འབྲས་བུ་སྐུ་གསུམ་གྱི་རྣམ་གཞག

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-11 10:05:00 ཀློག་གྲངས།:
      སངས་རྒྱས་ཞེས་པ་ནི་སྒྲིབ་གཉིས་སངས་ཤིང་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པས་ན་སངས་རྒྱས་ཏེ་དེ་དང་དེ་བཞིན་གཤེགས་པ། བཅོམ་ལྡན་འདས། དྲང་སྲོང་  ཆེན་པོ། སྟོབས་བཅུ་མངའ་བ། རྒྱལ་བ། རྣམ་འདྲེན། ཀུན་མཁྱེན་སོགས་དོན་གཅིག  སྒྲ་བཤད་ཡོད་དེ་དེ་བཞིན་སྟོང་ཉིད་དང་གཤེགས་པ་སྟེ་རྟོགས་པས་ན་དེ་བཞིན་གཤེགས་པ། བདུད་བཞི་བཅོམ་ཞིང་སྐལ་བ་དྲུག①དང་ལྡན་པ་ཡོན་ཏན་གྱི་སྒོ་ནས་འཇིག་རྟེན་གྱི་ལྷ་རྣམས་ལས་འདས་པས་ན་བཅོམ་ལྡན་འདས། བླ་ན་མེད་པའི་གོ་འཕང་བ་ལ་བདེ་བར་གཤེགས་པས་ན་བདེ་གཤེགས། ལུས་ངག་གི་ཡོ་བ་དྲང་བོར་སྲོང་བ་ཐམས་ཅད་ལས་ཆེན་པོར་གྱུར་བས་ན་དྲང་སྲོང་ཆེན་པོ། གནས་མིན་མཁྱེན་པ་སོགས་སྟོབས་བཅུ་མངའ་བས་ན་སྟོབས་བཅུ་མངའ་བ། བདུད་བཞི②ལས་རྒྱལ་བས་ན་རྒྱལ་བ། འགྲོ་བ་ཀུན་འཁོར་བ་ལས་རྣམ་པར་འདྲེན་པས་ན་རྣམ་འདྲེན། ཤེས་བྱ་ཀུན་མཁྱེན་པས་ན་ཀུན་མཁྱེན་དང་ཐམས་ཅད་མཁྱེན་པ་ཞེས་བྱའོ། །བྱེ་མདོ་གཉིས་ཀས་འདོད་ཁམས་ནས་གསར་དུ་འཚང་རྒྱ་བར་བཞེད། ཐེག་ཆེན་ལྟར་ན། ལང་གཤེགས་ལས། འདོད་པ་ཁམས་དང་གཟུགས་མེད་ན། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་གསུངས་པ་ལྟར་འདོད་ཁམས་ནས་འཚང་རྒྱ་བ་མེད་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་སྟེང་ན་གྲོང་ལས་དགོན་པའི་ཚུལ་དུ་ཡོད་པའི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་ངོ་བོར་སངས་རྒྱས་ནས་ཆོས་ཀྱི་སྐུ་ལས་མ་གཡོས་པར་ཟླ་བ་ཆུ་རྫར་འཕོས་པ་བཞིན་མཛད་པ་བཅུ་གཉིས་ཀྱི་མཛད་པ་གྲངས་མེད་པ་སྟོན་པ་ཡིན། དེ་བཤད་པ་ལ་མི་སློབ་ལམ་སྔོན་དུ་ བཤད་ཟིན་པས་འདིར་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་བཤད་པར་བྱའོ། །

སངས་རྒྱས་ཀྱི་སྐུའི་དབྱེ་བསྡུའི་རེའུ་མིག

ས་བཅད་དང་བོ། ཆོས་སྐུ་བཤད་པ།

