བོད་ཀྱི་རོལ་དབྱངས་མཁས་ཅན་ཨ་ཇོ་རྣམ་རྒྱལ་ལགས།
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2024-12-27 08:44:16
ཀློག་གྲངས།:
«ཨ་ཇོ་བསོད་ནམས་སྟོབས་རྒྱལ»དང་། «ཟླ་བའི་གཞོན་ནུ» «རྒྱ་གླིང་སྲས» «དགྲ་འདུལ་གཉེན་སྐྱོང»སོགས་དུས་རབས་གོང་མའི་དུས་དཀྱིལ་དུ་དར་བའི་སྟོད་གཞས་ཁག10ལྷག་ད་བར་བོད་མི་རིགས་ཀྱིས་སྔར་བཞིན་གཅེས་ནོར་དུ་བརྩིས་ནས་བརྒྱུད་གཏོང་བྱེད་བཞིན་ཡོད་མོད། འོན་ཀྱང་ད་ཆ་བརྒྱུད་གཏོང་བྱེད་མཁན་མང་པོ་ཞིག་གིས་གཞས་དེ་དག་རོལ་དབྱངས་མཁས་ཅན་ལོང་བ་ཨ་ཇོ་རྣམ་རྒྱལ་གྱིས་བརྩམས་པ་ཞིག་ཡིན་པ་ཤེས་ཀྱི་མེད།

དཀའ་སྡུག་ཆེ་བའི་ལོ་ཟླའི་ཁྲོད་རྣམ་རྒྱལ་རིམ་བཞིན་འཚར་ལོངས་བྱུང་བ་དང་སྒྲ་སྙན་ཡག་པོ་དཀྲོལ་ཤེས་པའི་ཁོང་གི་པ་ཕས་རྟག་ཏུ་ཁྱིམ་མི་ཚོར་སྒྲ་སྙན་དཀྲོལ་གྱི་ཡོད། རྣམ་རྒྱལ་གྱིས་གང་ཡང་མཐོང་གི་མེད་མོད། འོན་ཀྱང་རྣམ་རྒྱལ་ནི་ཧ་ཅང་སྤྱང་གྲུང་ལྡན་པ་ཞིག་ཡིན་སྟབས་རིང་པོར་མ་ཐོགས་པར་ཁོང་གིས་དྭགས་པོའི་དམངས་གཞས་རེ་གཉིས་དཀྲོལ་ཤེས་པར་གྱུར།
ལོང་བ་རྣམ་རྒྱལ་གྱི་ངོས་ནས་བརྗོད་ན་ལས་ཀ་གཞན་དག་ལ་བརྟེན་ནས་ལྟོ་གོས་འཚོལ་ཐབས་བྲལ་བས་པ་ཕ་དང་ཨ་ཁུས་རོལ་དབྱངས་ཐད་ཁོང་བློ་རིག་བཀྲ་བ་ཤེས་ནས་ལོ7ལ་སླེབས་སྐབས་པ་ཕས་སྒྲ་སྙན་དཀྲོལ་སྟངས་བསླབས་ཏེ། འཚོ་ཐབས་སུ་འགྱུར་བ་བྱེད་དགོས་པའི་ཁ་ཏ་བྱས།
ཕྱིས་སུ་རྣམ་རྒྱལ་གྱི་ཕ་མ་གཉིས་ཀ་སྔ་རྗེས་སུ་གྲོངས་ནས་ཁོང་གཅིག་པུར་ལུས། དེ་རྗེས་ཡར་ཀླུང་གཙང་འགྲམ་གྱི་ཀོ་སར་ན་ཆུང་ལོང་བ་ཞིག་གིས་སྒྲ་སྙན་དཀྲོལ་ནས་ལྟོ་སློང་བ་མཐོང་རྒྱུ་ཡོད་པ་དེ་རྣམ་རྒྱལ་ཡིན་པ་དང་ཡུན་རིང་སོང་རྗེས་ཁོང་གིས་ཡུལ་དེ་གའི་རོལ་དབྱངས་དཀྲོལ་ཤེས་པ་མ་ཟད་ད་དུང་ཕྱོགས་བཞི་མཚམས་བརྒྱད་ནས་འགྲོ་འོང་མཁན་གྱི་འགྲུལ་པའི་གམ་ནས་བོད་ཀྱི་ས་ཆ་གཞན་དག་གི་རོལ་དབྱངས་དང་གླུ་གར་ཡང་ཤེས་ཡོད་པ་རེད།
དེ་རྗེས་རྣམ་རྒྱལ་ལ་བོད་རིགས་ཀྱི་གླུ་གར་ཤེས་པའི་མི་སེམས་བཟང་ཅན་ཞིག་འཕྲད་དེ་ཁོང་ལྷ་སར་ཁྲིད། ལྷ་སར་སླེབས་མ་ཐག་རྣམ་རྒྱལ་གྱིས་ཉིན་དགུང་ཁྲོམ་གཞུང་དུ་སྒྲ་སྙན་བཏང་ནས་ལྟོ་སློང་བ་དང་དགོང་དྲོ་གར་འགྲོ་གར་སྡོད་མེད་པར་ཁྲོམ་གཞུང་དུ་ཉལ་བའམ་ཡང་ན་སྐུ་དྲག་གི་ཁྱིམ་གཡབ་འོག་ཏུ་ཉལ་ནས་སྡོད་ཀྱི་ཡོད། སྐབས་དེ་དུས་ལྷ་ས་བས་དགའ་ཤོས་བྱེད་པའི་རོལ་དབྱངས་ནི་སྟོད་གཞས་དང་ནང་མ་རེད།
