འབྲས་བུ་སྐུ་གསུམ་གྱི་རྣམ་གཞག
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-11 10:05:00
ཀློག་གྲངས།:
ས་བཅད་གཉིས་པ། ལོངས་སྐུ་བཤད་པ།
ལོངས་སྐུ་ནི་ངེས་པ་ལྔ་དང་ལྡན་པའི་སྐུ་ཡིན་ཏེ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་ཡིན་པས་ལོངས་སྐུ་ཟེར་རོ། །ངེས་པ་ལྔ་ནི་གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། འཁོར་ངེས་པ་བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་འབའ་ཞིག་གསུང་བ། དུས་ངེས་པ་འཁོར་བ་ཇི་སྲིད་བར་དུ་བཞུགས་པ་བཅས་སོ། །ལོངས་སྐུ་ལ་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ⑨རྣམ་སྨིན་གྱི་ཡོན་ཏན་བརྒྱ་རྩ་བཅུ་གཉིས་ལྡན་ཏེ་རང་གང་ལ་ལྡན་པའི་གང་ཟག་དེ་སྐྱེས་བུ་ཆེན་པོར་མཚོན་བྱེད་ཡིན་པས་ན་མཚན་དང་། རང་གང་ལ་ལྡན་པའི་སྐུ་དེའི་མཛེས་པ་གསལ་བྱེད་ཀྱི་དཔེའི་བྱད་བཞིན་ཡིན་པས་དཔེ་བྱད་དང་། ཤིན་ཏུ་མཛེས་ཤིང་ཕན་བདེ་འབྱུང་བའི་བྱིན་རླབས་ཅན་ཡིན་པས་གཉིས་ཀར་བཟང་བོ་ཞེས་བྱའོ། །
ས་བཅད་གསུམ་པ། སྤྲུལ་སྐུ་བཤད་པ།
སྤྲུལ་སྐུ་ནི་ངེས་པ་ལྔ་དང་མི་ལྡན་པའི་ཆ་ནས་བཞག་པའི་གཟུགས་སྐུ་སྟེ་གདུལ་བྱའི་དོན་དུ་སྤྲུལ་བར་བྱེད་པའི་སྐུ་ཡིན་པས་ན་སྤྲུལ་སྐུ་ཞེས་བྱ། དབྱེ་ན། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་སྟེ་གསུམ་དང་། དེའི་སྟེང་དུ་བྱང་ཆུང་ཆེན་པོའི་སྤྲུལ་སྐུ་བསྣན་ཏེ་བཞི་འདྲེན།མཚན་གཞི་བདག་ཅག་གི་སྟོན་པ་ལྟ་བུ་ལ་མཚོན་ན་དྲི་ཟའི་རྒྱལ་བོ་རབ་དགའ་འདུལ་བའི་ཕྱིར་དུ་པི་ཝང་མཁན་གྱི་གཟུགས་སུ་སྤྲུལ་བ་བཟོ་བོ་སྤྲུལ་སྐུ་དང་། ལྷའི་བུ་དམ་པ་དོག་དཀར་ལྟ་བུའམ་ཡང་ན་བྱ། རི་དྭགས། ཆུ་དང་ཟམ། ལྗོན་ཤིང་རྣམ་པ་ཅན་གྱི་སྤྲུལ་པ་ནི་སྐྱེ་བ་སྤྲུལ་སྐུ། ཤཱཀྱ་ཐུབ་པ་ནི་མཆོག་གི་སྤྲུལ་སྐུ། འོད་དཔག་མེད་ལྟ་བུ་བྱང་ཆུབ་ཆེན་པོའི་སྤྲུལ་སྐུ་ཡིན་ནོ། །མཆོག་གི་སྤྲུལ་སྐུས་མཛད་པ་བཅུ་གཉིས་སྲིད་པ་མ་སྟོངས་བར་དུ་སྟོན་པ་ཡིན་ཏེ་མཛད་པ་བཅུ་གཉིས་ནི་རྒྱུད་བླ་མར། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་སྐུ་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། ། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། ། བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། ། ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་བོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། ། ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་རོ། །
ཞར་བྱུང་གི་ཚུལ་དུ་གསུང་གི་ཡོན་ཏན་ཅུང་བརྗོད་ན་མདོ་ལས། གསུང་གཅིག་ཉིད་དུ་གསུང་ན་ཡང་། །དུ་མ་ཉིད་དུ་སོ་སོར་གོ ། ཞེས་ཨ་གཅིག་ལས་གདུལ་བྱའི་མོས་པ་བཞིན་བདེན་བཞིའི་ཆོས་འཁོར་བསམ་པ་དག་ལ་བདེན་བཞིའི་ཆོས་འཁོར་སོགས་རང་རང་སོ་སོའི་འདོད་མོས་བཞིན་ཐོས་ཤིང་ཇི་ལྟར་སེམས་ཅན་ཀུན་གྱིས་མོས་པའི་ཚིག། མང་བོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱིས་སྐད་ཅིག་ཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་འདེབས། །ཞེས་བདེན་མོས་ཞུ་བའི་མདོ་ལས་གསུངས་པ་ལྟར་རོ། །
དེ་ལྟ་བུའི་གསུང་གི་ཆ་རེ་རེའང་དོན་གྱི་ངོ་བོ་དང་ཁྱད་པར་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་བྱེད་པ་དང་། ཐོས་ན་དགའ་ཞིང་ཡིད་ངོར་མི་མཐུན་པ་མེད་པ། གདུལ་བྱའི་མོས་པ་དང་རང་གིས་ཅི་འདོད་བཞིན་དབྱངས་ཟབ་མོ་འགག་མེད་དུ་འབྱུང་བ། ཆོག་མི་ཤེས་ཤིང་རྣ་བར་སྙན་པ། འབྲེལ་མ་འཁྲུགས་ཤིང་ཤིན་ཏུ་གསལ་བ་སྟེ་ཡན་ལག་ལྔ་ལྔ་དང་ལྡན་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གསུང་དབྱངས་ཡན་ལག་དྲུག་ཅུ⑩དང་ལྡན་པར་གསུངས་སོ། །
ས་བཅད་བཞི་བ། འཕྲིན་ལས།
འཕྲིན་ལས་ཞེས་པ་ནི་རང་རྒྱུ་ཡེ་ཤེས་ཆོས་སྐུ་ལ་བརྟེན་ནས་བྱུང་བའི་རྣམ་ དཀར་གྱི་ཡོན་ཏན་ཏེ་དབྱེ་ན། བྱ་བའི་ཡུལ་ལ་ཡོད་པའི་འཕྲིན་ལས་དང་བྱེད་པ་བོ་ལ་ཡོད་པའི་འཕྲིན་ལས་གཉིས་ཏེ་སྔ་མ་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་དང་ཕྱི་མ་སངས་རྒྱས་ཀྱི་སས་བསྡུས་པ་ཡིན། དེ་ལ་མངོན་རྟོགས་རྒྱན་ལས་ཉི་ཤུ་རྩ་བདུན་གསུངས་ཡོད།འཕྲིན་ལས་འཇུག་ཚུལ་ལ་ལྷུན་གྲུབ་ཏུ་འཇུག་ཚུལ་དང་། རྒྱུན་མི་ཆད་དུ་འཇུག་ཚུལ་གཉིས་ཡོད་དེ་སངས་རྒྱས་ཀྱི་འཕྲིན་ལས་འབད་རྩོལ་གྱི་རྣམ་རྟོག་མེད་པར་འབད་མེད་ལྷུན་གྲུབ་ཀྱིས་འཇུག་ཚུལ་དང་སངས་རྒྱས་རྣམས་ཀྱང་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་འདུལ་བྱ་ཕན་བདེ་ལ་འགོད་པའི་འཕྲིན་ལས་རྒྱུན་མི་ཆད་པར་འབྱུང་བ་ཡིན། རྒྱུད་བླ་མས། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུའི་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་དཔེ་དགུས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་དང་དེའི་འཕྲིན་ལས་གསུམ། དེའི་གསང་བ་གསུམ་སྟེ་དོན་དགུས་སངས་རྒྱས་རྣམས་ཀྱི་འཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འཇུག་པར་གསུངས་སོ། །
མཆན།