      ཆོས་ནི་ཚོགས་ཏེ་ཚོགས་ལ་བསྟེན་ནས་ཐོབ་པའི་སྐུ་ཡིན་པས་ན་ཆོས་སྐུ་དང་ ཆོས་སྐུ་ལ་དབྱེ་ན། ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་ཏེ་ངོ་བོ་ཉིད་སྐུ་ནི③རང་བཞིན་དང་གློ་བུར་བས་དག་པ་གཉིས་དང་ལྡན་པའི་སྐུ་སྟེ་སྒྲིབ་གཉིས་གློ་བུར་བའི་ དྲི་མ་མཐའ་དག་སྤངས་པའི་འགོག་བདེན་ནི། གློ་བུར་རྣམ་དག་གི་ངོ་བོ་ཉིད་སྐུ་དང་། སེམས་བདེན་པར་མ་གྲུབ་པ་སྟེ་རང་བཞིན་གནས་འགྱུར་བ་ནི་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་ཡིན་པས་གཉིས་ཀ་འདུས་མ་བྱས་པ་ཡིན་ཏེ་རྒྱུ་རྐྱེན་གྱིས་གསར་དུ་བཅོས་མ་མ་ཡིན་པས་ངོ་བོ་ཉིད་སྐུ་ཟེར།
      ཡེ་ཤེས་ཆོས་སྐུ་ནི་རྣམ་མཁྱེན་ཏེ་དབྱེ་ན། ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཡོད་དེ་བྱང་ཕྱོགས་སོ་བདུན། ཚད་མེད་བཞི། རྣམ་ཐར་བརྒྱད། སྙོམས་འཇུག་དགུ། ཟད་པར་བཅུ། ཟིལ་གནོད་བརྒྱད། ཉོན་མོངས་མེད་པའི་ཏིང་ངེ་འཛིན། སྨོན་གནས་མཁྱེན་པ། མངོན་ཤེས་དྲུག  སོ་སོ་ཡང་དག་པ་བཞི། ཡོངས་དག་བཞི། དབང་བཅུ། སྟོབས་བཅུ། མི་འཇིགས་པ་བཞི། བསྲུང་བ་མེད་པ་གསུམ། དྲན་པ་ཉེར་བཞག་གསུམ། བསྙེལ་བ་མི་མངའ་བའི་ཆོས་ཉིད། བག་ཆགས་ཡང་དག་པར་བཅོམ་པ། ཐུགས་རྗེ་ཆེན་པོ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། རྣམ་པ་ཐམས་ཅད་མཁྱེན་ཉིད་དེ་ཉེར་གཅིག་གོ །
1.བྱང་ཕྱོགས་སོ་བདུན་ནི་ཉན་རང་དང་ཐུན་མོང་བར་ཡོད་པའི་ཆོས་ཡིན་ལ་དེ་ཉན་ཐོས་ཀྱི་སྐབས་སུ་བཤད་ཟིན།
2.ཚད་མེད་བཞི་ནི་བྱམས་པ། སྙིང་རྗེ། ④དགའ་བ། བཏང་སྙོམས་ཚད་མེད་བཞི། སེམས་ཅན་ཚད་མེད་པ་ལ་དམིགས་ཤིང་འབྲས་བུ་བསོད་ནམས་ཚད་མེད་པ་འབྱུང་བས་ན་ཚད་མེད་བཞི་དང་། ཚངས་པ་ཆེན་པོར་སྐྱེ་བའི་བསོད་ནམས་དང་ཆ་འདྲ་བ་འཐོབ་པས་ན་ཚངས་པའི་གནས་བཞི་ཡང་ཟེར་རོ། །
སེམས་ཅན་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག་སྙམ་པ་བྱམས་པ་ཚད་མེད་དང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་སྙིང་རྗེ་ཚད་མེད། བདེ་བ་དང་མི་འབྲལ་བར་གྱུར་ཅིག་སྙམ་པ་དགའ་བ་ཚད་མེད། ཉེ་རིང་ཆགས་སྡང་དང་བྲལ་བར་གྱུར་ཅིག་སྙམ་པ་བཏང་སྙོམས་ཚད་མེད་དེ་རིམ་པ་བཞིན་གནོད་སེམས་དང་རྣམ་འཚེ། གཞན་གྱི་ཕུན་ཚོགས་ལ་དགའ་བ། ཆགས་སྡང་བཅས་ཀྱི་གཉེན་པོ་ཡིན་པར་གསུངས།
