གཡུ་འོད་རང་ཤར་གྱི་རྩོམ་འགའ་བཀོད་པ།

རྩོམ་པ་པོ།:གཡུ་འོད་རང་ཤར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-24 09:28:00 ཀློག་གྲངས།:
                                                  ལྕགས་ཕོར་དང་ལྕགས་ཐག
གཅིག  ལྕགས་ཕོར་གླེང་བ།
         ལྕགས་ཕོར།  ལྕགས་ཕོར།  རྗོད་བྱེད་ཀྱི་སྒྲ་གདངས་དྲག་ནས་རན་པར་མར་བབས་ཤིང་།  བརྗོད་བྱའི་ནང་དོན་རན་ནས་དྲག་པར་ཡར་འཕར་གྱིན་པའི་ཐ་སྙད་འདི་ནི་དེང་སྐབས་སློབ་གྲྭ་བ་སོགས་ན་གཞོན་ཕལ་ཆེར་གྱིས་སློབ་སྦྱོང་དང་ལས་ཀའི་དམིགས་ཡུལ་མཐར་ཐུག་པར་འཛིན་གྱིན་འདུག་ལ།  ཕ་མ་དང་དགེ་རྒན། དེ་བཞིན་སློབ་གསོའི་ལས་དོན་དང་འབྲེལ་ཆེ་བའི་སྐྱེ་བོ་མོ་ཆེའི་ལྟ་ཚུལ་དང་ངོས་འཛིན། སློབ་གསོ་དང་བསླབ་བྱ་སོགས་ཀྱང་དེ་རང་ལས་མ་འདས་པ་རེད།  དེའང་ལོས་ཡིན་ཏེ།  ལྕགས་ཕོར་ཞེས་པའི་རྗེས་གྲུབ་ཀྱི་མིང་འདི་ལས་ལྕགས་ཀྱིས་སྲ་ཞིང་བརྟན་པ་མཚོན་ཞིང་།  ཕོར་པས་བཟའ་བཏུང་གི་དགོས་མཁོ་མཚོན་ཡོད་པ་ཡིན། མདོར་ན།  འཚོ་གནས་ཀྱི་ཁག་ཐེག་བརྟན་པོ་ཞིག་ཏུ་གོ་དགོས་པས། འཚོ་བར་དགའ་ཞིང་། བདེ་བར་མོས་པའི་གང་ཟག་སུ་ཡིན་ཡང་འཚོ་གནས་དང་དེ་འབྲེལ་གྱི་གནད་དོན་དག་ལས་གལ་ཆེ་བའི་དོན་དག་གཞན་ཞིག་ཡོད་རྒྱུ་མ་རེད།
         སྔོན་ཆད་བོད་རང་གི་ཐ་སྙད་དུ་ཅ་ནེ་ཞེས་ཤིང་ཕོར་གྱིས་འཚོ་རྟེན་མཚོན་གྱིན་ཡོད་པ་ལས་ཕྱིས་རྒྱ་ཡིག་གི铁饭碗ཞེས་པ་བསྒྱུར་ཏེ་ལྕགས་ཕོར་ཞེས་པའི་ཐ་སྙད་འདིས་ཚབ་བྱེད་ཀྱིན་ཡོད། ཐ་སྙད་འདི་གཉིས་ལས་གང་ཞིག་འཚམ་པ་དང་གང་ཞིག་མི་འོས་པ་ནི་མིང་བརྡའི་གནད་དོན་ཡིན་པས་འདིར་འཆད་པར་མི་བྱ། ང་ཚོས་བསམ་དགོས་པ་ནི་མཚོན་བྱེད་ཤིང་ཕོར་དང་ལྕགས་ཕོར་གྱི་འགྱུར་བ་དེས་མཚོན་བྱར་གྱུར་པའི་འུ་ཚོའི་འཚོ་རྟེན་ལ་ཤིང་དང་ལྕགས་ལྟ་བུའི་ཧེ་བག་དང་སྲ་བརྟན་ཞིག་བྱུང་ཡོད་དམ། བདག་གིས་བསམ་ན་རྩ་བ་ནས་བྱུང་མེད་དེ། མི་རིགས་རང་རང་དང་རྒྱལ་ཁབ་སོ་སོས་འཚོ་གནས་དང་བདེ་སྐྱིད་ཀྱི་སླད་དུ་སྲིད་འབྱོར་རིག་གསུམ་གྱི་སྒོ་འཕར་ཡང་བར་ཕྱེ་ཞིང་།  འགྲན་རྩོད་དང་སྤེལ་རེས་ཀྱི་ཚ་རླབས་འཕྱུར་བའི་བརྒྱ་ལོ་ཉི་གཅིག་པར། ད་དུང་རྨོངས་ཞེན་དང་རྗེས་ལུས་ཀྱི་མལ་དུ་རྔུར་སྒྲ་ཙིར་ཙིར་གྱིས་གཉིད་ཡོད་པའི་འུ་ཚོ་ནི་རྗེས་ལུས་ནས་རྗེས་ལུས་སུ་སོང་བ་ཙམ་རེད།
         འོ་ན་ལྕགས་ཕོར་འཚོལ་སྙེགས་མི་རུང་ངམ་ཞེ་ན། མ་ཡིན་ཏེ། འུ་ཚོས་ངེས་པར་དུ་ལྕགས་ཕོར་འཚོལ་འོས་ལ། ཅིས་ཀྱང་འཚོལ་དགོས་ངེས་ཤིག་ཡིན་མོད།(དོན་དམ་པའི་ལྕགས་ཕོར་ནི་གནས་གཅིག་ཏུ་ཚེ་གཅིག་བཟའ་བྱེད་དེ་མིན་ཏེ། ཡུལ་དུས་གང་ལའང་རང་ཁ་གསོ་ཐུབ་མཁན་དེ་ཡིན།)པའང་ཤེས་དགོས་པར་འདུག  ཁ་གསལ་བར་བཤད་ན། ང་ཚོར་དོན་དམ་པའི་འཇོན་ནུས་གང་ཡང་མེད་པར་ལས་སྣེ་ཞིག་ལ་ཤི་འཐམ་རོ་འཐམ་བྱས་ནས་རང་ཁ་གསོ་ཁུལ་བྱེད་པས་ནི་གཞན་གྱི་ཟས་འཕྲོ་འཐུང་ལྷག་ལ་རུབ་ཤེས་པའི་བྲན་གཟུགས་ཤིག་གི་གྲོད་པ་འགྲང་ཙམ་ལས་གཞན་ཅི་ཡང་ཐག་ཆོད་རྒྱུ་མ་རེད། འདི་ནི་ལྕགས་ཕོར་སྟོང་བ་ཞིག་ལག་མཐིལ་དུ་བཙུགས་པའི་སློང་མོ་བ་ཞིག་གི་ཁ་ཐབས་ཙམ་རེད། དེ་བས་རང་ངོས་ལ་དོན་དམ་གྱི་འཇོན་ཐང་དང་ཡོན་ཏན་ཞིག་ཡོད་རྒྱུ་ནི་གལ་ཆེ་སྟེ། འདི་ནི་འཛད་མེད་ཟས་ཀྱིས་གཏམས་པའི་ལྕགས་ཕོར་གཤའ་མ་དེ་ཡིན་པས་གནས་དུས་གང་ལའང་རང་ཁ་རང་གསོ་དང་རང་མགོ་རང་རང་ཐོན་བྱེད་ཐུབ་པ་རེད། འདི་ལྟར་འུ་ཚོས་མི་རིགས་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་རྒྱུའི་ཁ་གཡང་རེ་ཞིག་བསྐྱུར་ཏེ། ཐོག་མར་རང་ཉིད་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་ཁུར་པོར་མ་འགྱུར་བ་བྱ་རྒྱུ་གལ་ཆེ། དཔེར་ན། འགྲུལ་སྐྱེལ་རླངས་འཁོར་ཞིག་འདམ་ལ་བྱིངས་ཡོད་པར་ཆ་བཞག་ན། ཐོག་མར་