གཡུ་འོད་རང་ཤར་གྱི་རྩོམ་འགའ་བཀོད་པ།

རྩོམ་པ་པོ།:གཡུ་འོད་རང་ཤར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-09-24 09:28:00 ཀློག་གྲངས།:

བཟོ་ལྟ་འཆོར་གྱིན་པའི་བོད་དགེ་ཚང་།

         མ་འོངས་པའི་དུས་ཤིག་ན། འུ་ཚོ་ཡང་སློབ་ཁྲིད་སྟེགས་བུའི་ཡང་སྟེང་ན་གཟི་བརྗིད་ཀྱི་ཆོ་ལོ་སྟོང་ཕྲག་ཐོད་དུ་བཅིངས་ཤིང་། ཕུགས་འདུན་གྱི་རེ་སྙེག་འབུམ་ཕྲག་རྒྱབ་ཏུ་འཁུར་ཏེ་རང་གི་ཉེ་འཁོར་ན་ཅི་ཞིག་ཤེས་འདོད་ཀྱི་མིག་ཟུང་ཀེམ་གྱིན་པའི་བློ་གསལ་བུང་བའི་ཁྱུ་ཚོགས་ལ། (དེ་ལྟར་མ་བྱེད་འདི་ལྟར་གྱིས)ཟེར་ནས་བླང་དོར་གྱི་སློབ་སྟོན་གང་མང་མང་ཞིག་ཁ་ནས་མཎི་ལྟར་བཟློ་དགོས་པ་སྨྲོས་མེད་རེད།འདི་ནི་འུ་ཚོའི་གཟི་བརྗིད་རེད་ལ་འདི་ནི་འུ་ཚོའི་འགན་འཁྲི་རེད། འདི་ནི་འུ་ཚོའི་མ་འོངས་པ་རེད་ལ་འདི་ནི་འུ་ཚོའི་གདམ་ག་རེད། འདི་དང་འདི་དག་ལ་བསམ་གྱིན་དུ་ངའི་ཡིད་ལ་དགའ་སྤྲོ་དང་སྤོབས་སེམས་ཀྱི་སྣང་བ་འབུམ་ཕྲག་བསྐྱེད་པར་བྱེད་ལ།རང་དང་རང་གི་ཁོར་ཡུག་ཏུ་བག་མེད་གཡོ་ལས་ཀྱིས་འཚོ་བའི་དགེ་འོས་པ་ཚོའི་བྱེད་སྟངས་དང་སྤྱོད་ལུགས་རྣམས་དྲན་ཐེངས་རེར་ངའི་ཡིད་ཀྱི་དགའ་བ་སྐད་ཅིག་ཏུ་འཇོམས་འགྲོ་ལ། སེམས་ཀྱི་གཏིང་རུམ་ནས་འཇིགས་སྣང་དང་དངངས་འཚབ་ཀྱིས་འདར་ཁ་ཡང་ཡང་འབྱིན་པར་བྱེད།
         འཁྱར་འཁྱོར་གོམ་པའི་འདེག་འཇོག་སློབ་ཆེན་གྱི་སྒོ་ཐེམ་ལས་བརྒལ་བའི་ཉིན་དང་པོ་ནས་བཟུང་། ཉིན་མོ་དྲ་ཁང་དུ་རོལ་རྩེད་ཀྱིས་བསྐྱལ་ཞིང་མཚན་མོ་ཉལ་ཁང་དུ་རྒྱན་འཛུགས་ཀྱིས་འདས་པའི་དགེ་འོས་པ་ཚོས་མི་རིགས་དང་རིག་གནས་ཀྱི་དར་རྒུད་ལྟ་ཅི། རང་སྒེར་གྱི་སང་ཉིན་ལའང་འདང་རྒྱག་ཙམ་བྱེད་མ་མྱོང་བ་ནི་མངོན་སུམ་མིག་གིས་མཐོང་མཁན་ཞིག་མིན་ན་སུ་ཞིག་གིས་ཡིད་ཆེས་སྲིད་དམ།འདི་ནི་ཇི་འདྲའི་འཇིགས་ཡེར་བའི་སྣང་ཚུལ་ཞིག་རེད་ཨང་། འདི་ནི་ཇི་འདྲའི་འཆོས་དཀའ་བའི་ནད་རྙིང་ཞིག་རེད་ཨང་། བསམ་གཞིགས་ཀྱི་འཁོར་རྒྱ་སློབ་གྲྭའི་ར་སྐོར་ཙམ་ལས་བརྒལ་མ་མྱོང་ཞིང་བྱ་བྱེད་ཀྱི་བརྐྱངས་སྐུམས་རང་དོན་གྱི་རུ་སྦུག་ལའང་ཁྱབ་མ་ཐུབ་པའི་འུ་ཚོར་དགེ་འོས་ཀྱི་མིང་གིས་བཏགས་པ་ནི་ངོ་མ་བསམ་མི་ཐུབ་པའི་གནད་རེད། དེ་བས་ཀྱང་བསམ་མི་ཕོད་པ་ཞིག་ནི་མ་འོངས་པའི་ཉིན་ཞིག་ལ།དུད་ཆང་གི་ཚང་ཚིང་ཀློང་དུ་ཕུགས་འདུན་གྱི་ཁ་ཕྱོགས་འཆོལ་ཟིན་པའི་ང་ཚོས་སློབ་མ་སྤྲ་ཚགས་ཅན་གང་ཞིག་གི་རྣ་ལྕོག་ནས་འཐེན་ཏེ།(ཐ་མག་མ་འཐེན། ཆང་རག་མ་འཐུང་།)ཟེར་དུས།གློ་བུར་གློ་བུར། རང་གི་དོན་ལྔ་གནོད་དྲུག་ཏུ་སྔ་མོ་ནས་སིམ་ཚར་བའི་དུད་ཆང་གི་དྲི་མ་ངར་པོ་དེ་ཚོར་ཚེ། ང་ཚོས་གདོང་ལྤགས་དགུ་བརྩེགས་ཅན་དུ་སྤྲུལ་ཀྱང་ངོ་ཚའི་གཡང་ས་ཆེན་མོ་ལས་ཐར་ས་ཞིག་གང་ན་ཡོད་ཨང་།
         ཡང་མ་འོངས་པའི་དུས་ཤིག་ལ། ཤོ་བག་རྒྱན་འཛུགས་ཀྱི་འགྲན་སེམས་རྣོན་པོའི་ཆར་ཞོད་འོག་ནས་རང་གཤིས་ཀྱི་སྡོང་ཕྲན་གཉོམ་པོ་རུལ་མྱགས་སུ་གྱུར་ཚར་བའི་འུ་ཚོས། སློབ་གསོ་དང་ལེགས་བཤད་ཀྱི་རང་བཞིན་ལྡན་པའི་སྐད་ཆ་ཚིག་དུམ་འགའ་ཨུ་ཚུགས་ཀྱིས་བཙལ་ནས། མི་གཤིས་དང་ཀུན་སྤྱོད་ཀྱི་གནད་ལ་སློབ་སྟོན་གྱི་གཏམ་བཤད་ཐན་ཐུན་རེ་བྱེད་དུས། གློ་བུར་གློ་བུར། ཉིན་ལྟར་ཤོ་བག་མཱ་ཅང་གི་རྒྱ་མཚོ་ཆེན་མོར་ཉུལ་ཉུལ་བའི་ལག་ཟུང་དང་། དགོང་ལྟར་བདག་མེད་འཁྱམ་ཉུལ་གྱི་ཐང་སྟོང་སྐྱ་མོར་སྤོས་སྤོས་པའི་རྐང་ཟུང་། ད་དུང་རྒྱལ་ཕམ་རྒྱན་རྩེད་ཀྱི་ཁྲམ་ཁ་ནས་སྐྱ་ཟད་སྔོ་རྡུགས་སུ་སོང་བའི་རང་གི་མི་གཤིས་དེ་དག་དྲན་ཚེ། ང་ཚོས་སྨྲ་ལྕེ་ཉིས་བརྩེགས་ཅན་དུ་བརྫུས་ཀྱང་རང་ཉིད་ལ་གུ་ཡངས་གཏོང་བའི་རྒྱུ་མཚན་ཞིག་ཤོད་ཐབས་བྲལ་བ་རེད། མ་ཟད་སློབ་མའི་དོགས་འདྲི་ཕལ་བ་ཞིག་གིས་ཀྱང་འུ་ཚོར་མི་ཡུལ་སྙིང་པོ་མེད་པའི་ངེས་འབྱུང་སྤུ་སུད་རེད་སྐྱེ་རུ་འཇུག་སྲིད་ན། རླབས་ཆེན་གྱི་ལས་གནས་དེ་དང་གལ་ཆེན་གྱི་ལས་འགན་དེ་དག་ང་ཚོས་ཇི་ལྟར་བསྒྲུབ་ཨང་། འདི་ལྟར་བསམ་བསམ་ན་སྔར་སོང་གི་ཡོད་ཚད་ལ་བསྡོམས་ཚིག་དང་འབྱུང་འགྱུར་གྱི་ཐམས་ཅད་ལ་ཚད་འཇལ་གྱི་ཉ་ག་གསར་དུ་བརྗེ་དགོས་པ་ཅིས་ཀྱང་གལ་ཆེ། ད་འོ་ན་ཀློག་པ་པོ་ཁྱེད་རང་ངེད་དགེ་འོས་ཚང་གི་འཁྲུག་ཆ་དོད་པའི་སློབ་སྦྱོང་འཚོ་བ་ལ་ལན་གཅིག་གཟིགས་པར་ཕེབས་དང་།
གཅིག   དགེ་འོས་ཚང་དང་དཔེ་ཀློག
         མི་ཞིག་གི་དཔེ་དེབ་ལ་བཟུང་བའི་རྣམ་འགྱུར་དེ་མཐར་གཏུག་ན་ཁོས་རིག་གནས་ལ་བཟུང་བའི་རྣམ་འགྱུར་རེད།མ་ཟད།ཤེས་ཡོན་སྦྱོང་བའི་རྒྱུད་རིམ་དུ་གྲུབ་འབྲས་ཇི་ཙམ་འཐོབ་མིན་ཡང་རྣམ་འགྱུར་དེ་ལ་རགས་ལུས་ཡོད་པ་རེད། འུ་ཚོར་མཚོན་ན། དགེ་རྒན་གྱི་ལས་གནས་གཉེར་ཏེ་མི་རབས་རྗེས་མ་གསོ་སྐྱོང་བྱ་རྒྱུའི་ལས་འགན་ཞིག་སློབ་གྲྭ་འདིའི་སྒོ་ཐེམ་དང་པོ་བརྒལ་དུས་ནས་ཕྲག་ཐོག་བབས་ཡོད་པ་ཡིན་ལ། སློབ་གཉེར་བ་སྟོང་ཕྲག་དུ་མས་འུ་ཚོ་ཚིག་མཛོད་ཅིག་གམ་ནོར་བུ་དགོས་འདོད་ཀུན་འབྱུང་ཞིག་ཏུ་བརྩི་ངེས་པ་ན། ཟ་སྟངས་འགྲོ་ལུགས་ཡན་ཆད་ཀྱི་དཀའ་གནད་ཚང་མར་གང་ལ་གང་འཐོབ་དང་དེ་ལ་དེ་བསྟུན་གྱི་དགོས་རེ་སྐོང་འོས་པས་ཕ་མ་གཉིས་པ་ཞེས་པའི་ཆོ་ལོ་ཞིག་བསྩལ་ཡོད་པ་ཡིན། འོན་ཏེ། དགེ་རྒན་གྱི་སློབ་ཁྲིད་ཉན་ཁུལ་ཙམ་ལས་གཞན་གྱི་དཔེ་ཀློག་ལ་མི་སྤྲོ་བའི་འུ་ཚོས།རང་ཚུགས་ཀྱི་རྐང་པ་མེད་ཅིང་འཇོན་ནུས་ཀྱི་ལག་ཟུང་ཞ་བའི་འུ་ཚོས། ཕ་མ་གཉིས་པའི་འགན་འཁྲི་ཆེན་པོ་དེ་ཇི་ལྟར་བྱས་ནས་འཁུར་དགོས་སམ། ངེད་དགེ་འོས་ཚང་ལ་འདི་ལྟ་བུའི་ལུགས་སྲོལ་ཞིག་ཡོད་དེ། དཔེ་དེབ་གསར་པ་ཞིག་མཐོང་ཚེ་དཀར་ཆག་ལ་མ་བལྟས་གོང་ནས་རྒྱབ་ཤོག་གི་གོང་ཚད་ལ་བལྟ། དཔེ་དེབ་ཡག་པོ་ཞིག་གི་གོང་ཚད་སྒོར་བཅོ་ལྔ་ལས་བརྒལ་ཡོད་ན། ཨ་མ་མ། ཟེར་ནས་ཕྱིར་འཐེན་བྱེད་སྲིད་པ་རེད། མ་གཞི་ད་ལྟ་སློབ་མའི་གནས་སྐབས་སུ་རང་ཁ་རང་གསོ་བྱེད་པའི་ནུས་པ་མེད་པས།སྒོར་མོ་ལ་གྲོན་ཆུང་བྱེད་དགོས་ངེས་ཡིན་མོད། ངེད་དགེ་འོས་ཚང་གི་དཔའ་རྟུལ་མང་ཤོས་ནི་གཟའ་མཇུག་རྟག་པར་ཨར་ཁང་གི་སྐྱུར་རྩིའི་ཀློང་དུ་ཕ་མའི་རྔུལ་ཁྲག་ཆུད་དུ་འཛའ་བའི་གཏོང་ཕོད་ཅན་འབའ་ཞིག་ཡིན་པ་ལ་བསམ་ན་དེ་བས་ཀྱང་ཁྱད་མཚར་བར་འདུགསློབ་ཆེན་གྱི་བོད་ཡིག་ཆེད་ལས་སློབ་མས་ཆང་འཐུང་བག་མེད་ཀྱི་ཆེད་དུ་སྒོར་བརྒྱ་ཕྲག་དུ་མ་ཤར་ཤར་དུ་གཏོང་ནུས་མོད། རིན་ཐང་ཅན་གྱི་དཔེ་དེབ་ལེགས་པོ་ཞིག་ལ་སྒོར་རྡོག་བཅུ་ཕྲག་འགའ་སྟེར་མི་བཟོད་པ་ནི་མཚང་གི་ཕུག་སོ་ཇི་འདྲའི་གཏིང་རིང་བ་ཞིག་རེད།
གཉིས།  དགེ་འོས་ཚང་དང་ཤོ་བག་རྒྱན་འཛུགས།
         གལ་སྲིད་ཁྱེད་རང་དགོང་མོའི་ཆུ་ཚོད་བཅུ་གཅིག་གཡས་གཡོན་དུ་ངེད་དགེ་འོས་ཚང་ལ་ལྟད་མོར་ཕེབས་ཐུབ་པའི་དབང་དུ་བཏང་ཚེ། ངེད་ཚང་ནི་སྔར་གྱི་དཔེ་ཆ་བ་སྐྱོ་པོ་དེ་ཚོ་མ་ཡིན་པར། ཐེ་ཝན་དང་ཤང་ཀང་། ཨའོ་མན་སོགས་ཀྱི་རྒྱན་པོ་དུག་འཚོང་བ་དག་གི་སྒྲོབ་ཉམས་དང་རྔམ་ཟིལ་ཡོངས་སུ་ཚང་ཡོད་པའི་མི་རབས་གསར་པ་ཞིག་ཡིན་པ་རྟོགས་ངེས། ནམ་རྒྱུན་རྩོམ་འབྲིའི་སྐབས་ཅུང་འཁོབ་སྣང་དང་བཅས་པའི་ལག་ཟུང་གི་འདབ་མ་དག་སྐབས་འདིར་སླེབས་དུས། ཤ་རུས་ཀྱི་ཚེ་སྲོག་གསར་དུ་རྙེད་པ་ལྟར་བདེ་ཞིང་མྱུར་ལ།རྣམ་ཀུན་བག་ལྷོད་རྣམ་གཡེང་གི་དབང་དུ་འཆོར་བར་ཐེ་ཚོམ་མི་དམིགས་པའི་ནང་གི་ཀུན་རྟོགས་ཕྲ་མོ་དེའང་། ཡུལ་དུས་འདིར་སླེབས་དུས།བྱིང་རྒོད་གཉིས་ཀྱི་མཐའ་ལ་མ་ལྷུང་བར་དམིགས་པ་རྩེ་གཅིག་གིས་སྒོར་མོ་ལ་གཏད་འདུག་པ་འདི་འདྲ་ནི་ཅིས་ཀྱང་མཚར་དགོས་པའི་གནས་རེད། རྒྱན་འཛུགས་ཀྱི་རྣམ་གྲངས་ལ་ཤོ་དང་ཏཱ་སེ། མཱ་ཅང་གསུམ་གཙོ་བོར་བཟུང་བ་ཡིན། བྱེད་སྒོ་འདི་འཕྲེད་དུ་ཁྱབ་རྒྱ་ཆེ་བས་དགེ་འོས་ཚང་གི་ཕྱི་ནང་གང་ས་ནས་སྐུ་མགྲོན་རྩ་ཆེན་མང་པོ་ཕེབས་ངེས་ལ།བྱེད་སྒོ་འདི་གཞུང་དུ་བསྲིང་ཐག་རིང་བས་མཚན་གང་ལ་རིན་མེད་ཀྱི་ཞབས་ཞུ་ཡོད།