3.རྣམ་ཐར་བརྒྱད⑤ནི་རང་ལ་གཟུགས་ཀྱི་འདུ་ཤེས་བཞག་ནས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་དང་བཟང་ངན་དག་ལ་དམིགས་ནས་ཆེ་ཆུང་དང་བཟང་ངན་མ་ངེས་པར་ལྟ་བའི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར། རང་ལ་གཟུགས་ཀྱི་འདུ་ཤེས་བཤིག་སྟེ་མིང་གཞིའམ་ནམ་མཁའ་ཙམ་གྱི་འདུ་ཤེས་བཞག་ནས་ཕྱི་རོལ་ཀྱི་གཟུགས་ལ་སྔར་ལྟར་ལྟ་བས་གཟུགས་མེད་གཟུགས་ལ་ལྟ་བའི་རྣམ་ཐར། གཟུགས་སྡུག་མི་སྡུག་ཕན་ཚུན་ལྟོས་པ་དང་། ཕན་ཚུན་རྗེས་སུ་འབྲེལ་བ། ཕན་ཚུན་རོ་གཅིག་པའི་འདུ་ཤེས་གསུམ་བསྒོམས་པའི་མཐར་དེ་དག་སྡུག་པར་ལྟ་བའི་གཟུགས་སྡུག་པའི་རྣམ་ཐར་ཏེ་སྤྲུལ་བའི་ལམ་གསུམ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེ་རྣམ་ཐར། འགོག་པའི་རྣམ་ཐར་ཏེ་རྣམ་ཐར་བརྒྱད། དང་བོ་གཉིས་སྤྲུལ་བའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱ་བས་ན་རྣམ་ཐར་དང་གསུམ་པ་སྡུག་མི་སྡུག་ལ་ཉོན་མོངས་པར་འགྱུར་བའི་སྒྲིབ་པ། གཟུགས་མེད་བཞི་ཞི་བ་ལ་ཆགས་པའི་སྒྲིབ་པ། འགོག་པའི་རྣམ་ཐར་འདུ་ཤེས་དང་ཚོར་བ་རགས་པའི་སྒྲིབ་པ་ལས་རྣམ་པར་ཐར་བས་ན་རྣམ་ཐར་ཟེར་རོ། །
4.མཐར་གྱིས་པའི་སྙོམས་འཇུག་དགུ་ནི་བསམ་གཏན་དང་བོ་ནས་བཞི་བའི་ བར་གྱི་སྙོམས་འཇུག་དང་།  གཟུགས་མེད་བཞིའི་སྙོམས་འཇུགའགོག་པའི་སྙོམས་ འཇུག་སྟེ་དགུ། དེ་ཐོབ་ཚུལ་ནི་འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་ གྱི་འདོད་ཉོན་དགུ་བར་ཆགས་བྲལ་བྱས་ཚེ་བསམ་གཏན་དང་བོའི་སྙོམས་འཇུག་ཐོབ། ཅི་ཡང་མེད་ཀྱི་ཉོན་མོངས་དགུ་བར་ཆགས་བྲལ་བྱས་ཚེ་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་ཐོབ་ལ་འགོག་པའི་སྙོམས་འཇུག་ནི་སྲིད་རྩེ་སྙོམས་འཇུག་ཐོབ་པའི་རྗེས་སུ་འཕགས་པ་ཁོ་ན་ལ་ཐོབ་བོ། །སྒྲ་བཤད་ནི་སེམས་སེམས་བྱུང་གཉིས་སྙོམས་པར་ཏེ་ཆ་མཉམ་དུ་འཇུག་པས་ན་སྙོམས་འཇུག་ཟེར་རོ། །