འགྲུལ་པ་མར་བབས་རྗེས་གཞི་ནས་རླངས་འཁོར་འདམ་ལས་འདོན་ལས། འགྲུལ་པས་རླངས་འཁོར་ལ་བསྡད་ནས་སྨོན་ལམ་འདེབས་པ་དང་། ངར་རོ་སྒྲོག་པ། ཤུགས་རྒྱག་པ་སོགས་ཅི་བྱས་ཀྱང་རླངས་འཁོར་འདམ་ལས་འདྲེན་པར་ཕན་ཐོགས་མེད་པ་ལྟ་བུ་རེད། འོན་ཏེ་འདི་ནི་རང་མགོ་མ་ཐོན་བར་རང་དོན་ཁོ་ནར་གཞོལ་དགོས་པའི་དོན་གཞར་ཡང་མིན། དེའང་ཁྱེད་རང་རླངས་འཁོར་ལས་འབབ་ཞོར་རྒན་ཁོག་སྐྱོར་རོགས་དང་བྱིས་པ་འཁུར་རོགས། རྡོག་མཁྲིས་འབེབས་རོགས་སོགས་བྱེད་ཆོག་པ་ལྟར། ལྕགས་ཕོར་སྒྲུབ་ཞོར་དུ་རང་གཞན་གཉིས་ཕན་གྱིས་མང་པོ་ཞིག་སྒྲུབ་རུང་བ་རེད།
         གཞན་ཡང་ལྕགས་ཕོར་གྱིས་མི་སྒེར་གྱི་བདེ་སྡུག་མཚོན་ལ། དེའི་ཁ་གཏད་དུ་གྱུར་པ་ནི་ཐུན་མོང་གི་ཁེ་ཕན་མཚོན་པའི་ལྕགས་སྣོད་ཆེན་པོ་རེད། འུ་ཅག་མི་སྒེར་རེ་རེའི་ལྕགས་ཕོར་དུ་རོ་བཅུད་འཛོམས་པའི་སྟི་ག་རེ་འཐོབ་མིན་ནི་ཐུན་མོང་གི་ལྕགས་སྣོད་ཆེན་པོར་ཤ་ཁོག་གྱ་ནོམ་པ་ཞིག་ཡོད་མེད་ལ་རག་ལུས་ཡོདཔ་ལྟར། མི་རིགས་སྤྱིའི་བདེ་སྡུག་དང་མ་འབྲེལ་བའི་མི་སྒེར་གྱི་འཚོ་ཐབས་ཡན་གར་བ་ཞིག་ཡོང་ཐབས་མེད་ལ། མི་སྒེར་རེ་རེའི་དགོས་མཁོ་ལ་མ་ལྟོས་པའི་ཐུན་མོང་གི་ཁེ་ཕན་ཞིག་ཀྱང་གཞི་གྲུབ་ཡོད་པ་མ་རེད། དེར་བརྟེན། རང་སྒེར་གྱི་བདེ་ཐབས་སྐྱིད་འདོད་ལ་དམིགས་ནས་མི་རིགས་ཀྱི་བདེ་སྡུག་ཐེད་ལ་བོར་བ་ནི་ལྕགས་ཕོར་ལ་ལྷན་པ་རྒྱག་ཕྱིར་ལྕགས་སྣོད་ཀྱི་མཐིལ་དྲས་པའི་ལྐུགས་རྟགས་ཤིག་ཡིན་པ་ཤེས་དགོས།
         ང་ཚོས་ལྕགས་ཕོར་གླེང་དུས་ནམ་ཡང་གཡོལ་ཐབས་མེད་པའི་བརྗོད་གཞི་གཞན་ཞིག་ཡོད་པ་ནི། ཕ་ཡུལ་གྱི་ཞིང་འབྲོག་མང་ཚོགས་ཚོ་རེད། ཁོང་ཚོ་ནི་ང་ཚོར་ལྕགས་ཕོར་སྩོལ་མཁན་གྱི་དྲིན་ཅན་དེ་ཡིན་ལ། ང་ཚོའི་ལྕགས་སྣོད་བརྒྱངས་མཁན་གྱི་རླབས་ཆེན་དེ་ཡིན། ང་ཚོས་ལྕགས་ཕོར་གླེང་དུས་ལྕགས་ཕོར་གྱི་བྱེད་པོ་དྲན་འོས་ལ། ང་ཚོར་ལྕགས་ཕོར་འཐོབ་དུས་ཁོང་ཚོ་དེ་བས་ཀྱང་བརྗེད་ག་ལ་རུང་། ང་ཚོའི་ད་ལྟའི་སློབ་སྦྱོང་གི་སྐལ་བཟང་དང་བདེ་སྐྱིད་ཀྱི་འཚོ་བ་འདི་ཕ་མ་སྤུན་མཆེད་ཀྱིས་གཙོས་པའི་ཕ་ཡུལ་གྱི་ཞིང་འབྲོག་མང་ཚོགས་ཀྱིས་ལང་ཚོ་དང་ཕུགས་བསམ་ཡོད་ཚད་འཐོར་ཞིག་དུ་བཏང་ནས་སྡུག་ལས་བྱས་པའི་འབྲས་བུ་ཡིན་པ་བསྙོན་དུ་མེད་ན། ཕྱིས་སུ་རང་ཉིད་རིག་ནུས་འཇོན་གསུམ་གང་ཐད་ནས་རང་མགོ་ཐོན་ཙམ་ཆགས་དུས་སམ་འཚོ་རྟེན་གྱི་ལྕགས་ཕོར་རེག་དུས། དྲིན་བྱས་དྲིན་དུ་ཤེས་ནས་ཁོང་ཚོར་རོགས་རམ་དང་ཕན་ཅུང་ཟད་བསྒྲུབ་རྒྱུ་གལ་ཆེ། དེ་མིན་རང་གི་སྡུག་ཁ་འབུ་ཁུང་འདྲ་བོ་གསོ་ཐབས་ཁོ་ན་ལ་འབད་པ་དང་། ཐ་ན་རང་གི་ཁེ་ཕན་སྒྲུབ་ཕྱིར་ཡུལ་མི་གཉེན་ཉེ་ཚོར་མགོ་སྐོར་གཏོང་བ་དང་མཐོང་ཆུང་བྱེད་པ་སོགས་ནི་བཀྲུས་ནས་མ་དག་པའི་བྱོལ་སོང་རེད། འདིར་གནད་འདི་གླེང་དགོས་དོན་ནི་དེང་སྐབས་མི(མགོ་བདེ་པོ)དང(འཇོན་པོ)འགའ་རེས་ཕ་ཡུལ་གྱི་ཤ་རུས་ཟུང་ཁྲག་འཇིབས་ནས་འཚར་ལོངས་བྱུང་རྗེས། རང་མགོ་ཙམ་པོ་བ་ཞིག་ཐོན་མ་ཐག་ཡུལ་མི་ཚོའི་ལག་ནས་ཁེ་བཟང་ཞིག་ལེན་ཐབས་དང་། ཡུལ་མི་ཚོའི་ཁ་ནས་མགོ་སྐོར་ཁེ་ཚོང་ཞིག་ཨེ་ཐུབ་བལྟ་གི་འདུག་ལ། མང་ཚོགས་ཀྱིས་བསྩལ་བའི་ལྕགས་ཕོར་ཁྱེར་ནས་མང་ཚོགས་ཀྱི་ཁ་བཅོམ་པ་འདི་མང་མང་གིས་དོན་དམ་པའི་ལྕགས་ཕོར་དུ་ངོས་འཛིན་གྱིན་འདུག་པ་དང་། འདི་ཡང་ལྕགས་ཕོར་སྐོར་གྱི་ལྟ་བ་ནོར་འཛོལ་མ་ཆེ་དགུ་ཆེ་ཞིག་ཡིན་པས་འདིར་དེ་དོན་ཅུང་ཟད་འཕྲོས་པ་ཡིན།