①སྐལ་བ་དྲུག་ནི་ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །ཞེས་གསུངས་པ་ལྟར་དེ་བཞིན་ཉིད་རྣམ་རྟོག་གི་བག་ཆགས་མ་ལུས་པས་དབེན་པའི་དབང་ཕྱུག་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་གཟུགས་བཟང་བ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་དཔལ་དང་གྲགས་པ། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་སྒྲུབ་ཡེ་ཤེས་ཀྱིས་བརྩོན་འགྲུས་ཏེ་ལེགས་པ་དྲུག་གོ །
②དགེ་བ་ལ་བར་དུ་གཅོད་པ་བདུད་ཀྱི་མཚན་ཉིད། དབྱེ་ན། ཕུང་བོའི་བདུད། ཉོན་མོངས་པའི་ བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་བཅས་བཞི་ཡོད་དེ《སྐབས་བཞི་བའི་སྡོམ》ལས། བདུད་ཀྱང་བཞི་སྟེ་གང་ཞིག་འཆི་བ་ནི། །ཉེ་བར་ལེན་པའི་ཕུང་བོ་ཕྲ་རགས་དང་། །གང་གིས་འཆི་བ་ ཉོན་མོངས་བག་ཆགས་བཅས། །འཆི་བའི་ངོ་བོ་ཕྲ་རགས་འཆི་བདག་བདུད། །དེ་ལས་བདའ་བའི་བར་གཅོད་འདོད་ལྷ་དང་། །དེ་ཡི་བྱེད་པ་ཅི་རིགས་ལྷའི་བུའི་བདུད། །ཅེས་གསུངས་པ་ལྟར་རོ། །
③ཐུབ་པའི་ངོ་བོ་ཉིད་སྐུ་ཁྱད་པར་གསུམ་དང་ལྡན་ཏེ་ཟག་པ་མེད་པའི་སྡེ་ཚན་ཉེར་གཅིག་གང་དག་ཐོབ་པར་གྱུར་པའམ་ལྡན་པའི་ཁྱད་པར་དང་། རྣམ་པ་ཀུན་ཏུ་སྒྲིབ་གཉིས་རྣམ་པར་དག་པ་བྲལ་བའི་ཁྱད་པར་དང་། ཡེ་ཤེས་དེ་དག་རང་བཞིན་བདེན་པ་སྟོང་བའི་ཁྱད་པར་རམ་མཚན་ཉིད་ཅན་ཏེ་ཁྱད་པར་གསུམ་ལྡན་ནོ། །
④བྱམས་པ་སྙིང་རྗེ་གཉིས་ཞེ་སྡང་མེད་པའི་དགེ་རྩ། དགའ་བ་ཚོར་བ་བདེ་བ། བཏང་སྙོམས་མ་ཆགས་པའི་དགེ་རྩར་གསུངས།
⑤རྣམ་ཐར་བརྒྱད་ནི་ཉོན་མོངས་ཐག་བསྲིང་བ། མོས་པ་ལྟར་བྱིན་གྱིས་བརླབས། ཚེ་གཏོང་འཇོག་དང་སྙོམས་འཇུག་ལ་དབང་ཐོབ་པའི་ཕྱིར་ཡང་སྒོམ་པར་བཤད་དོ། །
⑥ཚིག་དོན་མི་བརྗེད་པ་སོགས་འཛིན་པར་བྱེད་པས་ན་གཟུངས་ཏེ་དབྱེ་ན་བཞི། གང་ཐོས་པའི་ཚིག་རྣམས་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་ནི་ཚིག་གམ་ཆོས་ཀྱི་གཟུངས། ཆོས་ཐོས་པའི་དོན་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་རབ་ནི་དོན་གྱི་གཟུངས། སྟོང་བ་ཉིད་སོགས་ལ་མི་སྐྲག་པའི་བཟོད་པའི་ངོ་བོར་གྱུར་པའི་དྲན་པ་དང་ཤེས་རབ་ནི་བཟོད་པའི་གཟུངས། གཞན་གྱི་ནད་ཡམས་སོགས་ཞི་བའི་ཆེད་དུ་གསང་སྔགས་ཀྱི་ཆོ་ག་སོགས་ལས་བརྩམས་ཏེ་དེ་ལྟར་བྱིན་གྱིས་རློབས་པའི་ནུས་པའི་དྲན་པ་དང་ཤེས་རབ་ནི་གསང་སྔགས་ཀྱི་གཟུངས་ཏེ་བཞིའོ། །