5.ཟད་པར་བཅུ་ནི་ཟད་པར་ས་ཆུ་མེ་རླུང་དང་དཀར་དམར་སྔོ་སེར། ནམ་མཁའ་དང་རྣམ་ཤེས་ཏེ་བཅུ་སྟེ་རིམ་བཞིན་སའི་ཏིང་ངེ་འཛིན་གྲུབ་ཚེ་ཆུ་དང་ནམ་མཁའ་ལ་སར་མོས་ན་ནམ་མཁར་འགྲོ་ཐུབ་ཅིང་སའི་ནང་དུ་འཛུལ་ཐུབ། ཆུའི་དེ་གྲུབ་ཚེ་ཆུ་ཡི་ཆར་འབེབས་པ་དང་རི་དང་ཐང་རྒྱ་མཚོར་སྤྲུལ་བར་དབང་། མེའི་དེ་ གྲུབ་ཚེ་དུ་བ་འཐུལ་ཞིང་མྱ་ངན་འདས་ཚེ་ཕུང་བོ་ལྷག་མེད་དུ་སྲེག་ནུས། རླུང་གི་དེས་རླུང་ལྟར་མགྱོགས་པར་བྱེད། ཟད་པར་སྔོན་པོས་ཁ་དོག་སྔོན་པོར་སྤྲུལ་ནས་བདུད་ ཀྱི་གནས་ཐམས་ཅད་མུན་པར་བྱ་བ། ཟད་པར་སེར་བོས་ས་གཞི་གསེར་དུ་བསྒྱུར་བ། དཀར་བོར་སྤྲུལ་ནས་གཉིད་དང་རྨུགས་པ་རིང་དུ་བྱེད་པ། ཟད་པར་ནམ་མཁས་རི་བྲག་རྣམས་ལ་ཐོགས་མེད་དུ་འགྲོ་ནུས་པའི་ཏིང་ངེ་འཛིན་ཏེ་སྟེང་འོག་དམར་བོར་སྤྲུལ་ནས་མེ་ཡི་ཆར་འབེབ། གང་ལ་དམིགས་པ་བར་མེད་ཅིང་མཚམས་མེད་པ་རྒྱས་པར་ཡིད་ཀྱི་འཇུག་པ་མུ་མེད་པ་ཟད་པར་བྱེད་པས་ན་ཟད་པར་གྱི་ཏིང་ངེ་འཛིན་ནོ། །
6.ཟིལ་གནོན་བརྒྱད་ནི་དབྱིབས་ཟིལ་གནོན་བཞི་དང་ཁ་དོག་ཟིལ་གནོད་བཞི་སྟེ་བརྒྱད།  དང་བོ་བཞི་ནང་གཟུགས་སུ་འདུ་ཤེས་ནས་ཕྱི་རོལ་ཀྱི་གཟུགས་ཆེ་བ་ཟིལ་གྱིས་ནོན་པ་དང་བོ་དང་། ནང་གཟུགས་སུ་འདུ་ཤེས་ནས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཟིལ་གྱིས་ནོན་པ་གཉིས་པ། ནང་གཟུགས་མེད་དུ་འདུ་ཤེས་ནས་ཕྱི་རོལ་གྱི་ཆེན་པོ་ཟིལ་གྱིས་ནོན་པ་གསུམ་པ། ནང་གཟུགས་མེད་དུ་འདུ་ཤེས་ནས་ཕྱི་རོལ་གྱི་ཆུང་ངུ་ཟིལ་གྱིས་ནོན་པ་བཞི་བ་དང་། ཁ་དོག་བཞི་རང་གཞན་ལ་དགོས་པའི་ཆེད་དུ་སྔོན་པོའམ། ཁ་དོག་སྔོན་པོ། སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ། དཔེར་ན་ཟར་མའི་མེ་ཏོག་གམ་ཡུལ་ཝ་ར་ན་སའི་གོས་ལྟར་སྔོ་བ་དང་བོ། འཕྲོ་མ་རྣམས་ཀྱང་དེ་བཞིན་དམར་བོ་ལ་དོང་གའི་མེ་ཏོག་དམར་བོར་བན་ངྷུ་ཛི་ཝ་ཀའི་མེ་ཏོག་ལྟ་བུ། དཀར་བོར་པ་སངས་སྐར་མ་ལྟ་བུ་དང་གོས་ཀྱི་ཁ་དོག་བརྗེས་པའོ། སྔོན་པོ་མདོར་བསྟན། ཁ་དོག་སྔོན་པོ་ལྷན་སྐྱེས། སྔོན་པོ་ལྟ་བུར་སྟོན་པ་སྦྱོར་བྱུང་། འོད་སྔོན་པོ་བྱུང་བ་ནི་དེ་གཉིས་ཀ་ལས་འོད་ཤིན་ཏུ་འཚེར་བ་སྟོན་པའོ། །མེ་ཏོག་ལྷན་སྐྱེས་དང་གོས་སྦྱོར་བྱུང་གི་དཔེ་སྟེ་རེ་རེ་ལའང་བཞི་བཞི་བརྗོད།