         གང་ལྟར་འུ་ཚོས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་མི་རིགས་ལ་ལེགས་སྐྱེས་འབུལ་རྒྱུ་དེ་རང་སྒེར་གྱི་ལྕགས་ཕོར་རྩོལ་སྒྲུབ་བྱེད་རྒྱུ་དང་འགལ་བ་མ་ཡིན་པ་དེ་ངེས་པར་དུ་ཤེས་དགོས་པར་འདུག་སྟེ། མི་སེར་མང་ཚོགས་དང་རྒྱབ་ཀྱིས་ཕྱོགས་པའི་ཟ་དགའ་ཉལ་སྐྱིད་ཅན་ཞིག་ཡིན་ན་མ་གཏོགས་ང་ཚོ་དང་མང་ཚོགས་བར་ལ་ཐུན་མོང་གི་ཁེ་ཕན་དང་གཅིག་གྱུར་མི་དམིགས་ཡུལ་མང་དུ་ཡོད་ངེས་པས་སོ། ། མདོར་ན་རྒྱུན་དུ་ཁ་ནས་ལྕགས་ཕོར་དང་ལྕགས་ཕོར་ཟེར་མཁན་ཚོས་དོན་དམ་པའི་ལྕགས་ཕོར་ལ་ངོས་འཛིན་གསལ་ཆ་དོད་པ་ཞིག་ཡོད་དགོས་པ་དང་། ལྕགས་ཕོར་དང་ལྕགས་སྣོད་ཀྱི་འགལ་འབྲེལ་ལ་ངེས་ཤེས་ཡང་དག་ཅིག་འདྲོངས་དགོས། ད་དུང་ཅི་བས་གལ་ཆེ་བ་ཞིག་ལ་ང་ཚོས་ལྕགས་ཕོར་གླེང་བ་དང་སྒྲུབ་པ་འཐོབ་པའི་རྒྱུད་རིམ་ཁྲོད་ཅིས་ཀྱང་བརྗེད་ཐབས་མེད་པ་ནི་ང་ཚོའི་རྐང་འོག་གི་ས་གཞི་རིལ་མོ་འདི་སྡུག་རུས་ཀྱིས་བཏེགས་ཤིང་། ང་ཚོའི་ཁ་མདུན་གྱི་ལྕགས་ཕོར་ཆེན་པོ་འདི་ཕྱིས་དར་བྱེད་མཁན་གྱི་མི་དམངས་མང་ཚོགས་དག་རེད།།
གཉིས།  ལྕགས་ཐག་གླེང་བ།
         རང་ཅག་བོད་མི་རིགས་ནི་གཙོ་ཕྱིར་འབྲོག་ལས་གཉེར་སྐྱོང་བྱེད་པའི་མི་རིགས་ཤིག་ཡིན་པས། འབྲི་གཡག་དང་སྒོ་ཁྱི་ནི་ང་ཚོས་འབྲེལ་འདྲིས་ཆེ་ཤོས་སུ་གྱུར་པའི་སྲོག་ཆགས་གཉིས་ཡིན་ངེས། དེས་རྐྱེན་པས་སྔར་བོད་ཀྱི་མི་ཁྱིམ་མཐོ་དམན་དབུལ་ཕྱུག་གང་འདྲ་ཞིག་ཡིན་རུང་ཀུན་གྱི་སྒོ་རྩ་རུ་འདོགས་ཁྱི་སྟོབས་ཅན་རེ་བཏགས་པའི་སྲོལ་ཡོད། དེ་ནི་དུས་དང་རྣམ་པ་ཀུན་ཏུ་སྒོ་ཡི་ཕྱུགས་ཟོག་གཅན་གཟན་གྱི་འཚེ་བ་ལས་སྐྱོབ་ཕྱིར་དང་། ཁྱིམ་གྱི་རྒྱུ་ནོར་འཆོམ་བུ་ཡི་རྐུ་འཕྲོག་ལ་གཟབ་ཕྱིར་ཡིན། མ་ཟད་སྒོ་ཁྱི་དག་གིས་བོད་མི་རིགས་ཀྱི་སྔར་སོང་ལ་ཕུལ་བའི་ལེགས་སྐྱེས་ནི་སུ་ཞིག་གིས་ཀྱང་འགྲན་ཐབས་མེད་པ་ནི་སྨོས་ཅི་དགོས། འོན་ཏེ། བདག་གིས་དེ་རིང་གླེང་བར་བྱ་བ་ནི་དེ་མིན་ཏེ། སྒོ་ཁྱི་ཞིག་གི་ངོས་ནས་བཤད་ན། ཁོ་ཚོའི་ཚེ་གང་གི་རིན་ཐང་ནི་ལྕགས་ཐག་གི་རིང་ཐུང་དང་ཕྲ་སྦོམ་ལས་ཐག་ཆོད་ཚར་བ་ནི་ཅི་འདྲའི་བཟོད་དཀའ་བ་ཞིག་ཡིན་སྲིད་ནའང་། དེ་ནི་སྒོ་ཁྱི་དག་གི་གཟུར་ཐབས་མེད་པའི་ལས་དབང་ཡང་ཡིན་ངེས། འོན་ཏེ་འུ་ཚོས་བསམ་དགོས་པའི་གནད་ནི། སྒོ་ཁྱི་དག་གི་ལས་དབང་དེ་ཅིའི་ཕྱིར་ཡོངས་སུ་གཞན་དབང་དུ་འགྲོ་བའི་ཕམ་ཁ་བསུས་ཡོང་བ་རེད།  སྒོ་ཁྱིའི་ལས་དབང་ཟེར་ནས་ཡ་ང་ང་དང་སྙིང་རྗེ་རྗེ་བྱེད་དགོས་དོན་དེ་ཡང་སྙིང་ཅི་དང་གང་ལ་ཐུག་ཡོད་པའི་གནད་འདི་རེད།  འདི་དང་འདི་དག་ཡོད་ཚད་ཁོ་ཚོའི་སྐེ་ལ་ཨུ་ཚུགས་ཀྱིས་བསྐོན་ཡོད་པའི་ལྕགས་ཐག་གང་དེས་ཐག་བཅད་ཡོད་པ་རེད།
         དེ་ཡང་། སྲ་ལ་སྦོམ་པའི་ལྕགས་ཐག་དེ་སྒོ་ཁྱི་ཚོའི་སྐེ་ལ་གོན་པའི་སྐད་ཅིག་མ་དེ་ནས་བཟུང་སྟེ། གཏན་ནས་གཏན་དུ་གང་དེའི་ཚོད་འཛིན་གྱི་འོག་ནས་ཐར་དུས་མེད་ཅིང་གཞན་དབང་གི་ལས་བསྐོས་དེ་ལས་བྱོལ་ཐབས་བྲལ། དུས་དེ་ནས་བཟུང་ཁོ་ཚོའི་ཚེ་གཅིག་གི་ལས་དབང་དང་སྐྱིད་སྡུག་དེ་ཡོངས་སུ་ཐག་ཆོད་ཚར་བ་ཡིན་སྟེ། ལྕགས་ཐག་གི་རིང་ཚད་དེ་སྒོ་ཁྱི་དག་གི་འཇིག་རྟེན་ཧྲིལ་པོ་ཡིན་པས། རང་འདོད་དང་རང་གཤིེས། དགའ་ཕྱོགས་དང་མོས་ཕྱོགས་ཟེར་ནས་གཞན་ཞིག་ཏུ་འགྲོ་བའི་དབང་མེད་ལ་ནུས་པའང་མེད། དེ་ལས་རིང་བའི་རི་ཀླུང་དང་གཙང་པོ། དེ་ལས་ཆེ་བའི་འཇིག་རྟེན་གྱི་ལྟད་མོ། དེ་ལས་བདེ་བའི་སྒོ་གསུམ་གྱི་ལོངས་སྤྱོད། ཁྱོད་ལ་དེ་ལས་བཟང་བའི་ཁོར་ཡུག་ཅིག་འདེམས་པའི་ཐོབ་ཐང་གཏན་མེད། ཁྱོད་ལ་དེ་ལས་ལེགས་པའི་མདུན་ལམ་ཞིག་འདེམས་པའི་རང་དབང་གཏན་ནས་མེད། འདི་ནི་ལྕགས་ཐག་གི(ཡོན་ཏན)རེད། འདི་ནི་ལྕགས་ཐག་གི་བྱེད་ནུས་རེད། འདི་ནི་སྒོ་ཁྱི་ཚོའི་ལས་དབང་རེད། འོན་ཏེ། ང་ཚོས་སྒོ་ཁྱི་ལ་སྙིང་རྗེ་སྐྱེ་ཁུལ་བྱ་མི་དགོས་ཏེ། ང་ཚོ་རང་ཉིད་ཀྱང་སྒོ་ཁྱི་ལྟར་རང་ཚུགས་དང་རང་གཤིས། མདུན་ལམ་དང་ཕུགས་བསམ། ལྟ་བ་དང་ལངས་ཕྱོགས་སོགས་ཅི་ཡང་མེད་པའི་ལག་ཆ་ལྟ་བུ་ཞིག་ཏུ་འགྱུར་གྱིན་པའི་ཚུལ་འདི་ལ་སྙིང་རྗེ་སྐྱེས་ན་ད་གཟོད་དོན་དང་མཐུན་པར་སྙམ། དེའང་ལོས་ཡིན་ཏེ། གཞན་དག་ལྟ་ཞོག  