         ངེད་དགེ་འོས་ཚང་གི་འཆར་གཞི་ལྟར་ན། རྒྱན་འཛུགས་རོལ་རྩེད་ཀྱི་བྱ་གཞག་འདི་རྒྱ་སྐྱེད་བཏང་སྟེ་རྒྱལ་སྤྱིའི་རང་བཞིན་གྱི་རྒྱན་ཁང་ཆེ་ཤོས་སུ་བཟོས་ཏེ་མ་འོངས་པར་རང་མི་རིགས་ཀྱི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་རུ་བསྒྲུབ་རྩིས་ཡོད། མ་འོངས་པའི་དུས་ཤིག་ལ་ངེད་དགེ་འོས་ཚང་གི་རྒྱན་པོ་ཚོས་རང་ཉིད་ཀྱི་ལས་དོན་རླབས་པོ་ཆེ་དེར་ཞུགས་རྗེས། བོད་ཀྱི་སློབ་གསོའི་ལས་དོན་ལ་རླབས་ཆེན་གྱི་བྱས་རྗེས་ཤིག་འཇོག་ཕྱིར་རྒྱན་རྩེད་རྩེ་སྟངས་དང་སྒོར་མོ་སྐུགས་ལུགས་ཀྱི་སློབ་ཚན་ཞིག་ཀྱང་བཀོད་སྒྲིག་བྱས་ཏེ། ངེད་ཚོའི་ཤུལ་འཛིན་པ་ཀླད་སྟོང་ཁྱུ་གཅིག་གསོ་སྐྱོང་བྱ་འཆར་ཡོད། མ་གཞི་ནས་ང་ཚོས་ཤེས་པ་ཉག་ཅིག་ནི་འདི་ཁོ་ན་ཡིན་པས་འདིའི་ཐད་ནས་མི་རིགས་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་ཨེ་ཐུབ་ཀྱི་རེ་བས་སེམས་པ་རབ་ཏུ་ངལ་བཞིན་ཡོད། མ་ཟད་གསལ་བཤད་བྱ་དགོས་པ་ཞིག་ནི་ངེད་ཚོའི་ལུས་ཐོག་གི་དངུལ་དངོས་ཡོད་ཚད་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བ་ལས་ཕ་མར་ལག་པ་བཟེད་དགོས་ཀྱི་མེད་པས། ཤོ་བག་རྒྱན་འཛུགས་ཀྱི་སྒོར་མོའི་ཐོབ་ཤོར་ཐད་གཞན་དག་སུ་ལའང་ཇུས་གཏོགས་མེད།དེ་བས་སྐྱེ་བོ(ཇུས་གཏོགས་ཅན)ཚོའི་སྡུག་ཁ་འབུ་ཁུང་འདྲ་བོ་དམ་དུ་ཟུམ་ཞིང་སྡུག་ལག་ཡོག་དུམ་འདྲ་བོ་རྒྱབ་ཏུ་བསྡུས་ན་དགའ།
         རྒྱལ་ཕམ་ཐོབ་ཤོར་གྱི་བསྣོལ་མཚམས་ལས་རྙེད་པའི་ཞེ་ནག་འཁོན་འཛིན། མངོན་ལྐོག་དང་དགྲ་གཉེན་གྱི་མཐུད་མཚམས་ལས་རེག་པའི་ཕྱོགས་རིས་འཐེན་འཁྱེར། ཧམ་སེམས་དང་ཨུ་ཚུགས་ཀྱི་ཁྲམ་ཁ་ལས་འཐོར་བའི་རྩོད་འཛིང་གི་མེ་རྟག  འདི་དག་ནི་ངེད་ཀྱི་བྱེད་སྒོ་འདིའི་དམིགས་པ་མཐར་ཐུག་དང་ངོ་བོ་དྭངས་མ། ཁ་ཕྱོགས་རྣལ་མ་བཅས་ཡིན་ནོ།།
གསུམ་པ།   དགེ་འོས་ཚང་ར་བཟི་ཆང་འཐུང་།
         བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱིའི་ཁྱད་ཆོས་དང་ཁ་ཕྱོགས་ལ་གཞིགས་ན་བོད་ཀྱི་རིག་གནས་སྦྱོང་མཁན་ཞིག་ཡིན་ཚེ། ཧ་ལམ་སྤོས་དྲི་འཚུབ་འཚུབ་དང་བསང་དྲི་འཐུལ་འཐུལ་ཅན་ཞིག་ཡིན་དགོས་པ་འདྲ་མོད། ངེད་དགེ་འོས་ཚང་གི་སློབ་མ་ཚོ་ནི་ཉིན་མོ་ཐ་མག་གི་དྲི་མས་ཚོས། མཚན་མོ་ཆང་རག་གི་བྲོ་བས་མྱོས།དུད་ཆང་གི་རྒྱ་མཚོ་ཆེན་མོར་བག་མེད་ཞི་ལྷོད་ཀྱི་གྲུ་ལ་ཞུགས་ནས་གླེན་རྟགས་ཀྱི་སྐྱ་བས་ཡང་དང་ཡང་དུ་བསྐྱོད་པས། འགན་འཁྲི་དང་ཕུགས་བསམ། བདེ་ཐང་དང་ངོ་ཚ་ཡོད་ཚད་ཀྱི་ཁ་ཕྱོགས་བོར་ཚར།འདི་ལྟར་བོར་སོང་བས་སློབ་སྦྱོང་ལས་ཆང་འཐུང་གལ་ཆེ། སློབ་ཁང་ལས་ཆང་ཁང་མང་བར་འགྲིམ། སློབ་དེབ་ལས་ཆང་དམ་འདྲིས་པར་གྱུར། དངུལ་ཅུང་ཟད་ཡོད་ན་ལམ་སེང་སྟོར་དགོས་པས་ཁྱབ། དངུལ་སྟོར་ན་ཨར་ཁང་དུ་འགྲོ་དགོས་པས་ཁྱབ། ཨར་ཁང་དུ་ཕྱིན་ན་ཆང་རག་འཐུང་དགོས་པས་ཁྱབ། ཆང་རག་བཏུང་ན་ར་བཟི་དགོས་པས་ཁྱབ་པ་བཅས་ཁྱབ་བཞི་པ་ཞིག་ཏུ་གྲུབ་འདུག  