⑦ཐུགས་རྗེ་ཆེན་པོ་ནི་ཁྱད་པར་ལྔ་དང་ལྡན་ཏེ། རྒྱུའི་ཁྱད་པར་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་རྒྱ་ཆེན་པོ་ཡང་དག་པར་གྲུབ་པ། རྣམ་པའི་ཁྱད་པར་སྡུག་བསྔལ་གསུམ་ལ་རྟོག་པའི་རྣམ་པ་ཅན། སྤྱོད་ཡུལ་གྱི་ཁྱད་པར་ཁམས་གསུམ་གྱི་སེམས་ཅན་ལ་དམིགས་པ། འཇུག་ཚུལ་གྱི་ཁྱད་པར་སེམས་ཅན་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་བར་འདོད་པའི་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་པ་དང་། ངོ་བོའི་ཁྱད་པར་ཀུན་རྫོབ་ཤེས་པའི་ཤེས་རབ་ཡིན་པས་ཆེས་རྣོ་བ་དང་ཆེས་ཆེན་པོ་ཡིན།
སྙིང་རྗེ་ཆེན་པོ། ཐུགས་རྗེ། ཐུགས་རྗེ་ཆེན་པོ་གསུམ་ལ་ཁྱད་པར་ཆེ་སྟེ། འདིའི་ཐུགས་རྗེ་ཆེན་པོ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཁྱད་པར་བརྒྱད་ཡོད་དེ། ངོ་བོའི་ཁྱད་པར་སྙིང་རྗེ་ཆེན་པོ་ཞེ་སྡང་མེད་པ་དང་། ཐུགས་རྗེ་ཆེན་པོ་གཏི་མུག་མེད་པའི་ཤེས་རབ་ཡིན། དམིགས་པའི་ཁྱད་པར་སྙིང་རྗེ་ཆེན་པོས་ འདོད་པའི་སེམས་ཅན་དང་ཐུགས་རྗེ་ཆེན་པོས་ཁམས་གསུམ་གའི་སེམས་ཅན་ལ་དམིགས། རྣམ་པའི་ཁྱད་པར་སྙིང་རྗེ་ཆེན་པོ་སྡུག་བསྔལ་གྱི་སྡུག་བསྔལ་གཅིག་བུ་དང་འབྲལ་འདོད་དང་། ཐུགས་རྗེ་ཆེན་པོ་སྡུག་བསྔལ་གསུམ་ག་དང་འབྲལ་འདོད་ཀྱི་རྣམ་པ་ཅན། སའི་ཁྱད་པར་སྙིང་རྗེ་བསམ་གཏན་ལ་བརྟེན། ཐུགས་རྗེ་ཆེན་པོ་བསམ་གཏན་བཞི་བ་ཁོ་ན་ལ་བརྟེན། རྟེན་གྱི་ཁྱད་པར་སྙིང་རྗེ་ཆེན་པོ་ཉན་རང་གི་རྒྱུད་ན་ཡོད། ཐུགས་རྗེ་ཆེན་པོ་སངས་རྒྱས་ཁོ་ནའི་རྒྱུད་ལ་ཡོད་པ་དང་། འཐོབ་ཚུལ་སྙིང་རྗེ་ཆེན་པོ་འདོད་པར་འདོད་ཆགས་དང་བྲལ་བས་ཐོབ་ཐུགས་རྗེ་ཆེན་པོ་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བ་དང་ཐོབ་དགོས་པ་དང་། ནུས་པའི་ཁྱད་པར་སྙིང་རྗེ་ཆེན་པོ་གཞན་དོན་དུ་མི་སྐྱོ་བ་ཡིན། ཐུགས་རྗེ་ཆེན་པོས་ཡོངས་སུ་སྐྱོབ་པ་དང་། བྱེད་ལས་ཀྱི་ཁྱད་པར་སྙིང་རྗེ་ཆེན་པོ་སེམས་ཅན་ལ་མི་འདྲ་བ་དང་། ཐུགས་རྗེ་ཆེན་པོ་སེམས་ཅན་ཐམས་ཅད་ལ་འདྲ་བས་འཇུག་པའི་ཕྱིར།
⑧བྱེ་སྨྲས་འདོད་པའི་མ་འདྲེས་པ་བཅོ་བརྒྱད་ནི་སྟོབས་བཅུ། མི་འཇིགས་པ་བཞི་དང་། དྲན་པ་ཉེར་བཞག་གསུམ། ཐུགས་རྗེ་ཆེན་པོ་སྟེ་བཅོ་བརྒྱད་ནི་སངས་རྒྱས་ལས་གཞན་ཐུན་མོང་མ་ཡིན་པ་དང་ཟླ་མེད་པས་ན་མ་འདྲེས་པར་འདོད།
⑨མཚན་བཟང་བོ་སུམ་ཅུ་རྩ་གཉིས་ནི་སྐྱེས་བུ་ཆེན་པོའི་བསོད་ནམས་ཀྱི་མཐུ་ལས་གྲུབ་ཅིང་བསོད་ནམས་དེ་མཚོན་པར་བྱེད་པའི་ཡོན་ཏན་གྱི་རྟགས་སོ། །དེ་ཡང་སངས་རྒྱས་ཀྱི་གཟུགས་ཀྱི་སྐུའི་ཡོན་ཏན་ལ་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་ཡོད་པ་ལས། འདིར་མཚན་བཟང་སོ་གཉིས་ཅུང་ཞིག་བརྗོད་པར་བྱ་སྟེ། 1ཕྱག་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་གི་རྣམ་པར་རྒྱ་ལས་རྒྱ་ཡི་འབུར་དོད་པ་ལྟ་བུས་མཚན་པ། 2 ཞབས་མཐིལ་གཉིས་རུས་སྦལ་གྱི་ལྟོ་བ་ལྟར་མཉམ་ཞིང་ལེགས་པར་གནས་པ། 