རིག་གནས་དང་འཇོན་ཐང་། ནུས་པ་སོགས་གང་ཅིའི་ཐད་ནས་རང་མགོ་ཐོན་པར་ཡོད་སྙམ་པའི་ངེད་སློབ་ཆེན་པ་ཚོས་ཀྱང་ཡོད་ཚད་ཀྱི་རྩ་བ་དང་རྩེ་མོ་ལ་འཇོག་ཅིང་། སློབ་སྦྱོང་དང་དཀའ་སྤྱད་ཐམས་ཅད་ཀྱི་དམིགས་པ་མཐར་ཐུག་ཏུ་འཛིན་གྱིན་པའི་ལས་གནས་ཟེར་བ་འདིའང་ཕྱོགས་གཅིག་ནས་སྒོ་ཁྱི་འདོགས་བྱེད་ཀྱི་ལྕགས་ཐག་རྨ་མེད་པ་ཞིག་ཡིན་འདུག་སྟེ། འུ་ཚོ་མང་པོ་ཞིག་གིས་ད་བར་དཀའ་བ་གང་མང་ཞིག་སྤྱད་སྤྱད་མཐར།  བློས་བཏང་མང་པོ་ཞིག་བྱས་བྱས་མཐར།  ཅི་ཞིག་འཚོལ་བཞིན་པའི་དམིགས་པ་སྟེ།  འཚོ་གནས་ཀྱི་རྡོག་ཁྲེས་འགེལ་སའི་ལྕགས་ཕོར་རམ་ལས་གནས་ཤིག་བཙལ་བཙལ་བའི་མཐའ་མར་ཐོབ་བྱུང་བ་ནི་རང་གི་ཁེ་དབང་དང་རིན་ཐང་།  གོ་བབས་དང་རྩིས་ཐང་ཡོད་ཚད་སུ་ཞིག་གི་ཕྱག་ཏུ་གཙང་མར་ཕུལ་བཏང་བའི་ཕམ་ཁ་ཞིག་སྟེ།  མདོར་ན་ལྕགས་ཕོར་གྱི་དོད་དུ་ལྕགས་ཐག་སྦོམ་པོ་ཞིག་མགུལ་ལ་གོན་གྱིན་འདུག  དེ་ནི་གོང་དུ་བཤད་པའི་འུ་ཚོའི་འདུ་ཤེས་ཁྲོད་ཀྱི་ལྕགས་ཕོར་རེད། འདི་ནི་རང་རིགས་ཀྱི་རིག་གནས་པ་དང་ལས་བྱེད་པ།  ལག་རྩལ་པ་དང་ཁེ་ལས་པ་ཚོའི་མདུན་ལམ་དང་ཕུགས་སོ་རེད།  དུས་སྐབས་འདི་དང་གནས་སྐབས་འདིར་ཁ་ཡོད་ཚད་ཀྱིས་རྩོད་ཅིང་ལག་ཐོགས་ཚད་ཀྱིས་འཕྲོག་རེས་བྱེད་ཀྱིན་པའི་ལྕགས་ཕོར་རམ་འཚོ་རྟེན་དུ་འབོད་པའི་ལས་གནས་གང་དེ། རང་སྐེ་སྡོམ་བྱེད་ཀྱི་ལྕགས་ཐག་ཅིག་ཏུ་བཤད་ན་སུ་ཞིག་གི་རྣ་བར་འགྲོ་སྲིད་དམ། ལོ་ཡི་འཁོར་མོ་བཅུ་ཕྲག་རིང་སློབ་གཉེར་གྱི་ལས་ལ་གཞོལ་གཞོལ་བའི་མཐའ་མར་ཐོབ་བྱུང་བ་ནི་སྙིང་པོས་དབེན་པའི་མིང་སྐམ་ཙམ་དང་། རང་ཚུགས་དང་རང་གཤིས་བཙོང་ནས་ལྟོ་གོས་འབའ་ཞིག་དོན་དུ་གཉེར་བྱེད་ཀྱི་ལག་ཆ་ཞིག་ཡིན་ཟེར་ན། བུ་ཕྲུག་གི་ཆེད་དུ་ཡོད་ཚད་ཕུལ་བཏང་བའི་ཕ་མ་རྒན་རྒོན་ཚོའི་སེམས་སུ་ག་ལ་ཤོང་སྟེ། གཏན་ནས་ཤོང་བར་མི་ནུས་སོ། ། འོན་ཏེ། དོན་དངོས་ནི་གཏན་དུ་དོན་དངོས་རང་ཡིན་གྱི། དེ་ལ་ཁོར་ཡུག་དང་ནམ་དུས་ཀྱི་ཁྱད་པར། གཞན་གྱིས་ཁས་ལེན་མིན་དང་བདེན་ཁ་སྟེར་མིན་སོགས་ཀྱི་རྣམ་གཞག་བྱ་བའི་དགོས་པ་ཡེ་ནས་མེད། དེའང་བདེན་པ་དང་དོན་དངོས་ནི་ང་ཚོས་ཕར་འཚོལ་ཞིང་སྙེགས་པའི་ཡུལ་ཡིན་པ་ལས། ང་ཚོའི་དགོས་མཁོ་དང་གནས་བབས་ལ་གཞིགས་ནས་ཚུར་བསྟུན་ཐབས་བྱེད་པ་ཞིག་མིན་པས་སོ། །
         སྤྱི་ཚོགས་ཀྱི་ལས་གནས་གང་ཡང་རུང་བ་ཞིག་ལ་ཞུགས་ཕྱིན་ཆད་རང་གི་སྣ་ཐག་མི་ལ་སྤྲད་བཏང་བའི་སྒོ་ཁྱི་ཞིག་ཏུ་གྱུར་སོང་བ་ཡིན་ནམ་ཞེ་ན་། དེའང་མ་ཡིན་ཏེ། གནད་དོན་གྱི་འགགས་རྩ་ནི་ལོ་ཡི་འཁོར་མོ་བཅུ་ཕྲག་ཤོག་གུ་དང་སྨྱུ་གུའི་ཁྲོད་དུ་ཟད་སོང་བའི་མཐའ་འབྲས་སུ་ཁྱོད་ལ་ཡང་སྙིང་ཅི་ཞིག་ཐོབ་འདུག  ཁྱོད་ཀྱིས་ཡང་སྙིང་གང་ཞིག་ཤེས་འདུག  མཐར་སློབ་ཆེན་གྱི་སྒོ་ར་ལས་ཐོན་ཏེ་སྤྱི་ཚོགས་ཀྱི་ལས་གནས་གང་ཞིག་འཇུག་འགྲོ་སྐབས། གནས་ལུགས་ཤི་བོ་དང་གཞུང་ལུགས་སྐམ་པོ་ཙམ་མ་ཡིན་པར། དོན་དམ་གྱི་འཇོན་ཐང་དང་ཤེས་ཡོན་ཅི་འདྲ་ཞིག་འཁྱེར་རྒྱུ་ཡོད་མེད་སོགས་ལ་རག་ལས་ཡོད་པ་ཡིན། སྔར་སོང་སློབ་གཉེར་གྱི་བརྒྱུད་རིམ་དུ་འཇོན་ཐང་ངོ་མ་དང་རིག་གནས་རྣལ་མ་ཞིག་ཤེས་ཡོད་ན་ནི་སྤྱི་ཚོགས་ཀྱི་ལས་གནས་གང་ཞིག་ཏུ་སླེབས་ཀྱང་རང་དོན་དང་སྒེར་དོན་གཉིས་ཀ་འཆུགས་པ་མེད་པར་འགྲུབ་པ་ཡིན་མོད་ཀྱི། སློབ་ཆུང་རྩེད་མོའི་ངང་འདས། སློབ་འབྲིང་ལེ་ལོའི་ངང་ཟད། སློབ་ཆེན་ཟང་ཟིང་གིས་ཚར་སོང་བ་སྟེ། ཉིན་མོ་རོལ་རྩེད་དང་གཉིད་ཀྱིས་གཟིར་ཞིང་། མཚན་མོ་ནང་མ་དང་ཆང་གིས་བསླུས་སོང་བས། མཐའ་མ་ཅི་ཡང་མི་ཤེས་གང་ཡང་མི་འཇོན་པའི་མི་ལྷག་མ་ཞིག་ཏུ་གྱུར་ཚེ། སློབ་ཐོན་གྱི་རྗེས་སུ་ལས་གནས་གང་ཞིག་ལ་ཨུ་ཚུགས་ཀྱིས་འཇུག་པར་བྱེད་དུས། དོན་དུ་སྲ་ཞིང་འཐས་པའི་ལྕགས་ཐག་སྦོམ་པོ་དེ་རང་གི་སྐེ་ལ་གོན་སོང་བ་ཡིན།