7.ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི་གྲོང་དང་གྲོང་ཁྱེར་དུ་ཕྱིན་པ་ན། གཞན་གྱི་རྒྱུད་ལ་ཉོན་མོངས་མི་སྐྱེ་བར་བྱེད་པའི་རྣལ་འབྱོར་ཏེ་ཉན་རང་གིས་རང་དང་ཕྲད་ཙམ་གྱི་བར་གྱི་ཉོན་མོངས་ཞི་བ་དང་སངས་རྒྱས་ཀྱིས་ནི་གྲོང་ཁྱེར་དེ་ན་གནས་པའི་སྲོག་ཆགས་ཐམས་ཅད་ཀྱི་ཉོན་མོངས་རྒྱུན་གཅོད་པའི་བག་ཆགས་འཇོག་པའི་ནུས་པ་ལྡན་པའོ། །
8.སྨོན་གནས་ཤེས་པ་ནི་འདི་དང་འདི་ཤེས་པར་བྱའོ་སྙམ་དུ་སྨོན་ནས་མཉམ་པར་བཞག་པས་ཡུལ་ཇི་ཙམ་ཤེས་པར་འདོད་པར་འགྱུར་པ་ཐམས་ཅད་ཤེས་པའོ། །འདི་ཉན་རང་གཉིས་འབད་བརྩོན་ལ་ལྟོས་ལ་སངས་རྒྱས་ལ་མ་ལྟོས་པའོ། །
9.མངོན་ཤེས་དྲུག་ནི་རྫུ་འཕྲུལ་ཡ་མ་ཟུང་སྟོན་པའི་རྫུ་འཕྲུལ་གྱི་མངོན་ཤེས་  དང་། འཇིག་རྟེན་ཁམས་ན་གནས་པའི་སྒྲ་ཕྲ་རགས་མཐའ་དག་མངོན་སུམ་དུ་ཐོས་པའི་ལྷའི་རྣ་བའི་མངོན་ཤེས། གཞན་གྱི་སེམས་དུག་གསུམ་དང་བཅས་མ་བཅས་རྟོགས་པའི་གཞན་སེམས་ཤེས་པའི་མངོན་ཤེས། རང་གཞན་གྱི་ཚེ་རབས་སྔ་མ་དྲན་པའི་སྔོན་གནས་རྗེས་དྲན་གྱི་མངོན་ཤེས། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་སྐྱེ་བ། དེ་དག་གི་གཟུགས་མཆོག་དམན་མཐོང་བའི་ལྷའི་མིག་གི་མངོན་ཤེས། ཉོན་མོངས་སྤངས་པའི་འགོག་བདེན་མངོན་སུམ་དུ་རྟོགས་པའི་ཟག་ཟད་ཀྱི་མངོན་ཤེས་སྟེ་དྲུག་གོ །
10.སོ་སོ་ཡང་དག་པར་རིག་པ་བཞི་ནི། རྗོད་བྱེད་ཀྱི་ཚིག་སྟེ་ཆོས་སོ་སོ་ཡང་དག་པར་རིག་པ། བརྗོད་བྱའི་དོན་སོ་སོ་ཡང་དག་པར་རིག་པ། སོ་སོའི་སྐད་དེ་ངེས་ཚིག་སོ་སོ་ཡང་དག་པར་རིག་པ། དངོས་པོའི་ངོ་བོ་དང་དབྱེ་བ་སོགས་ལ་ཐོགས་པ་མེད་ པའི་སྤོབས་པ་སོ་སོ་ཡང་དག་པར་རིག་པ།
11.ཡོངས་དག་བཞི་ནི་ཇི་ལྟ་བ་འདོད་པ་བཞིན་ལུས་འདོར་ལེན་གནས་པ་ལ་ དབང་འབྱོར་བའི་ཞི་ལྷག་ནི། གནས་སམ་རྟེན་ཡོངས་སུ་དག་པ། དེ་བཞིན་དམིགས་པ་སྤྲུལ་བསྒྱུར་ལ་མངའ་བརྙེས་པའི་དམིགས་པ་ཡོངས་སུ་དག་པ། ཏིང་ངེ་འཛིན་གྲངས་མེད་ལ་མངའ་བརྙེས་པའི་ཐུགས་ཡོངས་སུ་དག་པ། གཟུངས⑥ཀྱི་སྒོ་སོགས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་དབང་བསྒྱུར་བའི་ཡེ་ཤེས་ཡོངས་སུ་དག་པ་བཞིའོ། །