དེ་ལྟར་ཁྱབ་མིན་ཁྱབ་པར་འཛིན་པའི་འཁྲུལ་ཤེས་མང་དག་གཅིག་རྒྱུད་ལ་མ་བགོས་རང་འབྱམས་སུ་གྱུར་འདུག་པ་ནི། འདོད་ཆུང་ཆོག་ཤེས་སྲོག་ཏུ་བཟུང་བའི་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཆེད་དུ་གཉེར་མཁན་ཚོའི་ངོ་ཚ་ཞིག་མིན་ནམ།འོན་ཏེ་སུ་ཞིག་གིས་འུ་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་རང་སྐྱོན་དང་རྙིང་ཞེན་གྱི་བག་ཆགས་རྫོབ་པོར་དགག་གཞག་གི་མཆུ་ཁ་གཏོད་ཙམ་བྱས་ན། ངེད་དགེ་འོས་ཚང་གི་ཆང་རྐྱལ་ཁ་བདེ། ལས་མེད་འགན་མེད་ཅན་ཚོས་མི་རུང་མི་འགྲིག་གི་རྒྱ་རིམ་པ་དགུ་བཏབ་སྟེ་བསྟན་སྲུང་གི་རྟུལ་ཞུགས་ཀུན་ནས་གཟུང་ངེས་པ་རེད།
         ད་དུང་དེ་དག་ལས་ཀྱང་ཚབས་ཆེ་བ་ཞིག་ནི། ངེད་དགེ་འོས་ཚང་གི་ཆང་རྐྱལ་ཚོས་སྨྱོ་ཆུང་བཏུང་ནས་ཚོར་བ་ཉམས་རྗེས། ནམ་རྒྱུན་གླེང་རྒྱུར་སྤྲོ་བའི་མི་རིགས་དང་རིག་གནས་ཀྱི་དར་རྒུད་ལ་འབྲེལ་བའི་སྐད་ཆ་རྫིག་པོ་དག་སེམས་གཏིང་ནས་བརྗེད་ཅིང་། ཡིད་ཁོངས་ནས་བོར་ཏེ་རང་གཞན་ཀུན་གྱི་མི་བུའི་རྩིས་ཐང་དང་གོ་བབས་ལ་རྡོག་བརྫིས་ཅི་འདོད་འདོད་དུ་གཏོང་ངེས་ལ། བཟི་བ་ལས་དྭངས་རྗེས་རང་ཉིད་ཀྱི་ཞབས་འདྲེན་བྱས་པའི་ལས་བྱ་ངོ་ཚ་འོས་པ་དག་ཀྱང་གཟི་བརྗིད་ཀྱིས་གླེང་འོང་དུས། སྒེར་ཚུགས་ཀྱི་ལྟ་བ་དང་ལངས་ཕྱོགས་མེད་པའི་རང་གཤིས་གཉོམ་པོ་ཅན་དག་ལ་བདེ་སྡུག་སྤེལ་མའི་འཇིག་རྟེན་འདི་རུ་དགའ་སྐྱོ་འདྲེས་མའི་ཚོར་བ་རེ་གཉེར་གྱིན་པའི་འུ་ཚོས་ཡང་སྙིང་ལེགས་ཉེས་ཀྱི་དབྱེ་མཚམས་གང་ནས་འབྱེད་དགོས་པའང་ཧ་ཅང་ལྐོག་གྱུར་གྱི་གནས་སུ་མི་སྒོམ་ཀ་མེད་དུ་གཏོང་ངེས།
         ངེད་ཀྱི་ཆང་རྐྱལ་ཚོས་ད་བར་རང་ཉིད་ཀྱིས་ལྦུ་ཆང་དང་བག་མེད་ལོངས་སྤྱོད་ཁྲོད་བརྒྱ་ཕྲག་དང་སྟོང་ཕྲག་བྱས་ནས་སྟོར་གྱིན་པའི་དངུལ་ལོར་དེ་དག་ཡང་སྙིང་གང་ནས་བྱུང་བ་དང་། རང་གི་ཕ་མ་སྤུན་ཉེ་སུ་ཞིག་གིས་ཉིན་མོའི་ཟས་བརྗེད། མཚན་མོའི་གཉིད་བྲལ། ལག་པའི་ཤུགས་ཟད། རྐང་པའི་ཟུངས་ཉམས་མོད། ད་དུང་སྲོག་བསྡོས་ཀྱིས་སྤྱི་ཚོགས་འདིའི་གྲུ་ཟུར་གང་ཞིག་ནས་ཨུ་ཚུགས་ངང་འཚང་གིན་པའི་རྒྱུ་མཚན་ཅི་ཡིན་ལ་བསམ་གཞིགས་ཀྱི་རྣོ་ཁ་ཙམ་ཡང་གཏོད་མྱོང་ཡོད་རྒྱུ་མ་རེད།