3 ཕྱག་ཞབས་ཀྱི་སོར་མོ་ངང་བའི་རྒྱལ་བོ་ལྟར་དྲ་བས་འབྲེལ་བ། 4 ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། 5སྐུའི་གནས་བདུན་མཐོ་བ་སྟེ་ཕྱག་ཞབས་ཀྱི་རྒྱབ་བཞི་ཕྲག་པ་གཉིས། ལྟག་པ་དང་བདུན་པོ་ཤོང་བུ་མེད་པར་རྒྱས་ཤིང་གང་སྟེ་མཐོ་བ། 6ཕྱག་ཞབས་ཀྱི་སོར་མོ་རིང་བ། 7 ཞབས་ཀྱི་རྟིང་བ་ཡངས་པ། 8སྐུ་ཆེ་ཞིང་དྲང་བ། 9ཞབས་ཀྱི་ལོང་བུ་ལྷ་ང་བཅས་པའི་འབུར་མི་མངོན་པ། 10 སྐུ་ཡི་བ་སྤུ་ཐམས་ཅད་གྱེན་དུ་ཕྱོགས་ནས་སྐྱེས་པ། 11 བྱིན་པ་ཨེ་ན་དང་འདྲ་བར་ཟླུམ་ལ་རྒྱས་ཤིང་མཛེས་པ། 12སྐུ་མ་བཏུད་ཀྱང་ཕྱག་བརྐྱང་བ་པུས་མོའི་ལྷ་ངར་སླེབས་པས་ཕྱག་རིང་ཞིང་མཛེས་པ། 13གླང་བོ་ཆེའམ་རྟ་ཅང་ཤེས་ལྟར་འདོམས་ཀྱི་སྦ་བ་སྟེ་གསང་བ་སྦུབས་སུ་ནུབ་པ། 14 པགས་པ་གསེར་གྱི་མདོག་དྭངས་གསལ་ཞིང་སྣུམ་ལ་ཡིད་འོང་བ། 15 པགས་པ་སྲབ་ཅིང་འཇམ་པ། 16 སྐུ་ཡི་བ་སྤུ་ཐམས་ཅད་ཕྲ་ཞིང་འཇམ་ལ་རེ་རེ་ནས་སྐྱེས་ཏེ་གཡས་ཕྱོགས་སུ་འཁྱིལ་བ། 17 ཞལ་གྱི་སྨིན་མཚམས་ན་མཉེན་འཇམ་དཀར་བའི་མཛོད་སྤུ་རང་བཞིན་དུ་ཁྲུ་གང་ངམ་གསུམ་ཙམ་པ་གཡས་སུ་འཁྱིལ་ཞིང་སྐྱུ་རུ་རའི་འབྲས་བུའི་ཚད་ཙམ་དངུལ་གྱི་འབུར་ལྟ་བུས་བརྒྱན་པ། 18རོ་སྟོད་སེང་གེ་ལྟར་འཕེལ་ཀ་ཆེ་བ།19དཔུང་བ་གཉིས་ཀྱི་མགོ་གསེར་གྱི་བུམ་པ་ལྟར་ཟླུམ་པ། 20ཐལ་གོང་གཉིས་ཤོང་བུ་མེད་པར་རྒྱས་ཤིང་གང་བ། 21 ལྗགས་ལ་རོ་གང་བླང་བ་རོ་ཞིམ་པའི་མཆོག་ཏུ་གྱུར་པའི་ཡོན་ཏན་ཡོད་པ། 22སྐུ་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ་གྱེན་འཕྲེད་ཆ་སྙོམས་པར་མཛེས་པ། 23ཟླུམ་ཞིང་གནག་ལ་གཡས་ཕྱོགས་སུ་འཁྱིལ་བའི་གཙུག་ཏོར་དང་ལྡན་པ། 24 རང་བཞིན་དུ་ཞལ་གྱི་དཀྱིལ་འཁོར་ཁེབས་པ་ཙམ་གྱི་ལྗགས་རིང་ལ་མཛེས་པ། 25གསུང་ཚངས་པའི་དབྱངས་ལྟ་བུ་དང་ལྡན་པ། 26 འགྲམ་པ་གཉིས་སྡུད་ཅིང་ཟླུམ་པ་རྒྱས་པ་མེ་ལོང་གི་ངོས་སམ་སེང་གེའི་འགྲམ་པ་འདྲ་བ། 27 མཆེ་བ་བཞི་སོགས་ཚེམས་ཐམས་ཅད་མདོག་ཤིན་ཏུ་དཀར་བ། 28 ཚེམས་ཐམས་ཅད་མཐོ་དམན་རིང་ཐུང་གི་ཚད་མཉམ་པ། 29 ཚེམས་ལ་བར་མཚམས་མ་ཕྱེ་བས་ཐགས་བཟང་བ། 30ཡས་དང་མས་ན་ཉི་ཤུ་རེ་སྟེ་ཚེམས་ཀྱི་གྲངས་བཞི་བཅུ་ཐམ་པ་ཚང་བ། 31 སྤྱན་ནི་རིན་པོ་ཆེ་མཐོན་མཐིང་དང་འདྲ་བར་མཛེས་པ། 32 སྤྱན་གྱི་རྫི་ མ་བ་མཆོག་སྟེ་བ་ཡི་ཁྱུ་མཆོག་དང་འདྲ་བ་བཅས་སུམ་ཅུ་རྩ་གཉིས་སོ། །འཇིག་རྟེན་ཁམས་ན་ཡོད་པའི་སོ་སྐྱེ་ཉན་རང་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་བསྡོམས་པ་བཅུར་བསྒྱུར་པས་སངས་རྒྱས་ཀྱི་བ་སྤུ་དངོས་པོ་གཅིག་གྲུབ། དེ་འདྲ་བར་བ་སྤུ་ཐམས་ཅད་སྐྱེད་པའི་བསོད་ནམས་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་གྲུབ་བོ། །དེའི་ཚུལ་གྱིས་དཔེ་བྱད་བརྒྱད་ཅུ་བོ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱར་བསྒྱུར་བས་མཛོད་སྤུ་དང་གཙུག་ཏོར་གཉིས་མ་གཏོགས་པའི་མཚན་སུམ་ཅུ་བོ་རེ་རེ་འགྲུབ་བོ། །མཚན་སུམ་ཅུ་བོ་ཐམས་ཅད་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་འགྲུབ་བོ། །མཛོད་སྤུ་འགྲུབ་པའི་བསོད་ནམས་འབུམ་འགྱུར་གྱིས་གཙུག་ཏོར་འགྲུབ་བོ། །གཙུག་ཏོར་འགྲུབ་པའི་བསོད་ནམས་བྱེ་བ་འབུམ་ཕྲག་བརྒྱས་མགྲིན་པ་ཆོས་ཀྱི་དུང་སྟེ་གསུངས་ཚངས་པའི་དབྱངས་འགྲུབ་པར་གསུངས་སོ། །
མཚན་བཟང་བོ་སུམ་ཅུ་སོ་གཉིས་པོ་དེ་རྟགས་མཚན་གཙོ་བོ་དང་། དེའི་ཡན་ལག་གི་ཚུལ་དུ་སྐུའི་ཀུན་སྤྱོད། སྤྱན་གྱི་གཟིགས་སྟངས་སོགས་ལས་བྱུང་བའི་དཔེ་བཟང་བོ་བརྒྱད་ཅུ་ཐམ་པ་ཡོད་པ་སྟེ། 1 སེན་མོ་ཟངས་ཀྱི་མདོག་ལྟ་བུ། 2 སེན་མོའི་མདོག་སྣུམ་པ། 3 སེན་མོ་མཐོ་བ། 4 སོར་མོ་རྣམས་ ཟླུམ་པ། 5 སོར་མོ་བྱིན་གྱིས་ཕྲ་བ། 6 སོར་མོ་རྣམས་རྒྱས་པ། 7 རྩ་མི་མངོན་པ། 8 རྩ་མདུད་མེད་པ། 9 ལོང་བུ་མི་མངོན་པ། 10 ཞབས་མི་མཉམ་པ་མེད་པ། 11 སེང་གེའི་སྟབས་སུ་གཤེགས་པ། 12གླང་བོའི་སྟབས་སུ་གཤེགས་པ། 13ངང་བའི་སྟབས་སུ་གཤེགས་པ། 14ཁྱུ་མཆོག་གི་སྟབས་སུ་གཤེགས་པ། 15གཡས་ཕྱོགས་སུ་ལྡོག་ཅིང་གཟིགས་པ། 16མཛེས་པར་གཤེགས་པ། 17མི་གཡོ་བར་གཤེགས་པ། 18སྐུ་འཁྲིལ་བག་ཆགས་པ། 19 སྐུ་བྱི་དོར་བྱས་པ་ལྟ་བུ། 20སྐུ་རིམ་པར་འཚམ་པ། 21སྐུ་གཙང་བ། 22 སྐུ་འཇམ་པ། 23སྐུ་རྣམ་པར་དག་པ། 24 མཚན་ཡོངས་སུ་རྫོགས་པ། 25 སྐུ་ཁོ་ལག་ཡངས་ཤིང་བཟང་བ། 26གོམ་པ་སྙོམས་པ། 27སྐུ་ཤིན་ཏུ་གཞོན་མདོག་ཅན། 28སྐུ་ཞུམ་པ་མེད་པ། 29སྐུ་རྒྱས་པ། 30 སྐུ་ཤིན་ཏུ་གྲིམས་པ། 31སྐུ་ཡན་ལག་དང་ཉིང་ལག་ཏུ་རྣམ་པར་འབྱེས་པ། 32 གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ། 33དཀུ་ཟླུམ་པ། 34 དཀུ་སྐབས་ཕྱིན་པ། 35 སྐུ་མ་སྙེངས་པ། 36ཕྱལ་ཕྱང་ངེ་བ། 37ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ། 38ལྟེ་བ་ཟབ་པ། 39 ཀུན་ནས་མཛེས་པ། 40 ཀུན་སྤྱོད་གཙང་བ། 41སྐུ་ལ་སྨེ་བ་དང་གནག་བག་མེད་པ། 42ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ། 43 ཕྱག་གི་རི་མོ་མདངས་ཡོད་པ། 44 ཕྱག་གི་རི་མོ་ཟབ་པ། 45 ཕྱག་གི་རི་མོ་རིང་བ། 46ཞལ་ཧ་ཅང་ཡང་མི་རིང་བ། 47 ཞལ་གཟིགས་ཀྱི་གཟིགས་བརྙན་སྣང་བ། 48ལྗགས་མཉམ་པ། 49 ལྗགས་སྲབ་པ། 50ལྗགས་དམར་བ། 51 