དུས་ཀྱི་འོད་སྣང་།

རྩོམ་པ་པོ།:མཁན་ཀླུ་སྒྲུབ་དབང་ཕྱུག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-24 10:12:00 ཀློག་གྲངས།:

མ་ཤེས་ཐབས་མེད་ཀྱི་སྐོར་ཚན་བཅུ།

དང་པོ། མི་ཚེ་ལ་སྙིང་པོ་ལེན་པའི་སྐོར།
      ང་ཚོའི་འཛམ་བུ་གླིང་གི་མི་སུ་ཡིན་རུང་གོ་གནས་མཐོ་དམན་དང་དབུལ་ཕྱུག་མཁས་བླུན་སོགས་གང་ཡིན་ལ་མ་ལྟོས་པར་མི་སུ་དང་གང་ཞིག་གིས་རང་ཉིད་ཀྱི་མི་ཚེ་འདིར་བདེ་སྐྱིད་འཐོབ་པའི་ཆེད་དུ། རྩིག་འུ་འི་ཁྲབ། སྲོག་རྩ་འི་འབེན། བྱས་ནས་འབད་རྩོལ་མི་བྱེད་པ་དང་མཁན་གཅིག་ཀྱང་མེད་ལ། ཁོ་ཚོས་ཅི་ཙམ་འབད་པ་བྱས་ནའང་མི་ཚེའི་རིན་ཐང་ཟེར་བ་དེ་ད་དུང་མང་ཆེ་བས་ཧ་གོའུ་ཡོད་ས་མ་རེད་སྙམ། ངས་བསམ་ན་མི་སུ་ཡིན་ཡང་སོ་སོའི་མི་ཚེ་ལ་རིན་ཐང་ལེན་པའི་འཚོ་བའི་བརྒྱུད་རིམ་ཁྲོད་དུ། ནང་བསམ་བློ་དང་ཕྱིའི་ཀུན་སྤྱོད་ཀྱི་ཆུ་ཚད་གོང་འཕེལ་དུ་གཏོང་བའི་ཕྱོགས་ལ་བསམ་བློ་མང་པོ་སྐོར་བ་ནི། ཆོས་དང་འཇིག་རྟེན་ཡ་རབས་ཀྱི་ཁེ་ཕན་གྱི་གཞི་རྩ་རེད་སེམས་ཤིང་ཡོད། དེ་ཡང་རང་ཉིད་ཁོ་ན་ཙམ་མ་ཡིན་པར་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་ནང་བསམ་བློ་དང་ཕྱིའི་ཀུན་སྤྱོད། སྲིད་འབྱོར་རིག་གསུམ་སོགས་ཀྱི་ལོངས་སྤྱོད་མཐོར་འདེགས་སུ་གཏོང་རྒྱུའི་ཕྱོགས་ལའང་བསམ་གཞིག་དང་དོ་སྣང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོར་ཆགས་ཡོད་པ་རེད། དེ་ཡང་རྒྱ་བོད་མི་གཅིག་སེམས་རྩ་གཅིག་ཟེར་བ་ལྟར། ང་ཚོའི་ཤ་མདོག་དང་རིགས་རུས་མི་གཅིག་ཅིང་དད་མོས་དང་ཆ་ལུགས་འཚོ་བ་རོལ་སྟངས་སོགས་མི་འདྲ་བའི་ས་ལྒང་འདིའི་སྟེང་གི་མི་ཚང་མ་འགྲོ་བ་མིའི་རིགས་ཡིན་པ་ལ་གཅིག་མཚུངས་ཡིན། མ་ཟད་ང་ཚོ་ཚང་མར་བདེ་བ་དོན་གཉེར་དང་སྡུག་བསྔལ་འདོར་འདོད་ཀྱི་བསམ་བློ་ཡོད་པའང་གཅིག་མཚུངས་རེད་ལ། གལ་ཏེ་སྐར་མ་དང་གོ་ལ་གཞན་གྱི་སྟེང་ནས་ཚུར་བལྟས་ན་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཏུ་འདུས་ཡོད་པ་གསལ་བོར་ཤེས་ཐུབ། དེས་ན་འུ་ཚོས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་སོ་སོའི་བསམ་བློ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་ཀྱི་ལམ་ནས། ཕན་ཚུན་གཅིག་གིས་གཅིག་ལ་བྱམས་བརྩེ་དང་ལྷག་བསམ་སོགས་ནང་བསམ་བློའི་གཏེར་ཁ་སྣ་ཚོགས་མཁོ་སྤྲོད་བྱེད་པ་ནི་འོས་ཤིང་འཚམ་པ་ཞིག་ཡིན་ལ། མ་ཟད་རང་དང་གཞན་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕན་བདེའི་མྱུ་གུ་མཐའ་དག་སྨིན་པའི་ས་བོན་མ་ནོར་བ་ཞིག་ཡིན་སྲིད། ད་དུང་ང་ཚོས་ཧ་གོ་དགོས་པ་ཞིག་ལ། རྟ་ནོར་ལུག་གསུམ་སོགས་སྲོག་ཆགས་གཞན་དག་ལ། ནང་ཤེས་རིག་གི་གཏེར་ཁ་བསྔོགས་འདོན་གྱི་གོ་སྐབས་མཁོ་སྤྲོད་བྱེད་པའི་ཐབས་ལམ་ཞིག་མེད་པ་ནི་དངོས་གནས་རེད། ཡིན་ནའང་ང་ཚོ་ས་ལྒང་འདིར་ཁྱིམ་ཚང་གཅིག་ཏུ་འཁོད་པའི་གྲོགས་པོ་ལྟ་བུ་ཡིན་པ་དང་། ཁོ་ཚོར་བདེ་སྡུག་འདོར་ལེན་གྱི་ཚོར་བ་ཡོད་པ་ནི། མི་དང་གཅིག་མཚུངས་རེད། དེས་ན་ང་ཚོས་ནམ་ཡང་བྱམས་བརྩེ་དང་གུ་ཡངས་བཟོད་བསྒོམ་སོགས་དཀྱེལ་ཡངས་པའི་བསམ་བློའི་ཁོར་ཡུག་ལས་ནམ་ཡང་འབོར་མི་རུང་སྙམ། མདོར་ན་ང་ཚོ་མི་ཞིག་ཡིན་ནས་བཟུང་མི་ཚེ་འདིར་ཀྱག་ཀྱོག་གི་འགག་འཕྲང་མང་པོ་ཞིག་བརྒལ་དགོས་པ་ནི་ཆོས་ཉིད་རེད། དེ་ཡང་སྐབས་རེར་རྐྱེན་དབང་གིས་སྐྱིད་སྡུག་ཉམས་མྱོང་འདོད་པའི་བཟའ་ཚང་དང་བུ་ཕྲུག