         མདོར་ན་ར་བཟི་ཆང་འཐུང་ལ་དགའ་བའི་རིགས་ཕལ་ཆེར་ནི་རང་སེམས་ཀྱི་སྡུག་བསྔལ་ཙམ་པོ་བ་རེའི་མནར་གཅོད་དང་སྐྱིད་སྣང་ཉི་ཚེ་བ་རེའི་བསླུ་བྲིད་བཟོད་མི་ཐུབ་མཁན་ཁོ་ན་རེད། གལ་སྲིད་འུ་ཚོར་མི་ཚེའི་ཁུག་སོ་རེ་རེ་ན་ཡིབ་ཡོད་པའི་ཕམ་ཁ་དང་བར་ཆད་ཆུང་ངུ་རེ་ལའང་གདོང་གཏོད་པའི་སྤོབས་པ་མེད་ཚེ།ད་དུང་མ་འོངས་པའི་མདུན་ལམ་དང་འབྱུང་འགྱུར་གྱི་ཕུགས་སོ་ཞེས་པའི་གླེང་གཞི་ཆེན་པོ་འདི་དག་ཅི་ལྟར་དྲན་ཕོད་དམ། གལ་སྲིད་འུ་ཚོས་རྩོལ་བྱུང་དང་སྟེས་དབང་གང་རུང་གི་ཉེར་བསྡོགས་ལས་བྱུང་བའི་ལེགས་གྲུབ་དང་རྒྱལ་ཁ་ཕྲན་བུ་ཙམ་ཡ་ཁོག་ནང་དུ་མི་ཤོང་ན། གཟི་བརྗིད་འོད་སྟོང་འབར་བའི་མ་འོངས་པ་ཞིག་ལ་བསུ་མ་བགྱི་བའི་དཔའ་གདེང་གང་ནས་མཆིས་ཨང་།
བཞི་པ།  དགེ་འོས་ཚང་དང་འགན་འཁྲིའི་འདུ་ཤེས།
         སྤྱིར་ངེད་དགེ་འོས་ཚང་གི་ཁོར་ཡུག་ཏུ་འགན་འཁྲིའི་འདུ་ཤེས་ཞེས་པའི་ཐ་སྙད་འདི་གླེང་དགོས་དུས་ཡིད་མུག་གི་མུན་པ་འཐིབས་པའམ། རེ་ཆད་ཀྱི་མིག་ཆུ་འཆོར་འོང་བའི་ཚོད་རེད། འོན་ཏེ་འདི་ནི་གླེང་འདོད་ན་གླེང་ཞིང་མ་འདོད་ན་སྐྱུར་ཆོག་ཆོག་གི་དོན་ཆུང་ཞིག་གང་ནས་ཡིན། འགན་འཁྲི་ཡོད་མེད་ཀྱི་རྣམ་དབྱེ་འདི་མི་གང་ཞིག་གི་མི་གཞི་དང་ཀུན་སྤྱོད་ལའང་ཐད་ཀར་འབྲེལ་ཡོད་པས་ན། མ་འོངས་པར་ཕ་མ་གཉིས་པའི་འགན་འཁྲི་རྒྱབ་ཏུ་འཁུར་ཞིང་ཚེ་སྲོག་གི་བཟོ་སྐྲུན་པའི་ཆོ་ལོ་ཐོད་ལ་བཏེགས་ཏེ་ཆེས་རླབས་ཆེ་བའི་ལས་འགན་འདི་སྐྱོང་མཁན་ཞིག་གི་ངོས་ནས་བཤད་ན། དེ་བས་ཀྱང་འགན་འཁྲི་ནི་ང་ཚོའི་སྲོག་རྩ་དང་གཞན་ཕན་ནི་ང་ཚོའི་རྩ་དོན་ཡིན་དགོས་པ་རེད། འོ་ན་དགེ་རྒན་ཞིག་གི་ངོས་ནས་ཅི་དང་གང་ལ་འགན་འཁུར་དགོས་པ་རེད་ཟེར་ན། ཐོག་མར་རང་གིས་རང་ལ་འགན་འཁུར་དགོས་པ་རེད། དེའང་ང་ཚོ་མི་ཞིག་ཡིན་པའི་ངོས་ནས་མིའི་རིན་ཐང་འཐོབ་དགོས་ན་ངེས་པར་དུ་མིའི་འགན་འཁྲི་ཞིག་ཀྱང་དང་དུ་ལེན་དགོས་པ་རེད། དེ་ནས་རང་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་རང་གི་ལས་གནས་དང་སྤྱི་ཚོགས་ལ་འགན་འཁུར་དགོས་ཤིང་། དེ་ལས་ཀྱང་གལ་ཆེ་བ་ནི་རང་གི་སློབ་མའི་རྣམས་ལ་འགན་འཁུར་དགོས་པ་རེད།
         འུ་ཚོ་དགེ་འོས་ཚང་གི་སློབ་མ་ཚོས་དུས་རྒྱུན་དུ་དཔེ་ཀློག་དང་རྩོམ་འབྲི་ལ་མི་དགའ་བ་ཙམ་དུ་མ་ཟད་རང་གི་ཆེད་ལས་སློབ་ཚན་ལའང་ཉན་འདོད་ལ་མི་འདོད་དང་སེམས་གནས་ལ་མི་གནས་ཀྱིས་ཉི་མ་སྐྱེལ་བཞིན་འདུག་པ་འདིས་འུ་ཚོར་འགན་འཁྲིའི་བསམ་པ་རྩ་བ་ནས་མེད་པ་མཚོན་གྱིན་འདུག དང་ཐོག་ང་ཚོས་རང་ཉིད་སེམས་ལྡན་ཀུན་གྱི་གཙུག་ཏུ་འགྱིང་བའི(མི་རིན་པོ་ཆེ)ཞིག་ཡིན་པའི་རིན་ཐང་དང་འགན་འཁྲི་ཡོངས་སུ་བོར་འདུག