12.དབང་བ་བཅུ་ནི་ཚེའི་འདུ་བྱེད་འདོར་ལེན་ཇི་ལྟར་འདོད་པ་བཞིན་བྱེད་པས་ཚེ་ལ་དབང་བ། ཇི་ལྟར་འདོད་པ་བཞིན་སེམས་ཏིང་ངེ་འཛིན་ལ་འཇུག་པས་སེམས་ལ་དབང་བ། བསམ་པ་ཇི་ལྟ་བ་བཞིན་ནོར་གྱི་ཆར་འབེབ་ནུས་པས་ཡོ་བྱད་ལ་དབང་བ། ལུས་ངག་གི་ལས་ཇི་ལྟར་འདོད་པ་བཞིན་ཉེ་བར་བསྒྱུར་བས་ལས་ལ་དབང་བ། འགྲོ་བ་གང་རུང་ཇི་ལྟར་འདོད་པ་བཞིན་སྐྱེ་བས་སྐྱེ་བ་ལ་དབང་བ། ས་ལ་སོགས་པའི་དངོས་པོ་བསམ་པ་ཇི་ལྟ་བར་བསྒྱུར་བས་མོས་པ་ལ་དབང་བ། ཇི་ལྟར་མོས་པ་བཞིན་དུ་འགྲུབ་པས་སྨོན་ལམ་ལ་དབང་བ། མངོན་ཤེས་ཀྱིས་བསྡུས་པའི་རྫུ་འཕྲུལ་ལ་དབང་བ། ཇི་ལྟར་འདོད་པ་བཞིན་ཡེ་ཤེས་མངོན་དུ་བྱེད་པས་བསྡུས་པའི་ཡེ་ཤེས་ལ་དབང་བ། གསུང་རབ་ཡན་ལག་བཅུ་གཉིས་ཇི་འདོད་བཞིན་སྟོན་ནུས་པས་བསྡུས་པའི་ཆོས་ལ་དབང་བ་དང་བཅུ་ཡོད།
13.སྟོབས་བཅུ་ནི། ལས་དགེ་བ་ལས་རྣམ་སྨིན་ཡིད་འོང་འབྱུང་བ་གནས་དང་དེ་ལས་རྣམ་སྨིན་ཡིད་མི་འོང་འབྱིན་པ་གནས་མ་ཡིན་པ་སོགས་མཁྱེན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས། ལས་ཇི་འདྲ་བ་ལས་རྣམ་སྨིན་ཇི་འདྲ་བ་འབྱུང་བ་མཁྱེན་པ་ནི་ལས་དང་རྣམ་སྨིན་མཁྱེན་པའི་སྟོབས། སེམས་ཅན་རྣམས་འཁོར་འདས་ཀྱི་ཆོས་གང་ལ་མོས་པ་སོགས་བསམ་པ་མཁྱེན་པ་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། འཇིག་རྟེན་གྱི་ཁམས་སྣ་ཚོགས་མཁྱེན་པ་ནི་འཇིག་རྟེན་ཁམས་དུ་མ་མཁྱེན་པའི་སྟོབས། སེམས་ཅན་རྣམས་ཀྱི་དབང་བོ་རྣོ་རྟུལ་མཁྱེན་པ་ནི་དབང་བོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས། འགྲོ་བ་རིགས་དྲུག་ཏུ་འགྲོ་བའི་ལམ་དང་། བྱང་ཆུབ་གསུམ་དུ་འགྲོ་བའི་ལམ་སོགས་མཁྱེན་པ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་དང་རྣམ་ཐར་ལ་སོགས་པའི་ངོ་བོ་དང་སྙོམས་པར་འཇུག་པའི་འཇུག་ལྡང་སོགས་མཁྱེན་པ་ནི་བསམ་གཏན་དང་རྣམ་ཐར་མཁྱེན་པའི་སྟོབས། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་གང་དུ་སྐྱེ་བ་སོགས་མཁྱེན་པ་ནི། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས། ཉན་རང་དགྲ་བཅོམ་པས་ཉོན་མོངས་པའི་ཟད་པ་དང་དེ་བཞིན་གཤེགས་པས་སྒྲིབ་གཉིས་ཟད་པ་མཁྱེན་པ་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས།