ལྷ་སར་ཡུན་རིང་བསྡད་སྟབས་རྣམ་རྒྱལ་གྱིས་སྤྱི་ཚོགས་རྙིང་པའི་བོད་ཀྱི་རོལ་དབྱངས་ཚོགས་པ“ནང་མའི་སྐྱིད་སྡུག”གི་ཁོངས་མི་ངོ་ཤེས་པ་དང་ཁོང་ཚོས་སྒྲ་སྙན་ལ་མཁས་པའི་རྣམ་རྒྱལ་གྱིས་གཞས་ཀྱང་སྙན་པོ་གཏོང་གི་འདུག་ཅེས་བསྔགས་བརྗོད་ཆེན་པོ་བྱས་པ་དང་དུས་དེ་ནས་བཟུང་ཁོང་ཡང་ནང་མའི་སྐྱིད་སྡུག་ནང་གི་ཁོངས་མིར་གྱུར་ནས་ཡུལ་གྱར་སློང་མོའི་འཚོ་བ་སྐྱེལ་མཇུག་འགྲིལ།
རོལ་དབྱངས་ཐད་བློ་རིག་ཧ་ཅང་བཀྲ་བས་རྣམ་རྒྱལ་གྱིས་སློབ་སྦྱོང་ཐད་གཞན་ལས་ལྷག་པའི་འབད་བརྩོན་བྱས་པ་བརྒྱུད། ལོ་ཤས་མ་འགོར་བར་ཡར་རྒྱས་ཆེན་པོ་བྱུང་ནས་སྟོད་གཞས་དང་ནང་མའི་རོལ་དབྱངས་མང་པོ་ཞིག་ཁོང་དུ་ཆུད་པ་མ་ཟད་ད་དུང་རོལ་ཆ་ཡང་ཆིན་དང་། པི་ཝང་རྒྱུད་གཉིས་པ། གླིང་བུ་སོགས་ཀྱང་དཀྲོལ་གཏོང་བྱེད་ཤེས་པར་གྱུར།
ལྷ་སར་མི་ཚོས་ལོང་བ་རྣམ་རྒྱལ་གྱི་མཛུབ་མོས་སྤྲུལ་པ་བསྟན་ཤེས་ཀྱི་ཡོད་ཅེས་ཤོད་པ་དེ་ནི་ཁོང་ལ་གདེང་འཇོག་ཆེ་ཤོས་བྱས་པ་ཞིག་ཡིན་ཞིང་། ནང་མའི་སྐྱིད་སྡུག་གི་འགན་གཙོ་བོ་འཁུར་མཁན་རེ་རེ་བཞིན་གྲོངས་པ་དང་སྦྲགས་རྣམ་རྒྱལ་འགན་གཙོ་བོ་འཁུར་མཁན་ལ་བདམས།
དུས་དེ་ནས་བཟུང་རྣམ་རྒྱལ་གྱི་སྙན་གྲགས་ཆེས་ཆེར་ཕྱིན་ནས་མི་ཚོས“ཨ་ཇོ་རྣམ་རྒྱལ”ཞེས་འབོད། ཁོང་གི་སྙན་གྲགས་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་སྦྲགས་ཁོང་གི་གམ་ནས་རོལ་དབྱངས་ཤེས་བྱ་དང་རོལ་ཆ་སྦྱོང་མཁན་ཇེ་མང་དུ་ཕྱིན་ནས་ཁོང་གིས་བར་སྐོར་ཁྲོམ་གཞུང་གི་རབ་གསལ་སྲང་ལམ་དུ་ཁང་པ་ཆེན་པོ་གཉིས་གཡར་ནས་ལྷ་སའི་ལོ་རྒྱུས་ཐོག་གི་རོལ་དབྱངས་སློབ་གྲྭ་དང་པོ་དེ་བཙུགས། དུས་རབས་གོང་མའི་ལོ་རབས30ནས40བར་དང་ཐ་ན་ལོ་རབས50པའི་ལྷ་སའི་རོལ་དབྱངས་པ་ཕལ་ཆེ་བར་ཨ་ཇོ་རྣམ་རྒྱལ་གྱིས་སློབ་ཁྲིད་བྱེད་མྱོང་ཡོད་ཅེས་འུད་སྒྲོག་སྤུ་ཙམ་ཡང་མེད་པའི་ངང་ཤོད་ཆོག
1942ལོར་ཨ་ཇོ་རྣམ་རྒྱལ་ལོ48ལ་སླེབས་པའི་སྐབས་ནད་གཞིས་རྐྱེན་པས་གྲོངས། ཁོང་གིས་བོད་ཀྱི་མི་རིགས་རོལ་དབྱངས་ལ་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་བ་དང་ཁོང་གིས་བརྩམས་པའི་ཀུན་གྱིས་དད་མོས་བྱེད་པའི་གླུ་གཞས་ཚང་མ་གངས་ལྗོངས་ས་མཐོར་དུས་ནམ་ཡང་ཉམས་མེད་ངང་གནས་ཐོག་བོད་ཀྱི་མི་དམངས་ཀྱིས་དགའ་ཤོས་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རོལ་དབྱངས་ནོར་མཛོད་ཁྲོད་ཀྱི་སྒྱུ་རྩལ་གྱི་མཆོག་ནོར་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།