གཉེན་ཉེ་དང་རྒྱུ་ནོར་སོགས་ཡོད་ཚད་བློས་གཏོང་དགོས་པའི་གལ་འགག་ལ་འཕྲད་སྲིད་ནའང་། སྐབས་དེར་རྒྱུ་འབྲས་དང་མི་འཚམས་ཤིང་སྤྱི་ཚོགས་དང་མི་རིགས་ལ་གནོད་པའི་ལས་ཀ་ཞིག་དུས་ནམ་ཡང་བྱེད་མི་ཉན་ལ། ལྷག་པར་དུ་རང་ཉིད་ཀྱི་ཕུགས་བསམ་དང་ཡིད་ཆེས་ནི་གཏན་ནས་འདོར་མི་རུང་ཞེས་བཤད་འདོད་པ་ཡིན། དེ་ཡང་རང་ཉིད་ཀྱི་ཕུགས་བསམ་དང་རེ་བ་ལེགས་འགྲུབ་བྱུང་འདོད་ན། སྙིང་སྟོབས་དང་སྤོབས་པ་གདེང་དུ་བྱས་ཏེ་ངེས་པར་དུ་དཀའ་སྡུག་སྣ་ཚོགས་ཀྱི་སྔུན་ནས་མགོ་བོ་མི་སྒུར་བར། ད། ཡིད་ཆེས་དང་སྤྲོ་སྣང་གི་ཁེངས་བཞིན་དཀའ་ཁག་ལ་གདོང་གཏུགས་བརྒྱབ་སྟེ་མཚམས་མ་བཞག་པར་མདུན་སྐྱོད་བྱེད་དགོས། སྤྱིར་བཏང་། མི་སུ་དང་གང་འདྲ་ཞིག་ཡིན་རུང་ཁ་ཁོག་མཚུངས་ཤིང་ཁ་བཤད་དོན་ལ་གནས་ན་ཁྱོད་ལ་མི་ཀུན་ཀྱིས་ཡིད་ཆེས་དང་གདེང་འཇོག་བྱེད་ངེས་ཡིན། ཁ་ཁོག་མི་མཚུངས་ཤིང་གཡོ་སྒྱུ་དང་ཧམ་སེམས་ཆེ་དྲག་ན་ཁྱོད་ལ་མི་ཀུན་ཀྱིས་མཆིལ་ཞགས་འཕེན་ངེས་རེད། དེར་བརྟེན་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ཚེ་འདི་ཕྱིའི་སྤྲོ་སྐྱིད་ནི་དྲང་བདེན་དང་གནས་ལུགས་ཀྱི་ཁྲོད་ན་ཡོད་པ་ལས་གཡོ་འཕྲུལ་དང་དབང་ཤུགས་ཀྱི་འགྲམ་ན་ནམ་ཡང་མེད། དེ་ཕྱིར་ང་ཚོས་འཚོལ་སྙེགས་ཀྱི་ལམ་ཁ་འཆུག་མི་རུང་ལ་ཡིད་ཆེས་དང་སྙིང་སྟོབས་དེ་བས་ཀྱང་ཞུམ་མི་རུང་ངོ་། །
གཉིས་པ། མཐུན་སྒྲིལ་གྱི་སྐོར་ལ་གཉིས་ལས། 
      དང་པོ། ཆོས་ལུགས་མཐུན་སྒྲིལ་སྐོར། དེ་ཡང་འཛམ་གླིང་གི་ཆོས་ལུགས་ཁག་མི་འདྲ་བ་དག་མཐུན་སྒྲིལ་གྱི་གོང་བུ་གཅིག་སྒྲིལ་བྱ་རྒྱུ་དེ་སོ་སོའི་མི་རིགས་དང་ཆོས་ལུགས་དཔལ་འབྱོར་སོགས་ཡར་རྒྱས་ཀྱི་རྩ་བ་ཡིན་པར་མ་ཟད་སྤྱི་ཚོགས་བརྟན་བརླིང་དང་འཛམ་གླིང་ཞི་བདེ་ཆེན་མོའི་གཞི་རྩའི་རྐང་འཛུགས་ས་གཙོ་བོ་ཡིན་ཞེས་བཤད་ཆོག་ཆོག་རེད། སྤྱིར་བཏང་ཆོས་ལུགས་གང་ཡིན་ཡང་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན་དང་སྤྱི་ཚོགས་ཞབས་འདེགས་ཀྱི་སྐོར་རྐྱང་རྐྱང་བཤད་ཀིན་ཡོད་ལ། ལྷག་ཏུ་རང་དབང་དང་འདྲ་མཉམ་གནས་ལུགས་དང་དྲང་བདེན་གྱི་ལམ་དུ་གོམ་པ་འདོར་དགོས་པའི་སློབ་སྟོན་ཡང་ཡང་གནང་གི་ཡོད་པ་རེད། ཡིན་ནའང་ཡིད་ཕམ་པ་ཞིག་ལ་འཚམས་ལ་རེར་ཆོས་ལུགས་དེ་ཚོ་རྩོད་རྙོག་གི་རྒྱུ་རྐྱེན་དུ་ཆགས་སྐབས་ང་ཚོས་བཤད་སྲོལ་ཞིག་ལ། གློ་བའི་སྨན་དུ་མ་སོང་མཆིན་པའི་དུག་ཏུ་སོང་། ཞེས་པ་ལྟ་བུའི་ཆོས་པར་རློམ་པ་འགས་ཁ་ལ་འཁྱེར་བཞིན་པའི་ཆོས་ལུགས་དང་ནང་བསམ་བློ་ཐ་དད་དུ་སོང་སྟེ། ད་རང་ལྟ་མཁྲེགས་འཛིན་དང་བསམ་བློ་སྒེར་གཅོད་ཀྱི་ཕྱོགས་སུ་ལྷུང་གིན་ཡོད་པ་རེད། མ་ཟད་ཕན་ཚུན་བར་རྩོད་ཉོག་སྣ་ཚོགས་བསླངས་ཏེ་མཐུན་སྒྲིལ་གྱི་གསེར་སྐུད་དུམ་བུར་གཏུབ་ཅིང་། སྐབས་རེར་གྱོད་དོན་དང་དམག་འཁྲུག་སོགས་འོས་མིན་གྱི་བྱ་སྤྱོད་ཅི་རིགས་པ་སློང་བཞིན་ཡོད། དེས་ན་ཆོས་ལུགས་ནང་ཁུལ་གྱི་རྙོག་གྲ་དེ་རིགས་གཙོ་བོ་གང་ལས་བྱུང་བ་རེད་ཟེར་ན། ང་ཚོས་ཁ་དཔེ་ཞིག་ལ། ཆོས་རྭ་མིག་གིས་མ་མཐོང་། ཆོས་སྐད་རྣ་བས་མ་གོ། ཟེར་བ་ལྟར། ཆོས་ཁ་ལ་ཁྱེར་ཡང་ཆོས་ཀྱི་གནས་ཚུལ་ཆ་ཚང་བ་མ་ཤེས་པའམ། གལ་ཏེ་ཅུང་ཙམ་ཤེས་ནའང་ཆོས་དང་གང་ཟག་ཕྱོགས་གཉིས་སུ་སོང་སྟེ། རང་བློ་ཆོས་སུ་མ་འདྲེས་པའི་རྐྱེན་གྱིས་བྱ་སྤྱོད་ངན་དག་འབྱུང་གི་ཡོད་པ་རེད། དཔེར་ན་རང་ཉིད་ནང་བའི་ཆོས་པ་ཞིག་ཡིན་པའི་དབང་དུ་བཏང་ན་རང་ལ་མི་གཞི་དང་ཀུན་སྤྱོད་སོགས་ཡ་རབས་སྤྱོད་བཟང་དུ་མ་ཞིག་འཛོམས་དགོས་ནས་མི་ཚད། ངེས་པར་དུ་མི་རིགས་དང་ཆོས་ལུགས་ཀྱི་ཡང་དག་པའི་དབུ་ཁྲིད་བྱེད་མཁན་ཞིག་ཀྱང་ཡིན་དགོས། ལྷག་ཏུ་དམ་པ་ལྷ་ཆོས་ལ་ཉམས་ལེན་གྱི་མཐིལ་བྱེད་པའི་དགོན་སྡེ་ཁག་གི་མི་སྣ་གཙོ་བོ་རྣམས་ཀྱིས་ནི་བསྟན་པ་དང་སེམས་ཅན་སྤྱིའི་དར་རྒུད་ལ་བསམ་གཞིག་ཞིབ་ཏུ་བཏང་ཞིང་། ཡང་དག་པའི་མཐུན་སྒྲིལ་གྱི་དཔུང་ཤུགས་ལ་བརྟེན་ནས། ད།་་་ཕྱོགས་རིས་དང་འཐེན་ཁྱེར་གྱི་དབང་དུ་མ་ཤོར་བའི་རྒྱལ་བསྟན་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བརྒྱུད་འཛིན་དང་དར་སྤེལ་བྱ་རྒྱུ་ནི་ཆོས་ལུགས་པ་ཞིག་གི་ཕྲག་ཏུ་བབས་པའི་འགན་འཁྲི་གཙོ་བོ་ཞིག་རེད་བསམ་གི་ཡོད། དེ་མིན། ས་ཕྱོགས་དང་ཡུལ་ལུང་འགའ་རེ་ན། ཕྲག་དོག་གི་ཁ་གདང་ཞིང་འགྲན་སེམས་ཀྱི་མིག་བགྲད་པའི་རྒན་རབས་པ་འགའ་ཞིག་གིས་བཞག་པའི་བག་ཆགས་ངན་གོམས་ལ་གྲུབ་མཐའི་ཁ་འཛིན་དུ་རློམ་ནས། ད། ཆགས་སྡང་གི་དུག་རོ་བསླངས་ཏེ་འདི་ཕྱི་གཉིས་ཕུང་དང་རང་གཞན་མི་བདེ་བའི་རྒྱུ་བྱེད་པ་ནི་དྲང་མོོར་བཤད་ན། འཇིག་རྟེན་གྱི་དཔེ་ཞིག་ལ། རང་ཉིད་བརླག་པའི་རྟ་རེ་དང་། རང་མགོ་རྡུང་བའི་ཐོ་བ་ཟེར་བ་ལྟར། བསྟན་བཤིག་དང་བསྟན་པའི་དགྲ་བོ་ཡིན་པ་གོར་མ་ཆགས་སྙམ། དེས་ཆོས་ལུགས་ལ་བསྟེན་ནས་ཆགས་སྡང་གི་ལས་ངན་བསགས་པ་ནི། ང་ཚོའི་ཁ་དཔེ་ལ། རང་གིས་བསམ་ན་ཡིད་སྐྱོ་བ། །གཞན་གྱིས་ཤེས་ན་ཡི་མུག་པ། །ཟེར་བ་ལྟར་ཡིན་པས། དཔྱོད་ཤེས་དག་གིས་གཟུ་བོའི་བློས་དཔྱད་དེ་དྲང་བདེན་གྱི་ལམ་ལ་གོམ་པ་འདོར་བའི་འབོད་སྐུལ་གཏོང་གིན་ཡོད།
      དེས་ན་སངས་རྒྱས་ཀྱི་བསྟན་པ་ཡོངས་རྫོགས་འགལ་མེད་ལམ་དུ་འཁྱེར་ཤེས་པའི་བསམ་བློའི་རྨང་གཞིའི་སྟེང་སོ་སོས་ཕྱོགས་ཞེན་གྱིས་བསླད་པའི་རང་སྐྱོན་ངོས་ཟིན་པའི་ཐོག་ནས་སྐྱོན་ཆ་ཐེར་འདོན་དང་ཡོ་བསྲང་བྱས་ཏེ། དྲང་བདེན་གྱི་ཚད་ཐིག་ནས་ཆོས་ལུགས་དང་གྲུབ་མཐའ་ཕན་ཚུན་བར་གུས་བརྩི་དང་ཚད་མཐོ་བའི་གདེང་འཇོག་བྱེད་པ་ནི་གལ་གནད་ཆེ་ཤོས་ཤིག་རེད་ཅེས་ངས་ནམ་རྒྱུན་བཤད་ཀིན་ཡོད། འདིའི་ཕྱོགས་ལ་རྣམ་པ་ཚོས་ཐུགས་བསམ་ཞིབ་མོ་རེ་གནང་རྒྱུ་ནི། ངས་རེ་བ་དང་གསོལ་འདེབས་བཅས་ཐལ་མོ་སྦྱར་ཏེ་ཞུས་པ་ཡིན།
      གཉིས་པ། སྤྱིར་བཏང་རྒྱལ་ཁབ་ནས་རྒྱལ་ཁབ་བར། མི་རིགས་ནས་མི་རིགས་བར། མི་དང་མིའི་བར་སོགས་གང་ཡིན་ཡང་མཐུན་སྒྲིལ་ནི་རྩ་བ་ཡིན་ཏེ། དེང་སང་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཚོས་མགྲིན་གཅིག་ཏུ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ལ་སྟོབས་ཤུགས་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན། གསུང་གིན་ཡོད་པ་ལྟར་ལ། ང་ཚོ་ལ་མཐུན་སྒྲིལ་དང་སྟོབས་ཤུགས་ཀྱི་མིག་ཟུང་མེད་ན། རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་སྔོན་ཐོན་གྱི་གནམ་འཕང་གཅོོད་པ་ལྟ་ཅི། ཐ་ན་རང་ཉིད་ཀྱིས་རང་ཉིད་བོར་ནས་མགོ་འཐོམ་རང་བཞིན་ཅན་དུ་གྱུར་ཏེ་རང་གི་ཁོར་ཡུག་དང་མཐུན་པའི་ལམ་བུ་ཞིག་ཀྱང་འཚོལ་སྙེག་བྱེད་དཀའ་བར་སེམས། འཇིག་རྟེན་གྱི་ཁ་དཔེར། དབུ་རུལ་བ་ཤང་གིས་མ་ཚོར། ཟེར་བ་ལྟར་ང་ཚོ་ཕྱི་གྲག་གཡེལ་གྱི་རྗེས་སུ་མི་རྒྱུག་པར་ནང་རུལ་སུངས་ལ་མྱུར་སྐྱོབ་དང་ལེགས་བཅོས། ལྷག་དོན་མཐུན་སྒྲིལ་གྱི་ཕྱོགས་ལ་ཤུགས་སྣོན་རྒྱག་པ་ནི་འོས་བབས་ཀྱིས་འགན་འཁྲི་དང་དུས་བབས་ཀྱི་དགོས་མཁོ་ཞིག་ཏུ་སེམས། ང་ཚོ་བོད་མི་རིགས་ལ་མཚོན་ན་ཆོལ་ཁ་གསུམ་དང་ཞིང་ཆེན་རིམ་པ། ཁུལ་དང་རྫོང་རིམ་པ། ཐ་ན་ཡུལ་ལུང་སོ་སོ་དང་ཁྱིམ་མཚེས་ཕན་ཚུན་བར་གྱི་སྤུན་ཟླ་ཚང་མས་མཐུན་སྒྲིལ་གྱི་ལག་རྡང་དམ་དུ་སྦྲེལ་བ་ནི། ད་ལྟ་མང་པོ་ཞིག་གིས་ཁ་གཡང་སྒྲོག་བཞིན་པའི་ཞི་བདེ་དང་འཕེལ་རྒྱས་སོགས་ཡོད་ཚད་ཀྱི་རྩ་བ་རེད་སྙམ་གིན་ཡོད།
གསུམ་པ། སྐད་ཡིག་དང་རིག་གཞུང་དར་སྤེལ་གྱི་སྐོར།