གསུམ་པ།  འུ་ཅག་གི་ལྕགས་ཕོར་དང་ལྕགས་ཐག
         དེའང་འུ་ཚོའི་འདུ་ཤེས་ཁྲོད་ཀྱི་ལྕགས་ཕོར་དེ་ལྕགས་ཐག་དང་ངོ་བོ་གཅིག་ཏུ་གྲུབ་ཡོད་པའི་ཚུལ་ལ་གཙོ་བོ་ཕྱོགས་གསུམ་ནས་གསལ་བཤད་བྱ་སྟེ། 
         དང་པོ། སྤྱིར་འཇིག་པའི་རང་བཞིན་གྱི་གོ་ལ་ཟླུམ་པོ་འདིར་སེམས་ཅན་གྱི་རིགས་དང་གྲངས་ནི་རྩིས་ཀྱིས་མི་ལང་བ་ཞིག་ཡོད་མོད་ཀྱང་། དེ་དག་ལས་འགྲོ་བ་མི་ཁོ་ནས་ལུས་ངག་ཡིད་གསུམ་གྱི་ལོངས་སྤྱོད་དང་དཔལ་ཡོན་གང་འདོད་པ་རྣམས་རང་ཉིད་ཀྱིས་བསྐྲུན་པར་བཟོད་ཀྱི། གཞན་དག་གིས་ནི་ག་ལ་ནུས། འདིའི་འགགས་རྩའི་གནད་དེ་གང་ལ་ཐུག་ཡོད་ཟེར་ན། དོན་གྱི་གནད་རྩ་ནི་གཞན་གང་ཡང་མ་ཡིན་ཏེ། བསམ་གཞིགས་ཀྱི་ནུས་པ་འདི་རང་ལ་ཐུག་ཡོད་ཅིང་། ཡོད་ཚད་བསམ་གཞིགས་ཀྱི་ནུས་པ་ལྡན་མིན་གྱི་རྣམ་གཞག་འདི་ལས་ཐག་ཆོད་ཡོད་པ་ཡིན། དེ་བས་མི་ཞིག་གི་ངོས་ནས་བཤད་ན་གནད་དོན་ཅི་དང་གང་ལའང་རང་ཉིད་ཀྱིས་བསམ་གཞིགས་དང་རྟོག་དཔྱོད་བྱ་རྒྱུ་གལ་ཆེ་ཞིང་། བསམ་གཞིགས་དང་རྟོག་དཔྱོད་ལས་བྱུང་བའི་བསྡོམས་ཚིག་དག་ནི་ཁྱོད་ཀྱི་ལྟ་བ་དང་ལངས་ཕྱོགས་རེད། ལྟ་བ་དང་ལངས་ཕྱོགས་གསལ་པོ་ཞིག་དགོས་པ་ནི་དལ་འབྱོར་མིའི་ལུས་རྟེན་དུ་འཕོས་པའི་དོན་གྱི་སྙིང་པོའང་ཡིན་ངེས།
         འོན་ཏེ། འཇོན་ཐང་དང་ཡོན་ཏན་མེད་པའི་མི་ཞིག་གིས་གཞན་གྱི་མདུན་དུ་རང་ཉིད་ཀྱི་ལྟ་བ་དང་ལང་ཕྱོགས་སྲུང་རྒྱུ། རང་གི་རྩིས་ཐང་དང་གོ་ཐང་རྩོད་རྒྱུ་ནི་སྲིད་མཐའ་ཙམ་ཡིན། དེའང་ཤེས་འཇོན་དང་ཡོན་ཏན་མེད་པའི་སྐྱེ་བོ་གང་དེ་རང་གི་ལས་གནས་དུ་དཀའ་རྙོག་ཅི་ཞིག་དང་འཕྲད་སྐབས། འགགས་རྩ་གང་ཞིག་ལ་ཐུག་དུས། རང་ཉིད་ལ་གང་དེ་ཐག་གཅོད་དང་དེ་འབྲེལ་གྱི་བཀོད་སྒྲིག་བྱེད་པའི་ཐབས་དང་བཀོད་པ་རིན་ཐང་ཅན་ཅི་ཡང་གདོན་རྒྱུ་མེད་པས། ནམ་ནམ་ཞར་ཞར་གང་ཞིག་གི་བཀོད་འདོམས་དང་སུ་ཞིག་གིས་བཀའ་རྒྱ་ཙམ་ལ་བསྟུན་རྒྱུ་ལས་རང་ཉིད་ཀྱི་ལྟ་ཚུལ་དང་སྒེར་གཤིས་ཡིན་ཟེར་ནས་ངོམ་པར་བྱེད་ས་མེད་ཏེ། ཁྱོད་ཀྱི་ལྟོ་ཕོར་རམ་འཚོ་གནས་ཀྱི་རྟེན་དུ་གྱུར་པའི་ལྕགས་ཐག་གང་དེའི་སྣེ་གཅིག་ནི་ཏག་ཏག་བདག་པོའི་ལག་ན་བཟུང་ཡོད་པས་སོ། ། གལ་ཏེ། ཁྱོད་ལ་ཤེས་འཇོན་དང་ཡིན་ཏན་ཡོད་གྱུར་ན་གནད་དོན་ཅི་དང་གང་ལའང་ཐག་གཅོད་དང་བཀོད་འདོམས་རང་དབང་གི་བྱེད་པར་ནུས་ཤིང་། ཁྱོད་ཀྱི་ཐབས་དང་ཇུས་ལ་ཟབ་ཚད་དང་གཏིང་ཚད་མངའ་བས་སུས་ཀྱང་བདེན་དུ་འཛིན་པར་བྱེད་ཅིང་། ཀུན་གྱིས་གོང་དུ་བཀུར་བར་བྱེད་ངེས་ན་རང་སྒེར་གྱི་བདེ་ཐབས་སྐྱིད་ཐབས་ཙམ་ཅི་ཚད། མི་རིགས་དང་རིག་གནས་ལ་ཕན་པའི་ལས་རླབས་པོ་ཆེ་ཅི་ཞིག་བསྒྲུབ་པར་འདོད་ཀྱང་བདེ་བླགས་སུ་འགྲུབ་པར་འགྱུར་བ་ཡིན། དེ་ལྟར་མིན་པར་ཤེས་འཇོན་གཉིས་དབུལ་གྱི་སྐྱེ་བོ་དག་རང་སྒེར་གྱི་སྡུག་ཁ་འབུ་ཁུང་འདྲ་བོ་གསོ་ཐབས་འབའ་ཞིག་ལ་སྙེག་ཕྱིར། རང་གཤིས་ཀྱི་རྩ་བ་རུལ་ཞིང་རང་ཚུགས་ཀྱི་རྐང་པ་ཆག་པར་གྱུར་ན་ནི་ལྕགས་ཐག་ཏུ་བཏགས་པའི་ཁྱི་རྒན་དག་ཟས་ཀྱི་དགོས་མཁོ་སྐོང་ཆེད་དུ་བདག་པོའི་བཀོད་འདོམས་འབའ་ཞིག་ལ་ཉན་དགོས་ཀྱི་རང་གིས་འདོད་མི་འདོད་དང་མོས་མི་མོས་ཀྱི་གདམ་ག་བྱེད་ས་མེད་པ་ལྟ་བུ་རེད། དེ་བས་ཀྱང་རིག་གནས་ཀྱི་རྒྱབ་རྩ་མེད་ཅིང་འཇོན་ནུས་ཀྱི་མདུན་དཔུང་ཡང་མི་མངའ་བའི་མི་ཕལ་པའི་ཡང་ཕལ་བ་གྱུར་པ་ཞིག་གིས། རང་ཉིད་ཀྱི་ལྟ་ཚུལ་དང་ལངས་ཕྱོགས་ཞེས་པ་ཞིག་འདོན་པར་ཤེས་རྒྱུ་མ་རེད་ལ། བཏོན་པའི་དབང་དུ་བཏང་ནའང་སུ་ཞིག་གིས་མཐོང་ཆེན་དང་ཡིད་འཇོག་གི་རྒྱབ་སྣོན་སྟེར་བར་སྤོབས་སམ།
