སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་ཉེར་བདུན་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-11-11 09:15:37 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ང་གསུམ་པ།
 
       ང་དང་སྒྲོལ་མས་བཟའ་ཐོར་གྱི་འགྲོ་རིམ་བསྒྲུབས་ཡོད་ཀྱང་། འཚོ་བ་སྔར་བཞིན་མཉམ་དུ་སྐྱེལ་བཞིན་ཡོད། བཟའ་ཐོར་གྱི་དོན་དེ་ཡང་ཁྱབ་ཁོངས་ཆུང་ཆུང་ཞིག་གི་མི་ཚོས་ཤེས་ཀྱི་ཡོད། མི་དེ་ཚོའི་ཁྲོད་དུ། མི་ཁ་ཤས་ཀྱིས་ང་ཚོ་དངོས་གནས་བཟའ་ཚང་ཐོར་སོང་སྙམ་གྱི་ཡོད་ལ། ཁ་ཤས་ཀྱིས་དམིགས་བྱ་གཞན་ཞིག་མཐོང་སྟེ་སྣང་དོགས་ཆེར་བྱེད་ཀྱིན་མེད། ང་ཚོས་སྒྲོལ་མའི་མིང་ཐོག་ནས་ཁང་པ་གསོག་ཉོ་བྱས་མོད། འོན་ཀྱང་ཞིབ་རྩིས་བརྒྱབ་པ་མ་འདང་བས། ཁོ་མོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་བླངས་ནས་བསྡུར་ཚད་ཆེས་ཆུང་བའི་སྒོ་ནས་ཐོག་མའི་མ་དངུལ་སྤྲད་པ་ལས། ངའི་སྤྱི་གསོག་མ་དངུལ་ལེན་མ་ཐུབ། རྒྱུ་མཚན་ནི་ཁང་པ་ངའི་མིང་འོག་ཏུ་མེད་པ་མ་ཟད། སྒྲོལ་མ་དང་ཡང་འབྲེལ་བ་ཆད་ཡོད་པས་རེད། ཡིན་ནའང་ད་ལྟ་ཐབས་ཤེས་གཞན་མེད་པས། བསྐྱིས་དངུལ་ལྷག་མ་རྣམས་ཁོ་མོའི་གླ་ཕོགས་ནས་ཟླ་རེར་ཕྲི་འཐེན་བྱ་རྒྱུ་བྱས་ལ། ཁང་པའང་སོ་མ་དངུལ་བསྡུ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། མི་ཁ་ཤས་ཀྱིས་ང་ལ་ཁྱེད་གཉིས་བཟའ་ཐོར་བྱས་པ་ཡིན་ན་ཅིའི་ཕྱིར་ད་དུང་ཁྱིམ་གཅིག་ཏུ་སྡོད་ཀྱི་ཡོད་པ་ཡིན་ནམ་ཞེས་འདྲི། ངས། སྒྲོལ་མ་ལ་ད་ལྟ་ད་དུང་ཁུལ་དུ་ཁང་པ་མེད་པ་མ་ཡིན་ནམ། ཁོང་གི་ཁང་པ་འགྲུབ་མ་ཐག་ལམ་སང་སྤོས་འགྲོ་ངེས་རེད་ཅེས་ལན་བཏབ་པ་ཡིན།