      ས་ལྒང་འདིའི་སྟེང་གི་འཛམ་གླིང་གི་མི་རིགས་སུ་ཡིན་ཡང་སྐད་དང་ཡི་གེ་བརྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་སོ་སོའི་འཕྲག་ཏུ་བབས་པའི་འོས་འགན་ཞིག་དང་མདུན་ན་ལྷགས་པའི་བྱ་བཞག་ཅིག་ཡིན། རྒྱུ་མཚན་མི་རིགས་སུ་དང་གང་ཞིག་ཡིན་ནའང་ས་ལྒང་འདིར་སོ་སོས་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དང་། ཡང་ན་མི་རིགས་དེ་མི་ལོ་སྟོང་ཕྲག་མང་པོར་འཚོ་གནས་བྱེད་ཐུབ་མིན་ནི། མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གི་ཚེ་སྲོག་བརྟན་མིན་ལ་ཧ་ཅང་རག་ལས་པ་ཡིན། དབྱི་སི་མི་རིགས་ཀྱི་གཏམ་རྒྱུད་ལས། སྐད་ཡིག་ཉམས་ན་མི་རིགས་འཆི། ། ཞེས་པ་ལྟར་མི་རིགས་ཤིག་གི་སྐད་ཡིག་ཉམས་ན་མི་རིགས་དེ་འཆི་བའི་ལམ་དུ་དངོས་སུ་ཞུགས་ཟིན་པ་ཡིན་པའི་སྟབས་ཀྱིས། ང་ཚོས་སྐད་ཡིག་དང་རིག་གཞུང་གི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་པའི་ཆེད་དུ། སོ་སོས་ཐབས་ཇུས་ཡོད་དགུ་རྩལ་སྤྲུག་བྱེད་དགོས་པ་མ་གཏོགས་ནམ་ཡང་སྣང་མེད་དུ་འཇོག་ག་ལ་རུང་། གལ་ཏེ་མི་སུ་ཞིག་གིས་རིགས་ལ་ཤ་ཞེན་མེད་ཅིང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་དག་བེད་སྤྱོད་མི་གཏོང་ན་དེ་ལ་མི་རིགས་དེའི་དྲི་ཙམ་ཡང་ག་ན་བྲོ། ཡང་ན་མི་སུ་ཞིག་གིས་རིགས་ཀྱི་ལར་ཞེན་མི་འདོར་ཞིང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་དག་བེད་སྤྱོད་དང་དར་སྤེལ་བྱས་ན་དེ་ནི་མི་རིགས་ཀྱི་དཔའ་བོ་དང་རྐང་འཛིན་པ་ཡིན་ཞེས་བརྗོད་ཆོག་ཆོག་ཡིན། ནུབ་ཕྱོགས་ཀྱི་མཁས་པ་སི་ཏ་ལེན་གྱིས། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན་དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་འགྲོ་སྲིད། ཞེས་བཤད་པ་འདི་གནད་ལ་ཁེལ་བའི་བསྡོམས་ཚིག་ཅིག་ཏུ་སྣང་། དེས་ན་ང་ཚོ་ཚང་མ་བོད་མི་ཞིག་ཡིན་པས་ཆ་ནས་མ་འོངས་པའི་བུ་རབས་ཚ་རྒྱུད་ཀྱི་འཚོ་གནས་ལ། འོད་སྟོང་འབར་བའི་ཆེད་དུ་བསམ་བློ་ཡང་ཡང་གཏོང་བ་དང་། དེ་ལེགས་ཉེས་ཅི་ཞིག་ལ་བརྒྱུར་ད་ལྟའི་མི་རབས་གསར་བ་ཚོའི་ལག་ཏུ་ཡོད་པས། ང་ཚོས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་དག་བརྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་ཐུན་མོང་གི་འོས་འགན་རེད་ལ། གལ་ཏེ་ང་ཚོས་འདི་ལ་དོ་སྣང་མ་བྱས་ན་གཞན་སུ་ཞིག་གིས་དོ་སྣང་བྱེད། དེས་ཕ་སྐད་དར་སྤེལ་གྱི་བྱ་བཞག་འདི་ནི་མ་བསྐུལ་དང་བླངས་ཀྱི་སྒོ་ནས་སོ་སོའི་དུས་བབས་ཀྱི་འགན་འཁྲི་ཡིན་པ་ནམ་ཡང་བརྗེད་མི་རུང་སྙམ།
བཞི་པ། ཡུལ་སྲོལ་གོམས་གཤིས་བརྒྱུད་འཛིན་གྱི་སྐོར།
      དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་དང་དྲུག་ཅུ་ཡས་མས་ནས་བཟུང་ནུབ་ཕྱོགས་ཡོ་རབས་གླིང་གི་རིག་གནས་བཙན་རྒྱལ་རང་ལུགས་ཀྱི་ཆུ་ཀླུང་དྲག་པོ་ས་ཆེན་པོའི་ཁོར་ཡུག་ཀུན་ཏུ་སིམ་འཛུལ་དང་བཙན་ཤུགས་ཀྱིས་བཞུར་ཏེ། རིགས་སོ་སོའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མི་ཉུང་བ་ཞིག་ཁྱུར་མིད་དུ་བཏང་དང་གཏོང་བཞིན་པ་ནི་མི་རིགས་ཤིག་ལ་མཚོན་ན་དེ་ནི་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཞིག་ཏུ་སྣང་། རྒྱུ་མཚན་དགུ་ཚིགས་ཆེན་པོའི་ཁྱིམ་རྒྱུད་ཀྱི་ནང་ཚན་ཉི་མའི་ཁྱིམ་རྒྱུད་ཀྱི་ཁོར་ཡུག་ཅིག་ན། རྟེན་གཞི་མེད་པའི་སྔོ་སང་སང་གི་ནམ་མཁར། རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ལས་གྲུབ་པའི་གཟའ་སྐར་དུ་མའི་དབུས་ན། འགུལ་སྐྱོད་བྱེད་བཞིན་པའི་ཟླུམ་གཟུགས་སའི་གོ་ལ་ཟེར་བ་འདི་ཆགས་ནས་ད་ལྟའི་བར་མི་ལོ་དུང་ཕྱུར་མང་པོ་ཞིག་འདས་སོང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་སྤྲའུ་མིར་གྱུར་བའི་གོ་རིམ་ཁྲོད་གདོད་མའི་དུས་རབས་དང་རྡོ་ཆས་གསར་རྙིང་གི་དུས་རབས་སོགས་སུ། རིམ་གྱིས་འཛམ་གླིང་ཤར་ནུབ་དང་ལྷོ་བྱང་དག་ཏུ་འཁོད་པའི་མི་རྣམས་ཀྱི་ནང་བསམ་བློ་དང་སྤྱིའི་ཀུན་སྤྱོད་སྣ་མང་དག