་འོང་བའི་འདས་དོན་སྐྱུག་དྲི་བྲོ་བ་དག་རེད། ཁོ་ཚོས་རང་མཚང་མི་ལ་མ་ཤོར་བར་སྲུང་ཐུབ་ཐབས་ཁོ་ན་ལ་འབད་པ་དང་། དེ་འདྲ་མ་བྱུང་བར་གཡོ་རྫུན་གྱི་མཐིལ་བརྡོལ་སོང་ན། གདོང་ལྤགས་ཆུ་ལ་གཡུགས་སོང་ཞེས་ངོ་ཚ་བའི་མཐར་ཐུག་པར་བརྩི་བ་རེད། རྒྱུན་པར་གདོང་ལྤགས་དང་གདོང་ལྤགས་ཟེར་མཁན་གྱི་གྲོགས་པོ་རྣམ་པ། ཞིབ་པར་སོམས་དང་། རང་མཚང་ཕྱི་ལ་ཤོར་ནས་ཆུ་ལ་གཡུགས་སོང་བ་དེ་ཁྱོད་ཀྱི་ངན་མཚང་འགེབས་བྱེད་ཀྱི་གདོང་འབག་རེད་མ་གཏོགས། རང་མདོག་རྗེན་པར་མངོན་པའི་གདོང་ལྤགས་དེ་རྩ་བ་ནས་མ་རེད། མ་གཞི་ནས་ཁྱོད་ཀྱི་རང་མཚང་ནི་ཏག་ཏག་ཁྱོད་རང་གིས་གཟི་བརྗིད་དུ་ངོ་བཞིན་པ་དག་མ་ཡིན་ནམ། རང་གི་ངོ་གདོང་ལ་རང་གིས་ནོག་བསླད་གཏོང་ཞིང་།དེ་ལ་གསོག་གསོབ་ཀྱི་གདོང་གཡོགས་དུས། དེ་ནི་ཁྱོད་ཀྱི་གདོང་ལྤགས་ཆུ་ལ་བསྐྱུར་སྟངས་ངོ་མ་དེ་རེད། གདོང་ལྤགས་བསྐྱུར་ནས་གདོང་འབག་ལ་བརྟེན་པའི་ལས་ནི་ངོ་ཚའི་མཐར་ཐུག་ཡིན་ལ། གདོང་ལྤགས་སམ་ངོ་ལྤགས་བོར་ཚར་བའི་ཁྱོད་རང་ལ་ངོ་ཚ་རྒྱུ་དང་ཁ་སྐྱེངས་རྒྱུའི་གཞིའང་མེད་སོང་བ་རེད།
མདོར་ན། ང་ཚོ་ངོ་ཚ་ཆེ་བའི་མི་རིགས་ཤིག་གི་རྗེས་རབས་པ་དང་། ངོ་ཚ་གླེང་རྒྱུར་དགའ་བའི་མི་རབས་ཤིག་ཡིན་པའི་ངོས་ནས་གདོང་ལྤགས་དང་གདོང་འབག་གི་བར་ཁྱད་འདི་ཤེས་རྒྱུ་གལ་ཆེ་བར་འདུག་ལ། དེ་བས་ཀྱང་གནད་ཆེ་བ་ཞིག་ནི་ངོ་ཚ་དགོས་དང་མི་དགོས་ཀྱི་རྣམ་གཞག་ལ་མ་རྨོངས་པར་དབྱེ་གསལ་འབྱེད་ཤེས་པ་དགོས་འདུགདེ་མིན་གདོང་འབག་གི་བསླུ་བྲིད་འོག་ནས། ཚུལ་འཆོས་ཀྱི་གཡོ་ལྷད་དཀྱིལ་ནས། ང་ཚོའི་མི་རབས་འདི་གསོག་གསོབ་ཟོལ་ཟོག་ཅན་དུ་འགྱུར་ཉེན་ཆེ། མ་ཡིན་ཡིན་མདོག་དང་རང་བསྟོད་གཞན་སྨད་ལ་དགའ་བའི་མི་རབས་ཤིག་གིས་ང་ཚོའི་གནས་སྟངས་སྐྱོ་བོ་ལ་ཕན་ཐོགས་པ་མི་སྲིད་པས་དཔྱོད་ལྡན་ཀུན་གྱིས་འདི་དོན་ལ་ལྷག་ཏུ་གཟབ་དགོས་པར་སྣང་།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com