གླང་བོ་ཆེའི་ང་རོ་དང་འབྲུག་གི་སྒྲ་དང་ལྡན་པ། 52གསུང་སྙན་ཅིང་མཉེན་ལ་འཇམ་པ། 53མཆེ་བ་ཟླུམ་པ། 54མཆེ་བ་རྣོ་བ། 55 མཆེ་བ་དཀར་བ། 56མཆེ་བ་མཉམ་པ། 57མཆེ་བ་བྱིན་གྱིས་ཕྲ་བ།5ཤངས་མཐོ་བ། 59ཤངས་གཙང་བ། 60 སྤྱན་རྣམ་པར་དག་པ། 61 སྤྱན་ཡངས་པ། 62 རྫི་མ་སྟུག་པ། 63སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མའི་མདངས་ལྟ་བུ། 64སྨིན་ཚུགས་རིང་བ། 65སྨིན་མ་འཇམ་པ།66སྨིན་མ་སྤུ་མཉམ་པ། 67སྨིན་མ་སྣུམ་པ། 68སྙན་ཤལ་སྟུག་ཅིང་རིང་བ། 69 སྙན་མཉམ་པ། 70 སྙན་གྱི་དབང་བོ་མ་ཉམས་པ། 71དཔྲལ་བ་ལེགས་པར་འབྱེས་པ། 72དཔྲལ་བ་དབྱེས་ཆེ་བ། 73དབུ་ཤིན་ཏུ་རྒྱས་པ། 74 དབུ་སྐྲ་བུང་བ་ལྟར་གནག་པ།75དབུ་སྐྲ་སྟུག་པ། 76 དབུ་སྐྲ་འཇམ་པ། 77 དབུ་སྐྲ་མ་འཛིངས་པ། 78 དབུ་སྐྲ་མི་གཤོར་བ། 79 དབུ་སྐྲ་དྲི་ཞིམ་པ། 80ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བས་བརྒྱན་པ། སྡོང་རིས་འཁྱིལ་བ།
⑩གསུང་དབྱངས་ཡན་ལག་དྲུག་ཅུ་ནི། 1 མཉེན་པ། 2 འཇམ་པ། 3 ཡིད་དུ་འོང་བ། 4 ཡིད་དུ་འཐད་པ། 5 ཡིད་དུ་དག་པ། 6 དྲི་མ་མེད་པ། 7 འོད་གསལ་བ། 8 སྙན་ཞིང་འཇེབས་པ། 9 མཉན་པར་འོས་པ། 10 མི་ཚུགས་པ། 11སྙན་པ། 12 དུལ་བ། 13མི་བརླང་བ། 14 རབ་ཏུ་དུལ་བ། 15རྣར་སྙན་པ། 16ལུས་སིམ་པར་བྱེད་པ། 17 སེམས་སིམ་པར་བྱེད་པ། 18 སྙིང་དགའ་བར་བྱེད་པ། 19དགའ་བདེ་བསྐྱེད་པ། 20གདུང་བ་མེད་པ། 21 ཀུན་ཤེས་པར་བྱ་བ། 22རྣམ་པར་རིག་པར་བྱ་བ། 23རྣམ་པར་གསལ་བ། 24 དགའ་བར་བྱེད་པ། 25མངོན་པར་དགའ་བར་བྱེད་པ། 26 ཀུན་ཤེས་པར་བྱེད་པ། 27རྣམ་པར་རིག་པར་བྱེད་པ། 28 རྣམ་པར་རིགས་པ། 29 རྣམ་པར་འབྲེལ་བ། 30 ཟློས་སྐྱོན་མེད་པ། 31 སེང་གེའི་སྒྲའི་ཤུགས་ཅན། 32གླང་བོ་ཆེའི་སྒྲ་སྐད། 33 འབྲུག་གི་སྐད། 34ཀླུའི་དབང་བོའི་སྐད། 35དྲི་ཟའི་གླུ་དབྱངས། 36 ཀ་ལ་པིང་ཀའི་སྒྲ་དབྱངས། 37 ཚངས་པའི་སྒྲ་དབྱངས། 38 ཤང་ཤང་ཏེའུའི་སྒྲ་དབྱངས། 39 ལྷའི་ དབང་བོའི་སྒྲ་དབྱངས། 40 རྔའི་སྒྲ། 41 མ་ཁེངས་པ། 42 མི་དམའ་བ། 43སྒྲ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ། 44ཚིག་ཟུར་ཕྱིན་པ། 45 མ་ཚང་བ་མེད་པ། 46 མ་ཞུམ་པ། 47 མི་ཞན་པ། 48རབ་ཏུ་དགའ་བ། 49རབ་ཏུ་ཁྱབ་པ། 50 རབ་ཏུ་ཆུབ་པ། 51 རྒྱུན་ཆགས་པ། 52 རྒྱུན་འབྲེལ་བ། 53 སྒྲ་ཐམས་ཅད་རྫོགས་པར་བྱེད་པ། 54དབང་བོ་ཐམས་ཅད་ཚིམ་པར་བྱེད་པ། 55མ་སྨད་པ། 56 མི་འགྱུར་བ། 57 མ་བརྡབས་པ། 58 ཞི་བར་བྱེད་པ། 59 སེལ་བ། 60 བདུད་ཚར་གཅོད་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །
དཔྱད་གཞིའི་ཡིག་ཆ།
བོད་ཡིག
རྗེ་བླ་མའི་ལམ་རིམ་ཆེན་མོ། ཙོང་ཁ་བ་ཆེན་པོས་བརྩམས། སྐུ་འབུམ་དགོན་པའི་ཤིང་པར།
རྗེ་བླ་མའི་ལམ་རིམ་ཆུང་ངུ་། ཙོང་ཁ་བ་ཆེན་པོས་བརྩམས། སྐུ་འབུམ་དགོན་པའི་ཤིང་པར།
རྗེ་བླ་མའི་ལེགས་བཤད་གསེར་འཕྲེང་། ཙོང་ཁ་བ་ཆེན་པོས་བརྩམས། སྐུ་འབུམ་དགོན་པའི་ཤིང་པར།
ལམ་རིམ་མཆན་བཞི་མ། པྲ་ཏི་རིན་ཆེན་དོན་འགྲུབ་སོགས་ཀྱིས་བརྩམས། ཞོལ་ཤིང་པར།
རྣམ་བཤད་སྙིང་བོའི་རྒྱན། རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྩམས། སྐུ་འབུམ་དགོན་པའི་ཤིང་པར།
ཐར་ལམ་གསལ་བྱེད། རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྩམས། སྐུ་འབུམ་དགོན་པའི་ཤིང་པར།
མཛོད་འགྲེལ་མངོན་པའི་རྒྱན། མཆིམས་འཇམ་པའི་དབྱངས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
རྒྱན་འགྲེལ་སྤྱི་དོན་རོལ་མཚོ། རྗེ་བཙུན་ཆོས་ཀྱི་རྒྱན་མཚན། ཀྲུང་གོའི་བོད་རིག་པ་ དཔེ་སྐྲུན་ཁང་།
གྲུབ་མཐའ་རིན་ཆེན་ཕྲེང་བ། ཀུན་མཁྱེན་འཇིགས་མེད་དབང་བོས་བརྩམས། ཀན་ སུའུ་མི་རིགས་དཔེ་སྐྲུན་ཁང་།
ས་ལམ་ཐེག་གསུམ་མཛེས་རྒྱན། ཀུན་མཁྱེན་འཇིགས་མེད་དབང་བོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
ཅོ་ནེའི་བསྟན་འགྱུར་དཀར་ཆག ཀུན་མཁྱེན་འཇིགས་མེད་དབང་བོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
ཐུའུ་བཀྭན་གྲུབ་མཐའ། ཐུའུ་བཀྭན་ཆོས་ཀྱི་ཉི་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
སྐལ་བཟང་མིག་འབྱེད། བསྟན་འཛིན་རྒྱ་མཚོ། བརྙན་པར་མ།
ཤེས་བྱ་ཀུན་ཁྱབ། ཀོང་སྤྲུལ་ཡོན་ཏན་མཐའ་ཡས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དབུ་མ་ལུང་རིགས་སྒྲོན་མེ། ཀུན་མཁྱེན་འཇིགས་མེད་དབང་བོས་བརྩམས། སྐུ་འབུམ་དགོན་པའི་ཤིང་པར།
ལམ་རིམ་ཐར་རྒྱན། མཉམ་མེད་དྭགས་པོ་ལྷ་རྗེས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། བླ་བྲང་དགོན་པའི་ཤིང་པར།
བླ་མ་ལམ་རིམ་པའི་གསུང་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
རྗེ་ཡེ་ཤེས་རྒྱ་མཚོའི་གསུང་འབུམ། ཞང་ཀང་ཐེན་མ་དཔེ་སྐྲུན་གུང་ཟི།
རྒྱ་ཡིག
《当代佛教》杨曾文主编、东方出版社1993二版
《中国佛教》方立天著、上海人民出版社1998年版
《佛教史》任继愈主编、中国社会出版社1991年版
《大乘佛教》舍尔巴茨著、文人译、中国社会出版社
《小乘佛教》舍尔巴茨著、文人译、中国社会出版社
《南传佛教史简编》 中国佛教出版社
《佛法概论》印顺著 中国佛教出版社
《印度佛教史》英渥德尔著 商务印书馆
《佛光西渐》黄维忠著 青海民族出版社
《世界佛教》宗立道著 河北法学院
《中国佛教史》任继愈编 中国社会科学院出版
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།