རིགས་མི་འདྲ་བ་དབྱར་དུས་ཀྱི་སྤང་ལ་མེ་ཏོག་བཞད་པ་ལྟར་སྣ་ཚོགས་སུ་གྱུར་ཏེ། སོ་སོའི་རིགས་ཀྱི་མྱུ་གུ་དག་འཕེལ་རྒྱས་ཀྱི་ལམ་ཆེན་དུ་ཕྱོགས་ཏེ་སྐྱེད་བསྲིངས་བྱས་པར་མ་ཟེར། ད་ཆ་ཕུན་སུམ་ཚོགས་པའི་ངང་ནས་འཛམ་གླིང་གི་རྒྱལ་ཁབ་རེ་རེ་བཞིན་མི་རིགས་དུ་མ་ལས་གྲུབ་པའི་ཁོར་ཡུག་ཅིག་ངོས་གཙང་ཞིག་ཏུ་ཆགས་ཡོད། དེ་ལྟ་ནའང་མི་རིགས་སོ་སོས་གོམ་གང་མདུན་སྤོས་ཀྱི་ཚུལ་དུ། སོ་སོའི་ཡུལ་སྲོལ་གོམས་གཤིས་དང་ཡ་རབས་སྤྱོད་བཟང་དག་བརྒྱུད་འཛིན་དང་དར་སྤེལ་མ་བྱས་ན། ནམ་ཞིག་ཤིན་ཏུ་ཉེན་ཁ་ཆེན་པོའི་གཡང་སར་ལྷུང་མི་སྲིད་པ་ཞིག་གཏན་ནསམིན། ཁྱད་པར་ང་ཚོ་བོད་མི་རིགས་ལ་མཚོན་ན་ཁར་སང་དེ་རིང་མུན་པ་མུན་ནག་གིས་གཏིབས་པའི་ཁོར་ཡུག་ཅིག་ན་གར་འགྲོ་ཆ་མེད་པར་མགོ་བོ་འཁོར་གིན་ཡོད་པ་ལྟར་མི་ཕལ་མོ་ཞིག་གིས་རང་ཉིད་ཀྱི་ཁ་ཕྱོགས་དང་ལམ་ཕྱོགས་གང་ཡིན་ཙམ་ཡང་ངོས་ཟིན་ཐུབ་གིན་མེད། གནས་བབས་འདི་འདྲའི་སྐབས་སུ་ང་ཚོས་ཕ་མེས་ཀྱི་ཤུལ་བཞག་ཡིད་བཞིན་གྱི་ནོར་བུ་ལྟ་བུའི། ཡུལ་སྲོལ་གོམས་གཤིས་སོགས་ཡ་རབས་སྤྱོད་བཟང་དག་བརྒྱུད་འཛིན་དང་དར་སྤེལ་ལེགས་པོ་བྱ་རྒྱུ་ནི་མ་བསྐུལ་དང་བླངས་ཀྱི་འོས་འགན་ཞིག་ཏུ་སྣང་། དཔེར་ན། རོང་བ་ཚོས་ས་ཞིང་རྨོ་འདེབས་དང་མཁར་ལས་བཟོ་སྐྲུན་ལྟ་བུ། འབྲོག་པ་ཚོས་སྒོ་ཕྱུགས་འཚོ་སྐྱོང་དང་སྦྲ་གུར་ཕིབ་པ་སོགས་ནས་རང་རང་གི་གོས་རྒྱན་དང་འཚོ་བ་རོལ་སྟངས་སོགས་ཐུན་མིན་གྱི་ཁྱད་ཆོས་རེ་རེ་ཡོད་པ་ལྟ་བུའི་རོང་འབྲོག་གི་གནའ་བོའི་གོམས་གཤིས་དང་སྲོལ་རྒྱུན་བཟང་པོ་དག་མི་ཉམས་པར་དར་སྤེལ་བྱེད་པ་དང་། ཡང་རྐུ་འཕྲོག་བཅོམ་གསུམ་དང་བཤུ་གཞོག་གཉའ་གནོན་དབང་ཤུགས་སྒེར་སྡོམ་སོགས་སྤྱི་ཚོགས་དང་མི་རིགས་ལ་གནོད་པའི་མ་རབས་ཀྱི་སྤྱོད་ངན་པ་དག་ཐེར་འདོན་དང་མཚམས་འཇོག་བྱེད་དགོས། མདོར་ན་རང་ཉིད་གནས་ལུགས་དང་དྲང་བདེན་གྱི་ཚད་ཐིགས་ནས་འགྲེང་སྟེ་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་གང་ལའང་སྙིགས་དོར་བཅུད་ལེན་གྱི་བློ་མིག་ཡོད་དགོས་པ་ནི་རང་ཉིད་མི་རུ་སྐྱེས་པའི་ཉིང་དགོས་དང་བདེན་དོན་ལ་དགའ་བའི་མཚོན་རྟགས་ངོ་མ་ཡིན། དེ་ལུགས་རྣམ་པ་ཚོའི་ཐུགས་ལ་འདོགས་པར་ཞུ།
ལྔ་པ། དཀར་ཟས་ཀྱི་སྐོར།
      སྤྱིར་དཀར་ཟས་ནི་ལུས་ཁམས་བདེ་ཐང་དང་འཕྲོད་བསྟེན་གྱི་ཁ་ཟས་གཙང་མ་ཡིན་པར་མ་ཟད། ཞི་བདེ་དང་འབྲེལ་བའི་འཚོ་བཅུད་ངོ་མ་ཞིག་ཀྱང་རེད་ལ། དམར་ཟས་ནི་ནད་རིགས་ཀྱི་འབྱུང་ཁུངས་དང་མི་གཙང་བའི་ཁ་ཟས་ཡིན་པར་མ་ཟད། གདུག་རྩུབ་ཀྱི་བྱ་སྤྱོད་དང་འབྲེལ་བའི་ཡ་ང་བའི་ཁ་ཟས་ཤིག་ཀྱང་རེད། རྒྱུ་མཚན་དམར་ཟས་ནི་ཕལ་ཆེར་གཞན་གྱི་ཚེ་སྲོག་མ་བཅད་པར་ཐད་ཀར་འཚོལ་སྡུད་བྱེད་རྒྱུ་མེད་ལ། རང་ཉིད་ཀྱི་མི་ཚེ་འདི་ཙམ་གྱི་འཚོ་གནས་དང་ལྟོ་འགྲེང་བ་དང་བྲོ་བ་ཞིམ་པོ་ཙམ་འཐོབ་པའི་ཆེད་དུ། གཞན་གྱི་ཚེ་སྲོག་ལ་ཚད་ལས་བརྒལ་བའི་གཉའ་གནོན་བྱེད་པ་ནི་འདྲ་མཉམ་དང་དྲང་བདེན་སོགས་ཀྱི་གནས་ལུགས་ལ་ཁ་ཡ་ཙམ་ཡང་མི་བྱེད་པའི་བསམ་སྤྱོད་ངོ་མ་དང་རང་ཉིད་ཁོ་ན་མ་གཏོགས་ཅི་ཡང་མི་སེམས་པའི་སྒེར་གཅོད་ཀྱི་བསམ་བློ་འཇིགས་སུ་རུང་བ་ཞིག་ཀྱང་རེད། དེར་བསྟེན་ང་ཚོ་ཇི་སྲིད་ཚེ་ཡི་འཕེན་པ་མ་རྫོགས་བར་ས་ལྒང་འདི་ནས་འཚོ་བ་སྐྱེལ་དགོས་པ་ནི་དངོས་ཡོད་གནས་ཚུལ་ཞིག་ཡིན་ནའང་། རང་གི་ཁ་ཟས་ཀྱི་ཆེད་དུ་གཞན་གྱི་ཚེ་སྲོག་ལ་ཧམ་ཟས་བྱེད་པ་ལྟ་བུས་འཚོ་གནས་ཐ་ཆད་པ་དག་ལ་ཚོད་འཛིན་དང་ནམ་ཡང་དེ་དག་ལ་བག་ཟོན་ནན་མོ་བྱས་ན་རེད། དཔེར་ན། ང་ཚོ་མི་སུ་ཡིན་ཡང་གཞན་གྱིས་དངོས་སུ་བསད་དེ་ཁ་ཟས་བྱེད་པ་ལྟ་ཅི་ཐ་ན་ཚིག་མཚོན་འདེབས་པ་སོགས་སྐྱོན་བརྗོད་ཙམ་ལའང་བཟོད་བསྲན་བྱེད་མི་ཐུབ་པར་ལན་གྱིས་སྦྱོར་བ་རྩོམ་གིན་ཡོད་པ་མངོན་གསལ་རེད། འདི་ནི་དྲང་མོར་བཤད་ན་སྨྲ་ཤེས་དོན་གོ་མི་ནས་བཟུང་སྟེ་སྲོག་ཆགས་གྲོག་མ་ཡན་ཆད་རང་དབང་དང་བདེ་སྐྱིད་ལ་དགའ་བ་ནི་རང་ཉིད་ལ་གཅེས་འཛིན་དང་བདེ་སྡུག་གི་ཚོར་བ་ཡོད་པས་གནད་ཀྱིས་རེད་ལ། དེས་ན་ང་ཚོས་རྒྱུན་པར་རང་ཉིད་ལ་མཚོན་དཔེར་བྱས་ནས་གཅེས་སྲོག་གི་གསོན་ཤུགས་རྒྱས་པའི་སྲོག་ལྡན་གཞན་ལ་གནོད་འཚེའི་བསམ་སྦྱོར་སྤངས་པ་ནི་འགྲོ་བ་སེམས་ཅན་ཡོངས་ཀྱི་ཚེ་འདི་ཕྱིའི་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་སྔོན་འགོག་བྱེད་པའི་ཐབས་ལམ་ཞིག་ཏུ་སྣང་། གལ་ཏེ་མི་སུ་ཞིག་གིས་འགྲོ་བ་གཞན་གྱི་བདེ་སྡུག་ལ་དོ་སྣང་མ་བྱས་ན་དེ་ནི་འཛམ་གླིང་མཁས་པའི་དབང་པོར་གྲགས་ཀྱང་ཤ་ཟན་སྲོག་ཆགས་ཤིག་གི་ར་བ་ལས་མ་འདས་སྙམ།
      ཡང་དེང་སྐབས་མཁས་པར་རློམ་པ་འགས་ཤ་དང་སྔོ་ཚལ་ཟ་བ་གཉིས་མགོ་མཚུངས་ཀྱི་རིགས་ལམ་སྦྱར་ཏེ་ཤ་ཟ་ཁྲག་འཐུང་གི་སྐུལ་མ་གཏོང་བ་ནི་སེམས་ཅན་གྱི་ཚེ་སྲོག་གི་སྟེང་དུ་བསམ་བཞིན་གསོད་བྱེད་ཀྱི་རལ་གྲི་རྣོ་ངར་འཛོམ་པ་ཞིག་མཁོ་སྤྲོད་བྱས་པ་དང་ཁྱད་པར་མེད་ལ། ཕྱོགས་གཞན་ནས་བཤད་ན་བདག་ཅག་གི་སྟོན་པའི་བྱམས་བརྩེའི་ཁོར་ཡུག་ལས་འཁྲུངས་པའི་འཚེ་མེད་ཞི་བའི་རང་ལམ་ལ་ངོ་ཚ་མེད་པར་གྱ་ཚོམ་དུ་བརྒལ་བའི་དན་རྟགས་ཤིག་ཀྱང་ཅི་ལ་མིན། དེས་ན་འདི་ནི་ང་ཚོའི་ཧ་གོ་དགོས་པའི་གནད་འགག་ཅིག་རེད། མདོར་ན། ང་ཚོས་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་དྲང་བདེན་དང་གནས་ལུགས་ལ་ཡིད་སྟོན་བྱེད་མཁན་ཞིག་ཡིན་ན་དཀར་ཟས་ནི་འགྲོ་བ་མིའི་རིགས་ལ་ཕན་པ་སྟེར་བའི་སྨན་མཆོག་དང་དམར་ཟས་ནི་ཚེ་འདི་ཕྱི་གཉིས་ཕུང་གི་འགད་རྫས་མ་རུང་བ་ཞིག་ཡིན་པ་གསལ་བོར་ཤེས་དགོས། ཨའེ་དབྱིན་སི་ཐན་གྱིས། དཀར་ཟས་པའི་ཁ་ཟས་ཀྱིས་ང་ཚོའི་རང་གཤིས་ལ་བག་ཆགས་ཆེན་པོ་ཞིག་འཇོག་བཞིན་ཡོད། གལ་ཏེ་འཛམ་གླིང་ཁྱོན་ཡོངས་འདི་ལྟ་བུར་དཀར་ཟས་རིང་ལུགས་ལ་བསྒྱུར་རྒྱུ་བྱུང་ན་དེས་མིའི་རིགས་ཀྱི་ལས་དབང་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཐུབ། ཞེས་གསུངས་པ་ལྟར་བསམ་གཞིག་ཞིབ་ཏུ་བཏང་སྟེ་ང་ཚོའི་བསམ་བློ་མ་རུང་བ་དག་ལ་སྟངས་འཛིན་བྱས་ཤིང་ཁ་ལོ་བརྒྱུར་ཐུབ་ན་ད་གཟོད་བླང་དོར་གྱི་གནས་ལ་ཚུལ་བཞིན་དུ་འཇུག་སྲིད་པ་ནི་རྒྱུ་འབྲས་ཆོས་ཉིད་ཀྱི་འགྲོ་ལྡོག་ཅིག་ཏུ་འཁུམས་སོ།།
དྲུག་པ། སྲོག་བླུའི་སྐོར།
      ཐོག་མར་སྲོག་བླུ་ཇི་ལྟར་བྱེད་པ་དང་རྒྱུ་མཚན་ཅི་ཞིག་ལ་སྲོག་བླུ་བྱེད་དགོས་སྙམ་ན། དང་པོ། རང་ཉིད་ཀྱིས་ཕངས་སེམས་མེད་པའི་སྟེང་ནས་ཤོག་དངུལ་སོགས་དངོས་རྫས་ཀྱི་འགྲོ་གྲོན་བཏང་སྟེ་འཆི་ངེས་ཀྱི་སེམས་ཅན་གསོད་གཅོད་ཀྱི་བཤས་རར་ཚུད་པ་དག་གི་ཚེ་སྲོག་བླུ་བར་བྱེད་པ་དེ་ཡིན། གཉིས་པ། འཇིག་རྟེན་འདིར་འགྲོ་བ་མི་ནས་བཟུང་སྲོག་ཆགས་གྲོག་མ་ལ་སོགས་སེམས་ཅན་སུ་དང་གང་ཅི་འདྲ་བ་ཞིག་ཡིན་རུང་རང་སྲོག་ལ་གཅེས་སྤྲས་མི་བྱེད་མཁན་གཅིག་ཀྱང་མེད། དེའི་རྒྱུ་མཚན་སྲོག་ཆགས་དབུགས་ལ་བརྟེན་པའི་སེམས་ཅན་སུ་ཡིན་ཡང་ལྷན་སྐྱེས་རང་བཞིན་ཅན་