         གཉིས་པ།  རང་ཚུགས་དང་ལངས་ཕྱོགས་ཡོད་པའི་མི་ཞིག་གི་མི་ཚེའི་ངོས་ནས་བཤད་ན། མི་འདོད་ལྟེས་དབང་གིས་འབྱོར་བའི་ལས་གནས་གང་ཞིག་ཏུ་རང་ཉིད་ཀྱི་ཤེས་འཇོན་དང་ནུས་ཤུགས། ལང་ཚོ་དང་རྣམ་དཔྱོད་སོགས་ཡོད་ཚད་ཀྱི་ཐམས་ཅད་བློས་བཏང་ལེགས་སྐྱེས་སུ་འབུལ་བར་ག་ལ་བཟོད་དེ། གཏན་ནས་མི་བཟོད་དོ། ། དེས་བས་ལས་གནས་གང་ཞིག་ཏུ་སླེབས་མཚམས་སུ་ཟས་གོས་ཀྱི་རང་མགོ་ཐོན་པ་ཙམ་གྱིས་བློ་ཡིད་གཏན་ནས་མི་ཚིམས་པར། རང་གི་ཕུགས་བསམ་དང་དགའ་ཕྱོགས་གང་དེར་སྙེགས་པར་བྱེད་ངེས། དེའང་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ནི་བོད་ཡིག་དང་ཐད་ཀའི་འབྲེལ་བ་མེད་པའི་གཞུང་གི་ལས་གནས་སྣ་ཚོགས་སུ་ཡོད་པ་ལྟ་བུ་རེད། ཁོ་ཚོས་ལས་གནས་ཀྱི་རྐང་རྟེན་དང་གླ་ཕོགས་ཀྱི་བྱིན་རླབས་ཐོབ་པ་ཙམ་གྱིས་བློ་ཡིད་མ་ཚིམས་པར། རྐང་རྟེན་དེ་རྐང་རྟེན་རང་དུ་བརྩི་བ་དང་། བྱིན་རླབས་ཀྱང་བྱིན་རླབས་འབའ་ཞིག་ཏུ་ལྟ་བ་ལས་དེ་གཉིས་ཡོད་ན་ཡོད་ཚད་འགྲིག་སོང་བའི་ལོག་ཤེས་དེ་འདྲ་རྩ་བ་ནས་མེད་སོང་བས། རང་ཉིད་ཀྱི་དགའ་ཕྱོིགས་དང་མོས་ཕྱོགས་སུ་གྱུར་པའི་རྩོམ་རིག་གསར་རྩོམ་གྱི་ལས་ལ་མུ་ནས་མུར་འཇུག་གིན་པ་མིག་མཐོང་ལག་ཟིན་གྱི་གནད་འདི་ཡིན། དེ་མིན་ཁོ་ཚོ་ཟླ་ཕོགས་ཀྱིས་ཁ་མ་སོས་ཤིང་རྒྱབ་མ་དྲོས་པར་རྩོམ་ཡོན་ཉུང་ཟད་ཙམ་ཞིག་ཁོ་ནའི་ཆེད་དུ་སྨྱུ་གུའི་འདུ་བྱེད་བརྩམས་པ་ནི་ཡིན་རྒྱུ་མ་རེད། མ་ཟད་བོད་ཡིག་དང་བོད་ཀྱི་རིག་གནས་ལ་དུང་ཞེན་ཆེ་བའི་སྐྱེ་བོ་ཁག་གཅིག་ནི་བོད་ཡིག་དགེ་རྒན་དང་བོད་ཡིག་རྩོམ་སྒྲིག་སོགས་ཀྱི་ལས་གནས་སུ་སྒྱུར་གྱིན་ཡོད་པ་རེད།
         འདི་ནི་མི་ཞིག་གི་མི་ཚེའི་རིན་ཐང་མངོན་དུ་བསྒྱུར་བའི་མཚོན་ཚུལ་ཞིག་རེད་ལ། འདི་ནི་རང་གིས་རང་ཉིད་ལ་འགན་འཁྲི་འཁུར་བ་དང་རང་ཉིད་ཀྱི་ཕུགས་བསམ་ལ་བརྩི་འཇོག་བྱེད་སྟངས་ཤིག་ཀྱང་རེད། འོན་ཏེ། ཤེས་འཇོན་གང་གིས་ཀྱང་མ་ཟིན་པར་མིག་མདུན་གྱི་འཚོ་ཐབས་འབའ་ཞིག་གི་ཆེད་དུ། གཞན་དབང་གི་ལྕགས་ཐག་བསམ་བཞིན་དུ་སྐེ་ལ་ལེན་མཁན་ཞིག་གི་ངོས་ནས་བཤད་ན། ཁྱོད་ཀྱི་མི་ཚེ་ནི་བདག་ཏུ་བཟུང་བའི་སྒོ་ཁྱི་ཞིག་ལྟར་གཏན་ནས་གཏན་དུ་འཚོ་རྟེན་གྱི་ཕུར་བ་ལ་དམ་དུ་བཏགས་ཚར་བ་ཡིན་པས། ལས་གནས་གང་དེར་མོས་ནའང་ཆོག་མ་མོས་ནའང་རུང་སྟེ། གང་ལྟར་ལམ་འགྲོ་དང་རླུང་རྟ་ནི་ནམ་དགོས་པའི་ཚེ་ན་ཤར་ཤར་དུ་ཡོང་བ་དེ་འདྲ་ཞིག་མིན་པས། ཁ་སང་གི་གདམ་འཇུག་དྲི་གཞི་ཐིག་ཆོག་ཆོག་དེ་ཚོ་སློབ་གྲྭའི་རྒྱུགས་ཤོག་འབའ་ཞིག་ལ་ཡོད་པ་ཡིན་གྱི། སྤྱི་ཚོགས་དང་དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་ཤེས་འཇོན་རྣལ་མ་གདོན་ས་ལས་གཞན་མེད། སྤྱི་ཚོགས་ཐོག་གི་སྐྱེ་བོ་དག་ནི་ཁ་སང་གི་སློབ་གྲོགས་བསམ་མེད་དེ་ཚོ་དང་མི་འདྲ་བས། བཤུ་ཆོག་ཆོག་གི་རྒྱུགས་ཤོག་ཅིག་ཁྱོད་ཀྱི་མདུན་དུ་སུས་ཀྱང་འཕེན་པར་མི་སྲིད་ན། གདམ་གསེས་དྲི་གཞི་དང་ངག་སྐྱོར་ཐན་ཐུན་གྱིས་ཐོབ་བྱུང་བའི་ལས་གནས་སམ་འཚོ་རྟེན་ཙམ་པོ་བ་འདི་ག་ཚོད་དགོས་ན་དེ་ཚད་འཐོབ་འོང་རྒྱུ་དེ་འདྲའང་མ་ཡིན། དེས་ན་ཤེས་འཇོན་གྱི་རྒྱབ་རྩ་མེད་པར་ལས་གནས་གང་ཞིག་ལ་ཞུགས་ཚར་བའི་སྐྱེ་བོ་ཚོའི་ངོས་ནས་བཤད་ན། རང་ཉིད་ཀྱི་ལས་གནས་དེ་ལ་སེམས་ནས་མོས་མ་མོས་དང་། ཡིད་ལ་འགྲོ་མི་འགྲོ། རང་དང་འཚམ་མི་འཚམ་སོགས་ཀྱི་གདམ་ག་བྱེད་དབང་ནི་གཏན་ནས་ཡོད་མ་ཡིན། ལས་ཁུང་གང་ཞིག་གི་མདུན་སྒོ་ལས་ཕྱིར་ཐོན་རྒྱུ་བདེ་པོ་ཡིན་ནའང་ལས་ཁུང་གཞན་ཞིག་གི་རྒྱབ་སྒོ་རུ་ཡར་འཚང་འདོད་པ་ནི་སླ་མོ་ཞིག་ག་ལ་ཡིན། མ་ཟད། ཚུར་ངོས་ནས་འཇོན་ཐང་མེད་པའི་མི་ཞིག་ཕྱིར་འབུད་ཐུབ་ན་དགའ་རྒྱུ་རེད་མོད། ཕར་ངོས་ནས་ཤེས་ཡོན་མེད་པའི་ཀླད་སྟོང་ཞིག་རང་གི་ལས་ཁུང་དུ་འཇུག་པར་ག་ལ་འདོད། དེའང་སྒོ་ཁྱི་དག་རང་གི་བདག་པོ་ལ་ཡིད་ཚིམས་ནའང་ཆོག མ་ཚིམས་ནའང་རུང་། ལྟོགས་དུས་ཀྱི་ཟས་དང་འཁྱག་དུས་ཀྱི་ཚང་ལ་སེམས་མོས་ནའང་ཆོག མ་མོས་ནའང་རུང་སྟེ། གང་ལྟར་ཁྱོད་ཀྱི་འཇིག་རྟེན་ཧྲིལ་པོ་ནི་ལྕགས་ཐག་གི་རིང་ཐུང་འབའ་ཞིག་ལ་རག་ལས་ཤིང་། ཁྱོད་ཀྱི་བདེ་སྡུག་ནི་དང་འཚོ་ཚིས་ཀྱང་ལྕགས་ཐག་གང་དེས་ཐག་བཅད་ཡོད་པ་ཡིན་དུས། གཏན་ནས་གཏན་དུ་ཟས་གོས་དང་སྐབས་ཕྲལ་གྱི་བདེ་ཐབས་སྐྱིད་ཐབས་འབའ་ཞིག་གི་ཆེད་དུ། སྤོབས་པ་དང་རང་གཤིས་ཀྱི་མགོ་བོ་དེ་ལྕགས་ཐག་དང་ལྕགས་ཐག་གི་བྱེད་པོ་དག་གི་མདུན་དུ་སྨད་དགོས་པ་ལྟ་བུ་རེད།