དེ་བས་དུད་འགྲོ་ལྟར་ཟས་ཉལ་བཏང་གསུམ་གྱིས་མཚོན་པའི་བག་མེད་ལོངས་སྤྱོད་ཁོ་ན་ལས་འགྲོ་བ་མིའི་ཁྱད་གཤིས་ཀྱི་ངོས་ཐད་ནས་བསམ་གཞིགས་བྱེད་པའི་སྲོལ་མེད་པ་རེད། དེ་ནས་ང་ཚོས་རང་གི་ལྕགས་ཕོར་འབའ་ཞིག་ལ་འཐམ་ནས་མི་སྒེར་གྱི་འཚོ་ཚིས་བདེ་སྡུག་ཙམ་ལས། ང་ཚོའི་མ་འོངས་པའི་སློབ་བུ་དག་གི་མདུན་ལམ་དང་ཕུགས་བསམ་ལ་འགན་འཁུར་གྱི་བསམ་བློ་རྩ་བ་ནས་མི་འདུག དེའང་རང་ཉིད་སློབ་ཐོན་གྱི་རྗེས་སུ་ལས་བགོས་ཤིག་བྱུང་ན་ཡོད་ཚད་ཀྱི་ཡོད་ཚད་ཐག་ཆོད་སོང་བར་འདོད་པ་ལས།འབྱུང་འགྱུར་ལས་གནས་ཐོག་ཏུ་སླེབས་རྗེས་སློབ་མ་དག་ལ་ཅི་ཞིག་སློབ་རྒྱུ་དང་གང་ཞིག་གསོ་རྒྱུའི་འཆར་གཞི་དང་གདེང་ཚོད་ཅི་ཡང་མེད་པར་ཁྲལ་མངོན་སླ་བཅོས་བྱེད་པ་འདི་ཤིན་ཏུ་ནས་ཁྲེལ་མེད་པའི་གནས་ཡིན་ཏེ། མ་འོངས་པར་འུ་ཚོས་སློབ་གསོའི་ལས་ཀ་གཉེར་ཞིང་རང་གི་འཚོ་ཐབས་ལ་ཐག་གཅོད་བྱུང་བར་ཆ་བཞག་ན། སློབ་གསོ་མྱོང་བ་པོའམ་སློབ་མ་ཚོ་ནི་ཏག་ཏག་ང་ཚོའི་ཟས་གོས་ཀྱི་རྟེན་དུ་གྱུར་པ་མ་ཡིན་ནམ། གལ་སྲིད་ང་ཚོས་སློབ་ཁྲིད་ལེགས་པོ་ཞིག་མ་བྱས་ན་ཇ་ལན་ཆུ་ཡིས་འཇལ་བའི་དཔེ་རུ་སོང་བ་རེད། མ་གཞི་སློབ་ཚན་ལེགས་པོ་ཞིག་ཁྲིད་ན་ལོས་ཆོག་མོད། རོལ་རྩེད་དང་རྣམ་གཡེང་གི་དབང་དུ་ཉི་མ་སྐྱེལ་གྱིན་པའི་འུ་ཚོར་སློབ་ཚན་ལེགས་པོ་ཞིག་འཁྲིད་པའི་མ་རྩ་དང་ཉེར་ལེན། གདེང་ཚོད་ཅིག་གང་དུ་ཡོད། དེ་དུས་འུ་ཚོས་རང་གི་སློབ་བུར་ཅི་ཞིག་སློབ་ཨང་། མདོར་ན། ད་ལྟའི་ཆར་རིག་གནས་ཀྱི་རྨང་གཞི་དང་རྒྱུ་ཆ་མི་གསོག་པར་རིན་བྲལ་གྱི་དུས་ཚོད་བག་མེད་ཞི་ལྷོད་ངང་ཆུད་འཛའ་བར་བྱེད་པ་ནི་རང་གི་མ་འོངས་པའི་སློབ་མ་དང་ལས་གནས། སློབ་གྲྭ  ཕ་མ། དགེ་རྒན་སོགས་གང་ལའང་འགན་མི་འཁུར་བའི་སྤྱོད་པ་ཞིག་རེད་ལ།ཆེས་འགག་རྩར་གྱུར་པ་ནི་རང་གིས་རང་ལ་འགན་འཁུར་གྱིན་མེད་པ་དེ་རེད།
ལྔ་པ།  དགེ་འོས་ཚང་དང་འབྱུང་འགྱུར།
         གུས་པས་འདི་ནས་སུ་ཞིག་ལ་བསྙོན་འཛུགས་ཀྱི་དམིགས་པ་ཁོག་ལ་བཅངས་ནས་མེད་པར་ཡོད་པར་སྨྲ་བའི་སྒྲོ་འདོགས་བྱེད་ཀྱིན་མེད་ལ།གང་ཞིག་ལ་གནོད་སེམས་དང་ཕྲ་མ་འཇུག་པའི་དགོས་དབང་ལ་བརྟེན་ནས་ཡོད་པ་མེད་པར་སྨྲ་བའི་བསྐུར་འདེབས་ཀྱང་བྱེད་ཀྱིན་མེད། གུས་པས་འདི་ནས་རང་སེམས་ཀྱི་ཚོར་བ་ཉ་གི་ཉེ་གི་དག་བཏུས་ནས་ཡི་གེའི་གད་སྙིགས་ཤིག་སྤུང་གིན་མེད་ལ། གཞན་ལུས་ཀྱི་སྐྱོན་ཆ་ཛ་རེ་ཛོ་རེ་དག་སྒྲུག་སྟེ་རྩོད་རྙོག་གི་སྒམ་ཆུང་སྒོ་འབྱེད་པའི་ཀུན་སློང་ཡང་རྩ་བ་ནས་མེད། དོན་ངོ་མར།གུས་པས་འདི་ནས་དོན་དངོས་ཀྱི་ངན་མཚང་ལ་རྒོལ་འཛིང་གི་འཐབ་ཆས་སྤྲས་ཏེ་དགག་རྒྱག་གི་མཚོན་ཁ་རྣོན་པོས་སུ་ཞིག་གི་མཚང་ཕུགས་ལ་ཟུག་ངུ་དཔེ་མི་སྲིད་པ་ཞིག་འབྱིན་ཨེ་ཐུབ་ལ་རེ་བ་ཁོ་ན་ཡིན། དོན་ངོ་མར། གུས་པས་འདི་ནས་སྒྱིད་ལུག་དང་རྣམ་གཡེང་གི་བྲན་དུ་འཁོལ་བའི་མི་བུ་སུ་ཞིག་གི་རྣ་རྩ་རུ་གྱེན་ལོག་གི་ངར་སྐད་ཐེངས་ཤིག་བསྒྲགས་པ་ཙམ་དང་། རང་ཚུགས་དང་རང་རྩིས་འདུ་ཤེས་ཀྱིས་ཀུན་ནས་ཕོངས་སོང་བའི་མི་རབས་ཤིག་གི་མིག་མདུན་དུ་རང་ངོ་ཟིན་བྱེད་ཀྱི་མེ་ལོང་དྭངས་མོ་ཞིག་འཇོག་འདོད་པ་ཙམ་ཡིན། དོན་ངོ་མར། གུས་པས་འདི་ནས་ང་དགའ་ཁྱོད་ཡག་གི་གཏི་མུག་ཏུ་ལྷོད་ཤིག་གེར་གཉིད་ཡོད་པའི་མི་རིགས་ཤིག་དང་ལས་མེད་འགན་མེད་དུ་ཉི་མ་སྐྱེལ་བའི་མི་རབས་ཤིག་གི་རྨ་ཁ་ལ་དགག་རྒྱག་གི་ཚྭ་ཁུ་ཁམ་གང་སྟོར་བའི་མཐུ་ལས། ཧོབ་སད་སྐད་ཅིག་རེ་དང་དྲན་ཤེས་གློ་བུར་བ་རེ་ཨེ་རྙེད་ལ་འབད་ཁུལ་བྱས་པ་ཙམ་ཡིན། དོན་ངོ་མར། གུས་པས་འདི་ནས་གཉིད་དང་ཉལ་ཆས་ཀྱི་དབང་སྒྱུར་འོག་ཏུ་སློབ་ཆེན་ལོ་བཞིའི་འཚོ་བ་ཉལ་ཁྲིའི་ཐོག་ནས་རྫོགས་བཞིན་པའི་གྲོགས་པོ་གང་མང་ཞིག་དང་། བདེ་སྡུག་མི་ཚེའི་སྙིང་གཏམ་སྐྱུར་མོ་གླེང་གཞི་རུ་འདྲེན་ཕྱིར་གཞོན་ནུའི་ལང་ཚོ་ཇ་ཁ་ཆང་ཁ་ནས་བོར་གྱིན་པའི་སློབ་གྲོགས་གང་མང་ཞིག་ལ་རྟ་ཁ་གཡང་ས་ལས་གཅུ་བའི་ནུས་པ་ཞིག་ཨེ་ཐོན་ལ་རེ་བཞིན་རྟོགས་སད་ཀྱི་ས་བོན་ཐོག་མར་འདེབས་ཁུལ་བྱས་པ་འབའ་ཞིག་ཡིན།
         ངའི་རྩོམ་འདིའི་དམིགས་ཡུལ་དངོས་ནི་འུ་ཚོའི་ཁ་སང་གི་ངན་མཚང་དག་ལ་དགག་རྒྱག་བྱ་རྒྱུ་ཙམ་ག་ལ་ཡིན། དེ་དག་ནི་དགོས་དབང་ཙམ་རེད། སྔོན་འགྲོ་ཙམ་རེད། ཁ་སང་གི་ཕམ་ཁ་ཙམ་རེད།དེ་རིང་གི་ཉམས་མྱོང་ཙམ་རེད།སང་ཉིན་གྱི་དཔྱད་གཞི་ཙམ་རེད།དོན་དངོས་ཐོག་ངའི་རྩོམ་འདི་རྩོམ་ཐུང་ཞིག་རྩ་བ་ནས་མ་ཡིན། རྩོམ་མཇུག་ད་དུང་བསྡུས་མེད། རྩོམ་གྱི་དངོས་གཞི་ལ་ད་ལྟ་རང་འཇུག་མ་ཐག་པ་རེད།འོན་ཏེ་ངའི་སྙུ་གུའི་གར་སྟབས་རེ་ཞིག་འདི་ནས་མཚམས་མི་འཇོག་ཀ་མེད་རེད། རྒྱུ་མཚན་ནི་དགེ་འོས་ཚང་དང་འབྱུང་འགྱུར་ཞེས་པའི་ཚན་པ་འདི་ང་མི་གཅིག་གིས་འབྲི་རྒྱུ་ཞིག་རྩ་བ་ནས་མ་རེད། འདི་ནི་ངེད་དགེ་འོས་ཀྱི་མིང་འཁུར་བའི་སློབ་མ་མི་རེ་ངོ་རེས་རང་ངོས་ཀྱི་བསམ་སྤྱོད་གཏམ་གསུམ་གང་ཐད་ནས་སྣག་ཚྭའི་ཐིགས་པ་རེ་རེ་དང་སྙུ་གུའི་གར་སྟབས་རེ་རེ་བྱས་ནས་རིམ་བཞིན་འབྲི་དགོས་པ་ཞིག་རེད། དེར་བརྟེན་རྩོམ་འདིའི་རྩོམ་འཕྲོ་དེ་ཇི་འདྲ་ཞིག་སྐྱོང་མིན་གྱི་དབང་ཆ་ནི་འུ་ཚོ་རང་ཉིད་ཀྱི་ལག་ཏུ་ཡོད་པས་འཆུགས་མི་ཉན། སློབ་གྲོགས་ཚོ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།