གྱིས་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་སྟེ་བདེ་སྡུག་གི་ཚོར་བའང་གཅིག་མཚུངས་སུ་ཡོད་པས་རེད། མ་ཟད་སུ་ལའང་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་དང་སྡུག་བསྔལ་འདོར་རྒྱུའི་ཐོབ་ཐང་ཡང་འདྲ་མཉམ་དུ་ཡོད་པ་ཡིན། འོན་ཀྱང་དེང་སྐབས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དག་གི་གྲོང་ཁྱེར་དང་ཡུལ་གྲུ་སོ་སོ་ན་མི་མང་པོ་ཞིག་གིས་སེམས་སུ་ནང་ཆོས་ལས་གསུངས་པའི་ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཡང་དག་པའི་ལྟ་བ་མེད་ཅིང་། བྱམས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་དག་ཅི་ཡང་མི་ཤེས་པའི་དབང་གིས་ནམ་ཡང་ལྟོ་གོས་དང་རྒྱུ་རྫས་བསགས་སྲུང་གི་ཆེད་དུ་སེམས་ཅན་མང་པོའི་གཅེས་སྲོག་བཅད་ཅིང་ཡ་ང་བའི་གནོད་པ་བྱེད་ཀིན་ཡོད། མ་ཟད་ཆོས་ལྡན་བོད་ཀྱི་ཞིང་ཁམས་སུ་གྲགས་པའི་རང་རེའི་ས་ཆ་འདི་ན་འབྲོག་པ་མང་ཚོགས་ཚོས་རྟ་ནོར་སོགས་སྒོ་ཕྱུགས་དག་ཅི་མི་སྙམ་པར་རང་གིས་གསོད་པ་དང་གཞན་ལ་བཙོང་སྟེ་བཤས་རར་ཕབ་བཞིན་ཡོད། འདི་ནི་དངོས་གནས་དྲང་མོར་བཤད་ན་སྒེར་གཅོད་དང་བཙན་དབང་གི་སྒོ་ནས་ཧམ་སེམས་ཆེན་པོས་སེམས་ཅན་དེ་དག་གི་རང་དབང་དང་དྲང་བདེན་འདྲ་མཉམ་སོགས་ལ་རྡོག་བརྫིས་བྱེད་པའི་བྱ་སྤྱོད་མ་རུང་པ་ཞིག་ཡིན་པ་ང་ཚོས་ངོས་ཟིན་གསལ་བོ་ཐོབ་དགོས། རྒྱུ་མཚན་ང་ཚོས་རང་རང་སོ་སོའི་རང་ལུས་ལ་དཔེ་ལོངས་དང་རང་ཉིད་ཀྱི་ལུས་རྟེན་འདི་ཅི་འདྲའི་གཅེས་ཤིང་ཕངས་པ་ལ་ཨང་། དཔེར་ན། གཞན་གྱིས་རང་ཉིད་གསོད་པ་ལྟ་ཅི་ཐ་ན་ཚིག་ངན་དང་རྡུང་རྡེག་ཅུང་ཙམ་ལའང་བཟོད་བསྲན་བྱེད་ཐུབ་ཀིན་མེད། དཔེར་ན། ང་ཚོ་གནམ་འོག་འདིར་ཉིན་ཞིག་བསམ་ཡུལ་ལས་འདས་པའི་ཆག་སྒོ་སྟེ་ཚེ་སྲོག་འཆོར་བའི་ཉེན་ཁ་ཞིག་དང་འཕྲད་པའི་དབང་དུ་བཏང་ན། སྐབས་དེར་རང་ཉིད་ཀྱི་ཚེ་སྲོག་འགེབ་སྲུང་བྱེད་པའི་ཆེད་དུ་བཟའ་ཚང་དང་རྒྱུ་ནོར་གོ་གནས་དང་ངོ་ཚ་སོགས་ཡོད་ཚད་བློས་གཏོང་སྲིད་ལ། དེ་ནི་མཐར་གཏུགས་ནས་བཤད་ན་སོ་སོའི་ཚེ་སྲོག་ལ་བདེ་སྡུག་གི་ཚོར་བ་ཡོད་པས་གནད་འདི་ཁོ་ན་ལ་ཐུག་པ་མ་ཡིན་ནམ། དེས་ན་སེམས་ཅན་སུ་ལའང་འཇིག་རྟེན་འདིར་རང་སྲོག་ལས་གཅེས་པ་མེད་པས་ང་ཚོ་ཆོས་ལ་དད་མོས་ཡོད་པ་དང་མེད་པ་སུ་ཡིན་ཡང་ད་ནས་བཟུང་གཞན་གྱི་ཚེ་སྲོག་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་པ་ནི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ཅིག་དང་ཆ་མཐུན་དང་འདྲ་མཉམ་གྱི་ལྟ་བ་རྣམ་དག་ཡིན་པ་ཧ་གོ་དགོས་ཏེ། མདོ་ལས། རང་གི་ལུས་ལ་དཔེ་ལོངས་ལ། ། གཞན་ལ་གནོད་པ་མ་བྱེད་ཅིག། ཅེེས་གསུངས་པ་ལྟར་རོ། ། དཔེར་ན། ང་ཚོས་དམངས་ཁྲོད་བསམ་བློ་བ་འགའ་ཞིག་གིས་ད་ལོ་གསར་འཛུགས་བྱས་པའི་ཉམ་ཆུང་སྲུང་སྐྱོབ་སྲོག་བླུ་ཚོགས་པའི་དགེ་ལས་འདིའི་ཁ་གཏད་ས་དེ། ཉམ་ཐག་པའི་སེམས་ཅན་གཞན་གྱི་ཚེ་སྲོག་བསྐྱབ་རྒྱུ་ཁོ་ན་ཡིན་པ་མ་གཏོགས་མཐོན་པོའི་ངོ་དང་ཕྱུག་པོའི་རྒྱུ་ཉེ་དགའ་ཕྱོགས་ལྷུང་སོགས་མི་སྒེར་གྱི་ཁེ་ཕན་དག་དང་ལེན་དང་གཙོ་གཉེར་ནམ་ཡང་བྱེད་ཀིན་མེད། འོ་ན་ཚེ་ཐར་དང་སྲོག་བླུ་བྱས་ན་ང་ཚོར་ཕན་ཡོན་དང་བསོད་ནམས་ཅི་ཞིག་ཡོད་སྙམ་ན། སྤྱིར་བཏང་སངས་རྒྱས་ཀྱི་བསྟན་པ་གནས་པའི་དགོས་མཁོ་ནི་སེམས་ཅན་ལ་འཚེ་བ་སྤངས་ཏེ་གཞན་ལ་ཕན་འདོགས་ཅི་ནུས་བྱེད་རྒྱུ་ཡིན་པ་དེ་རིང་ངས་གསལ་བཤད་ག་ན་དགོས་ཚང་མ་ཧ་གོ་ས་རེད།  ཞི་བ་ལས། །སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད། །ཅེས་གསུངས་སོ། །