         གསུམ་པ། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་གཞིགས་ན། འདི་ནས་ཡར་བརྩིས་པའི་མི་ལོ་སྟོང་ཕྲག་བཞི་ལྔའི་མཚམས་སུ་ངེད་ཚོའི་མེས་པོ་དག་ལུས་ལ་ཤིང་ལོ་དཀྲིས་ཤིང་། ལག་ཏུ་རྡོ་དང་དབྱུག་པོ་བཟུང་ནས་གཅན་གཟན་དང་རི་དྭགས་ཀྱི་རྗེས་སུ་སྲོག་བསྡོས་ཀྱིས་མཆོངས་པ་དང་། གཞན་གྱི་ལོངས་སྤྱོད་དང་བདེ་སྐྱིད་ལྟ་ཅི། ཟས་ལ་ཤ་རྗེན་དང་སྐོམ་ལ་ཆུ་འཁྱགས་བཏུང་ནས་རང་ཉིད་ཀྱི་འཚོ་གནས་ལ་རྒྱུན་བསྲིང་ཐབས་བྱས་ནས་བསྡད་ཡོད་པ་ཡིན། འོན་ཏེ་དེ་རིང་གི་མིའི་རིགས་ནི་ཡར་ནམ་མཁའི་སྤྲིན་རིམ་བརྒལ་ཏེ་འཕུར་བསྐྱོད་བྱེད་ཐུབ་ལ། མར་རྒྱ་མཚོའི་གཏིང་མཐའ་མྱུལ་ནས་འཁྱུག་འགྲོས་བྱས་ཆོག  ཟས་སུ་གང་ཞིམ་དང་གོས་ལ་གང་མཛེས་ཀྱི་གདམ་ག་བྱེད་ཆོག་པའི་དཔལ་ཡོན་འདི་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེའང་གནད་འགགས་གཅིག་རང་ལ་ཐུག་ཡོད་དེ་རང་བྱུང་ཁམས་ལ་ཟམ་མ་ཆད་པར་བརྟག་ཅིང་དཔྱད་ནས། རང་ལ་དགོས་ངེས་ཀྱི་བསམ་བློའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་དག་རེ་རེ་བཞིན་གསར་དུ་གཏོད་པས་རེད། མཐར་གཏུགས་ནས་བཤད་ན་གསར་གཏོད་ཅེས་པའི་ཡིག་འབྲུ་འདི་གཉིས་ལས་བརྒལ་ས་ཡོད་པ་མ་རེད། འོ་ན་གསར་གཏོད་ཅེས་པ་དེ་ཇི་ལྟར་བྱུང་བ་རེད་ཅེ་ན། དེའང་ཕྱི་མ་ཕྱི་མ་ཚོས་སྔ་མ་སྔ་མ་ཚོའི་བྱས་འབྲས་ལ་བརྟག་དཔྱད་དང་དོགས་སློང་བྱས་པ་ལས་བྱུང་བ་ཞིག་ཏུ་འདོད་དེ། ཆེས་ཐོག་མའི་མི་དེས་ཀྱང་རང་བྱུང་གི་སྣང་ཚུལ་ཅི་ཞིག་ལ་བལྟོས་ཏེ་ཆེས་ཐོག་མའི་རྨང་གཞི་བསྐྲུན་པ་ལས་བལྟོས་མེད་ཀྱི་གསར་གཏོད་ཅིག་གང་ནའང་མ་མཆིས་པ་རེད།
         དེས་ན་གསར་གཏོད་ཀྱི་རྩ་བ་རུ་གྱུར་པའི་དོགས་སློང་དང་དགག་སྒྲུབ་ཀྱི་གནད་འདི་ནི་ཏག་ཏག་ཆེས་རླབས་ཆེ་བའི་ལས་དོན་ཞིག་རེད་ལ། མི་ཁོ་ནས་བྱེད་དུ་གཏུབ་པ་ལས་གཞན་ཅི་དང་གང་གིས་ཀྱང་མི་ཤེས་ཤིང་མི་ནུས་པ་རེད། འོན་ཏེ་འདི་ནི་མི་ཞིག་ཡིན་ཕྱིན་ཆད་ཀུན་ཏུ་རུང་བ་ཞིག་སྟེ་མི་དང་ཡོད་ཁྱབ་མཉམ་ཡང་མ་ཡིན་ཏེ། འདི་ལ་མ་མཐར་ཡང་ཚང་དགོས་པའི་ཆ་རྐྱེན་ནི་མི་གང་དེ་བསམ་བློའི་རང་དབང་ལྡན་པ་ཞིག་ཡིན་དགོས་པ་རེད། དེ་མིན་བསམ་བློ་ལ་རང་དབང་དང་གུ་ཡངས་མེད་པའི་ཅོལ་ཆུང་དག་གིས་ནི་དོན་དམ་པར་ཅི་དང་གང་ཞིག་ལའང་དོགས་པ་སློང་ཐུབ་པ་མིན་ལ། དགག་སྒྲུབ་ཀྱང་བྱེད་ཐུབ་པ་མིན། དེའང་དེ་རིང་གི་བརྗོད་གཞི་གཙོ་བོ་རུ་གྱུར་པ་ནི་ཏག་ཏག་རིགས་འདིར་གཏོགས་པ་ཡིན། ཁོ་ཚོར་ནང་གི་རང་ཚུགས་ཐུབ་པའི་ཤེས་བྱའི་རྒྱབ་དཔུང་དང་ཕྱི་ཡི་ལས་དོན་འགྲུབ་པའི་འཇོན་ནུས་ཀྱི་མདུན་དཔུང་གང་ཡང་མེད་པས། ཡོངས་སུ(ཚད་མའི་གསུང)དང(ཡང་དག་པའི་མཛད་པ)དེ་ཚོའི་བྲན་དུ་ཁོལ་ནས་མི་ཚེ་དང་ལང་ཚོ་ལ་རིན་ཐང་གིས་སྟོང་པར་འགྱུར་འགྲོ་བ་ལས། གནད་དང་དོན་ཅི་ལའང་རང་ངོས་ནས་བསམ་གཞིག་དང་དོགས་སློང་བྱེད་པའི་འདུ་ཤེས་དེ་བག་ལ་ཞ་བར་གྱུར་སོང་བ་རེད། གང་ཞིག་བསམ་གཞིགས་དང་དོགས་སློང་བྱས་པའི་དབང་དུ་བཏང་ནའང་ཟབ་ཚད་དང་གཏིང་ཚད་མེད་པའི་ཆུ་ལ་ཉ་སྲམ་མི་འཁོར་བའི་དཔེ་ལྟར། དོགས་སློང་དེ་ནི་དོགས་སློང་འབའ་ཞིག་ལས་དེའི་སྔོན་དུ་འགྲོ་བའི་གནས་ལུགས་དང་རྒྱུ་མཚན། བསམ་གཞིགས་དང་རྟོག་དཔྱོད་སོགས་ཅི་ཡང་མེད་ལ། དེས་རྗེས་སུ་འབྱུང་དགོས་ངེས་ཀྱི་ལག་ལེན་དང་ཚོད་ལྟ། ཕྱིར་རྟོག་དང་བསྡོམས་ཚིག་སོགས་ནི་དེ་བས་ཀྱང་ག་ལ་ཡོད། དེའང་ལྕགས་ཐག་གིས་དམ་ལ་བཏགས་པའི་སྒོ་ཁྱི་ཞིག་གི་ངོས་ནས་བཤད་ན། ལྕགས་ཐག་གི་རིང་ཐུང་དེ་ལས་ཁོའི་བྱ་བྱེད་ཀྱི་ཁྱབ་ཁོངས་ཆུང་ངུ་དེ་གཏན་ལ་ཕབ་ཡོད་པ་ལྟར། དེ་ལ་བརྒལ་བའི་བྱ་ཕྱོགས་དང་སྤྱོད་ཕྱོགས་གང་ཞིག་ཀྱང་ལག་ཏུ་བསྟར་ཐབས་མེད་པ་ལྟར། ཤེས་འཇོན་གཉིས་ཕོངས་ཀྱི་སྐྱེ་བོ་དག་ལས་གནས་སུ་སླེབས་རྗེས། ཁོ་ཚོའི་མི་ཚེ་ནི་བསྐྱར་བཟློས་འབའ་གིས་གྲུབ་ལ་ཁོ་ཚོའི་ལས་དབང་དེའང་བཀའ་གསུང་ཅི་སྒྲུབ་དང་། དེ་ལས་བརྒལ་བ་འགོང་བར་བྱེད་པའི་ནུས་པ་མེད་ལ། གལ་ཏེ་འགོང་ཐུབ་པའི་དབང་དུ་བཏང་ནའང་རང་ཉིད་ཀྱི་ལྕགས་ཕོར་ལ་གནོད་པ་ལས་གཞན་ཅི་ཡང་ཡོང་རྒྱུ་མ་རེད།
         གོང་དུ་ཕྱོགས་གསུམ་གྱི་ཐད་ནས་འུ་ཚོས་འདོད་པའི་ལྕགས་ཕོར་ཏེ་གནས་སྐབས་ཀྱི་འཚོ་རྟེན་ཙམ་པོ་བ་དེ་དང་། རང་ཉིད་ཀྱི་ཡོད་ཚད་གཞན་ལ་རྩིས་འབུལ་ཞུས་བཏང་བའི་ལྕགས་ཐག་གི་དབར་ལ་གཤིབ་བསྡུར་ཞིག་བྱས་པ་ཡིན། འདི་ནི་ལེགས་བཤད་དང་གཞུང་ལུགས་གང་ཡང་མིན་པས། ངག་སྐྱོར་གཏོང་བ་དང་ཞིབ་འཇུག་བྱེད་པའི་རིན་ཐང་ཞིག་མེད་ངེས་མོད། བསམ་བློའི་གཏིང་རུམ་ནས་ཕྱིར་ཕྱུང་བའི་སྐད་ཆ་ཚིག་འབྲུ་རེ་རེའི་བར་གསེང་དུ་གནས་ལུགས་དང་རྒྱུ་མཚན་གྱིས་མཐུད་ཐབས་བྱས་ཡོད་པས། མྱུར་ཀློག་ཚར་གཅིག་གི་རིན་ཐང་ནི་ངེས་པར་དུ་ཡོད་པ་ཡིན། ཁ་ཆུང་འོ་དྲི་མ་ཡལ་གོང་ནས་ཀ་ཁའི་དབྱངས་རྟ་ངག་ཏུ་གྱེར་ཞིང་། ལག་གཡས་གཡོན་མི་འབྱེད་གོང་ནས་ཡི་གེའི་གཟུགས་རིས་བྲིས་ཤིང་ཡོང་བའི་སློབ་གྲྭ་བ་ངེད་ཚོས་ངེས་པར་དུ་བསམ་གཞིགས་བྱེད་དགོས་པའི་གནད་དོན་ཞིག་ནི། བློང་བཏང་དང་དཀའ་སྤྱད་གང་མང་མང་ཞིག་བྱས་ཚར་བའི་སང་ཉིན་དེ་མཛེས་སྡུག་ལྡན་པ་ཞིག་ལྟ་ཅི། མི་ཞིག་ལ་མ་མཐར་ཡང་ཡོད་འོས་པའི་རང་བརྩིའི་བསམ་བློ་དང་བསམ་གཞིགས་ཀྱི་ནུས་པ། རང་ངོས་ཀྱི་ལྟ་བ་འཆད་ཅིང་དགའ་ཕྱོགས་དོན་དུ་གཉེར་བའི་ཐོབ་ཐང་། དོགས་སློང་གི་སྤོབས་པ་དང་དགག་སྒྲུབ་ཀྱི་སྙིང་སྟོབས། དེ་དང་དེ་ལ་སོགས་པའི་རིན་ཐང་ཅན་མང་པོ་ཞིག་བརླག་འགྲོ་བར་སྲིད་པས། ད་ལྟའི་གནས་སྐབས་ནས་སྤྱིར་རིག་གནས་གང་ལའང་ཁྱད་མེད་དུ་སྦྱོང་དགོས་ལ། ཡང་སྒོས་སུ་བོད་རང་གི་སྐད་དང་ཡི་གེ  དེའི་ཐོག་ཏུ་ཆགས་ཡོད་པའི་རིག་གནས་དག་ལེགས་པར་སྦྱོང་རྒྱུ་ནི་མི་སྒེར་གྱི་ལྕགས་ཕོར་གཉེར་རྒྱུ་དང་ལྕགས་ཐག་གི་བསླུ་བྲིད་ལས་ཐར་བའི་ཐབས་དམ་པ་ཡིན་མ་ཟད། མི་རིགས་ཧྲིལ་པོ་འདིའི་ལྕགས་ཕོར་ལ་བདག་པོ་རྒྱག་རྒྱུ་དང་ལྕགས་ཐག་གི་དབང་སྒྱུར་འོག་ཏུ་མ་ཚུད་པར་བྱེད་པའི་ཐབས་དམ་པ་ཡིན། མདོར་ན། བོད་ཡིག་ལེགས་པར་སྦྱོང་རྒྱུ་ནི་རང་སྒེར་གྱི་འཚོ་ཚིས་བརྟན་པོ་ཞིག་བསྒྲུབ་པ་དང་མི་རིགས་ཀྱི་མདུན་ལམ་ལའང་འགན་འཁྲི་མི་དམན་པ་འཁུར་བའི་ཐབས་ལེགས་ཤོས་དེ་ཡིན། གནད་དོན་གྱི་འགགས་རྩ་ནི་ལྕགས་ཐག་དང་ལྕགས་ཕོར་ལ་ངོས་འཛིན་གསལ་ཁ་དོད་པ་ཞིག་འོང་རྒྱུ་གལ་ཆེ་ཞིང་། ལྕགས་ཕོར་ཙམ་པོ་བའི་ཆེད་དུ་ལྕགས་ཐག་སྐེ་ལ་ལེན་པ་ནི་ལྟོ་གོས་ཀྱི་ཆེད་དུ་རང་དབང་བཙོངས་བཏང་བའི་ལྐུགས་རྟགས་དཔེ་མེད་པ་ཞིག་ཡིན་པ་ཤེས་རྒྱུ་དེ་བས་འགངས་ཆེ།  འོན་ཏེ། ལྕགས་ཕོར་ཡོད་ཚད་ཀྱི་འགྲམ་ན་ལྕགས་ཐག་བཟུང་བའི་རྔོན་པ་རེ་སྒུག་བསྡད་ཡོད་པའི་ངེས་པ་ནི་ཅི། ལྕགས་ཐག་གིས་མཇིང་པ་མ་བསྡམས་ཤིང་ལྕགས་ཕོར་ཡང་ལག་མཐིལ་དུ་འཛུགས་ཐུབ་པའི་ཐབས་ཉག་གཅིག་ནི། ཤེས་ཡོན་དང་འཇོན་རྣལ་མ་ཞིག་རྒྱུད་ལ་འབྱོར་དགོས་རྒྱུ་དེ་རེད་ལ། དེས་ནི་རྒྱ་ཆེ་ས་ནས་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་ཕན་པའི་ལས་བྱ་གང་ཡང་བསྒྲུབ་ནུས་ལ། ཆུང་ས་ནས་རང་སྒེར་གྱི་འཚོ་བའི་གནད་དོན་ཡང་རང་བཞིན་གྱིས་ཐག་ཆོད་པར་འགྱུར་བ་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།