14.མི་འཇིགས་པ་བཞི་ནི་ང་ནི་སངས་རྒྱས་སོ་ཞེས་རྟོགས་པ་ཕུན་ཚོགས་སུ་དམ་བཅའ་བ་མི་འཇིགས་པ། ང་ནི་ཟག་པ་ཟད་པའོ་ཞེས་སྤངས་པ་ཕུན་ཚོགས་སུ་དམ་བཅའ་བ་ལ་མི་འཇིགས་པ། སྒྲིབ་གཉིས་སྤང་བྱར་བསྟན་པ་ལ་མི་འཇིགས་པ། སྤང་བྱ་འདི་སྤང་བ་ལ་གཉེན་པོ་འདི་དགོས་ཞེས་བསྟན་པ་ལ་མི་འཇིགས་པའི་ཡེ་ཤེས་དང་བཞིའོ། །
15.བསྲུང་བ་མེད་པ་ནི་དེ་བཞིན་གཤེགས་པའི་སྒོ་གསུམ་བག་མེད་དུ་འཇུག་པའི་དོགས་པ་མེད་པས་སྐུ་གསུང་ཐུགས་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་བསྲུང་བ་མེད་ པ་རྣམ་པ་གསུམ།
16.དྲན་པ་ཉེར་བཞག་རྣམ་པ་གསུམ་ནི་ཆོས་སྟོན་པ་ན་གུས་པས་ཉན་པ་ལ་ཆགས་པ་མེད་ཅིང་མ་གུས་པས་ཉན་པ་ལ་ཁྲོ་བ་མེད་པ་གཉིས་ཀ་ཆགས་སྡང་མེད་པར་བཏང་སྙོམས་སུ་གནས་པའི་དྲན་པ་ཉེར་བཞག་གསུམ།
17.བསྙེལ་བ་མི་མངའ་བ་ནི་སེམས་ཅན་གྱི་དོན་མཛད་པར་དགོངས་པ་ན་དུས་ལས་མི་བདའ་བའི་མཁྱེན་པ།
18.བག་ཆགས་ཡང་དག་པར་བཅོམ་པ་ནི་སྒྲིབ་གཉིས་བག་ཆགས་ཡང་དག་པར་བཅོམ་པ་སྟེ་སྤངས་པའི་མཁྱེན་པ།
19.ཐུགས་རྗེ་ཆེན་པོ⑦ནི་སྐྱེ་བོ་ཐམས་ཅད་འདུལ་བ་དང་སྨིན་གྲོལ་གྱི་དུས་ལ་བབ་མིན་སོགས་རྟག་ཏུ་གཟིགས་པའི་བརྩེ་བ།
20.སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད⑧ནི་སྐུ་ལ་འཁྲུལ་བ་མི་མངའ་བ། གསུང་ལ་ཅ་ཅོ་མི་མངའ་བ། ཐུགས་ལ་དྲན་པ་ཉམས་པ་མི་མངའ་བ། ཐུགས་མཉམ་པར་མ་བཞག་པ་མི་མངའ་བ། འཁོར་འདས་ཀྱི་ཆོས་ལ་སྤང་བླང་དུ་ཞེན་པའི་ཐ་དད་པ་ཉིད་ཀྱི་འདུ་ཤེས་མི་མངའ་བ། ཡུལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པ་མ་འདྲེས་པ་དྲུག འདུན་པ་དང་། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ་དང་རྣམ་པར་གྲོལ་བ་ལས་ཉམས་པ་མི་མངའ་བ་དྲུག་སྟེ་རྟོགས་པ་མ་འདྲེས་པ་དྲུག  སྐུ་གསུང་ཐུགས་ཀྱི་འཕྲིན་ལས་གསུམ་སྟེ་འཕྲིན་ལས་མ་འདྲེས་པ་གསུམ། འདས་མ་འོངས་ད་ལྟ་བའི་ཆོས་རྣམས་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་མ་འདྲེས་པ་གསུམ་སྟེ་བཅོ་བརྒྱད་དོ། །
21.རྣམ་པ་ཐམས་ཅད་མཁྱེན་པ་ནི་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་མཐར་ཐུག་གི་མཁྱེན་པའོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།