      དེས་ན་ང་ཚོས་དཀའ་ཚེགས་དང་དཔལ་འབྱོར་གྱི་འགྲོ་གྲོན་འབོར་ཆེན་བཏང་ནས་ནོར་ལུག་སོགས་ཉམ་ཆུང་དུད་འགྲོའི་ཚེ་སྲོག་སྐྱོབ་པའི་སྲོག་བླུ་བྱེད་པ་ནི་བསྟན་པའི་ཡང་སྙིང་དང་དགོས་མཁོ་དགེ་བ་བཅུའི་ནང་ནས་ཆེས་གལ་ཆེ་ཤོས་ཤིག་ཏུ་སྣང་སྟེ། མདོ་ལས། སྲོག་གཅོད་གོང་ན་སྡིག་གཞན་མེད། ། ཅེས་མི་དགེ་བཅུའི་ནང་ན་སྲོག་བཅད་པ་ལས་སྡིག་པ་ཆེས་ལྕི་བ་མེད་གསུངས་པ་ལྟར། ང་ཚོས་སྲོག་བླུ་བྱེད་པའང་དེའི་ལྡོག་ཕྱོགས་ཀྱི་དགེ་བ་བཅུའི་ནང་ན་སྲོག་བསྐྱབས་པ་ལས་དགེ་བ་ཆེན་པོ་མེད་པ་རྟོགས་ཐུབ་ལ། མདོ་ལས། མཐོ་རིས་སུ་སྐྱེ་བའི་མཆོག་ནི་འདི་ལྟ་སྟེ་སྲོག་སྦྱིན་པའི་ཚུལ་ཁྲིམས་སོ། ཞེས་གསུངས་པ་ལྟར་རོ། ། འོན་ཀྱང་ང་ཚོའི་སྲོག་བླུ་བྱས་པའི་དགེ་རྩ་དེ་སངས་རྒྱས་འཐོབ་བྱེད་དམ་ཐེག་པ་ཆེན་པོའི་ལམ་དུ་འགྲོ་མི་འགྲོ་དེ། ཐོག་མར་རང་གི་སྲོག་བླུ་བྱེད་འདོད་ཀྱི་བསམ་བློའི་ལངས་ཕྱོགས་དེ་རང་དོན་ནམ་གཞན་དོན་གང་ཡིན་ལ་རག་ལས་པ་ཡིན། དེར་བརྟེན་ང་ཚོའི་སེམས་ལ་བརྟག་ཞིབ་བྱེད་པ་ནི་དོན་ཤིན་ཏུ་ཆེ། གལ་ཏེ་སུ་ཞིག་གིས་མི་ཚེ་འདིར་ཚེ་རིང་བ་དང་ནད་མེད་པ། རྐྱེན་ངན་སེལ་བ་དང་བསམ་དོན་འགྲུབ་པ། ཐོབ་དང་གོ་གནས་འཕར་བ་སོགས་འཇིག་རྟེན་ཚེ་འདིའི་བདེ་སྐྱིད་རྐྱང་བ་ཙམ་དམིགས་འབེན་དུ་བཟུང་ཡོད་པའམ་ཡང་ན་སྐྱེ་བ་ཕྱི་མར་ངན་སོང་དུ་མི་ལྟུང་ཞིང་མཐོ་རིས་ལྷ་མིའི་བདེ་འབྲས་ཕུགས་འདུན་དུ་བཟུང་ཡོད་ན་རེ་འབྲས་དེ་དག་ལག་ཏུ་འཐོབ་པའམ་མངོན་དུ་འགྱུར་སྲིད་མོད། དེ་འདྲའི་ཀུན་སློང་དེ་འཇིག་རྟེན་གྱི་བསམ་པ་དང་སྐྱེས་བུ་ཆུང་ངུའི་བསམ་བློ་ཡིན་པས་བསོད་ནམས་དང་འབྲས་བུའང་རྒྱ་ཆུང་ངུ་ཙམ་ལས་མེད་པ་ཡིན། དེ་ལས་གཞན་དུ་སོ་སོས་སྲོག་བླུ་བྱེད་པ་དེ་འཁོར་ཚེ་ཐོག་མེད་ནས་ཕ་མ་བྱེད་མྱོང་མཁན་གྱི་མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་བདེ་དོན་གཙིགས་སུ་བཟུང་སྟེ། དེ་དག་གནས་སྐབས་ཚེ་རིང་ནད་མེད་བདེ་སྐྱིད་ཀྱི་ངང་དུ་འཚོ་ཞིང་སྐྱེ་བ་ཕྱི་མར་བདེ་བ་ཅན་དུ་སྐྱེས་ཏེ་རིམ་གྱིས་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ནས་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་འཆི་ངེས་ཀྱི་སེམས་ཅན་གང་རུང་གི་ཚེ་སྲོག་སྐྱོབ་པར་བྱའོ་སྙམ་དུ་སེམས་ན་དེ་ནི་འཇིག་རྟེན་ལས་འདས་པའི་བསམ་པ་དང་ཐེག་ཆེན་གྱི་བསམ་བློ་ཕུལ་དུ་བྱུང་བ་ཡིན་པས་བསོད་ནམས་དང་རྣམ་སྨིན་རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་པ་འཐོབ་པ་ཡིན་ཏེ། རིག་འཛིན་འཇིགས་མེད་གླིང་བས། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། ། དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། གསུངས་པ་ལྟར་རོ། ། དེས་ན་སྲོག་བླུ་བྱེད་པའི་ཐོག་མར་སོ་སོའི་ནང་རང་སེམས་ལ་བརྟག་དཔྱད་དང་བསྒྱུར་བཅོས་ལེགས་པོ་བཏང་སྟེ། བྱམས་བརྩེ་རྨང་གཞིར་བཏང་བའི་བསམ་པ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པར་བྱ་ཞིང་ཐུགས་བསྐྱེད་དང་བསྔོ་སྨོན་གྱིས་རྒྱས་གདབ་གིན་སྲོག་བླུ་དང་ཚེ་ཐར་བྱས་ན་སོ་སོའི་མི་ལུས་དོན་ལྡན་དང་འདི་ཕྱི་གཉིས་སྐྱིད་ཀྱི་ཐར་བའི་ལམ་ཆེན་དུ་ཞུགས་པ་ཡིན་པས་དགེ་བ་བཅུའི་ནང་ནས་ཆེས་ཕན་ཡོན་ཆེ་བ་དང་ཧ་ཅང་གལ་ཆེན་པོར་ཆགས་ཡོད་པས་ཕྱོགས་སུ་མ་ལྷུང་བའི་སྐྱེས་བུ་ལྷག་བསམ་ཅན་རྣམས་ཀྱིས་དགེ་ལས་འདི་འདྲའི་རིགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་འཚམ་གནང་བར་ང་ཚོས་འབོད་སྐུལ་དང་རེ་བ་འདོན་གིན་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།