       ང་དང་སྒྲོལ་མ་གཉིས་ཀྱི་སེམས་སུ་ཤིན་ཏུ་གསལ་ཏེ། བཟའ་ཐོར་བྱུང་བ་དེ་བདེན་རྫུན་གང་ཡིན་རུང་། རྩ་བ་ནས་གསང་ཟེར་ན་གསང་ཁ་དཀའ་མོད། ཡིན་ནའང་མི་འདི་དག་ལ་ཁ་དམ་པོར་སྲུང་དགོས། ངེད་གཉིས་ཀྱི་གཉེན་ཉེ་ཡོས་ལན་མ་སྨད་གཉིས་སམ་ཀྲུའུ་ཕིན་གང་ཡིན་རུང་། གལ་ཏེ་ཁོ་ཚོས་གནས་ཚུལ་དེ་ཤེས་ནས་རྒྱུ་མཚན་དྲིས་ཚེ་མཐའ་གཅིག་ཏུ་ཁས་ལེན་མི་དགོས། ལྷག་པར་དུ་ངའི་ཨ་ཕ་ནི་དགུང་ལོ་བརྒྱད་ཅུར་སླེབས་ལ་ཉེ་བའི་བགྲེས་པོ་ཞིག་ཡིན་པས། བུ་ཕྲུག་གི་གཉེན་ཐོར་བའི་ཟུག་གཟེར་དེ་བཟོད་མི་ཐུབ། ཁོང་གིས་ང་ཚོའི་འཚོ་བའི་ཁྲོད་དུ་རྩོད་དོན་འདྲ་མིན་སྣ་ཚོགས་བྱུང་མྱོང་བ་ཤེས་པའི་རྐྱེན་གྱིས། གལ་ཏེ་ཁོང་གིས་ང་ཚོའི་བཟའ་ཚང་ཁ་བྲལ་རྒྱུའི་སྐོར་གྱི་གཏམ་འཆལ་ཐོས་ཚེ། ང་ཚོས་འགྲེལ་བཤད་གང་ཟབ་བརྒྱབ་ཀྱང་ཁོང་གི་དོགས་པ་སེལ་དཀའ། ང་ཚོས་ཁོང་གི་བཟའ་ཚང་ཁ་བྲལ་རྒྱུའི་སྐོར་གྱི་སྐད་ཆ་འདྲ་མིན་སྣ་ཚོགས་ཐོས་ཚེ། ང་ཚོས་འགྲེལ་བཤད་གང་ཟབ་བརྒྱབ་ཀྱང་ཁོང་གི་དོགས་པ་སེལ་དཀའ། ངས་བལྟས་ན་ཀྲུའུ་ཕིན་ལ་གསང་ན་ལེགས། རྒྱུ་མཚན་ནི་དོན་འདི་མ་གཞི་ནས་རྫུན་མ་ཡིན་པས། བཤད་དགོས་དོན་ཡང་མེད། དེ་མིན་གལ་ཏེ་མོས་ཤེས་རྗེས་བདེན་པར་སྙམ་ནས་སྔོན་གྱི་དམ་བཅའ་དང་འགལ་ཏེ་ང་ལ་ཚུར་བརྟེན་ཅིང་། གལ་ཏེ་ངས་ཀྱང་ཚོད་འཛིན་བྱེད་མ་ཐུབ་ཚེ་དེ་ནི་འོ་བརྒྱལ་ཆེན་པོ་ཞིག་མ་རེད་དམ། དོན་འགྲུབ་ལ་མཚོན་ན། ཁོ་ནི་ཚོང་རའི་དཔལ་འབྱོར་དུས་སྐབས་ཀྱི་ན་གཞོན་ཞིག་ཡིན་པས། ང་ཚོའི་གཉེན་ཐོར་རྫུན་མ་བྱས་པའི་དཀའ་ཁག་རྟོགས་ཐུབ། རེད་མོད་ཀྱང་། ཁོའི་སེམས་ཉིས་འགལ་དུ་མི་འགྲོ་བ་དང་། དོན་འདི་ཤའོ་ཡུན་སོགས་ཀྱི་རྣ་བར་མི་ཁྱབ་པའི་ཕྱིར་དུ། རབ་ཡིན་ན་ཁོ་ལའང་ཤེས་སུ་མ་བཅུག་ན་འགྲིག
       དོན་གྲུབ་དང་ཤའོ་ཡུན་གཉིས་ཀྱི་མཛའ་འབྲེལ་གཏིང་ཟབ་ཏུ་འགྲོ་བཞིན་འདུག་སྟེ། ཕལ་ཆེར་ཉིན་རེ་བཞིན་ཕྲིན་ཐུང་བསྐུར་རེ་བྱེད་བཞིན་འདུག སྤྱིར་ཡིན་ན་གནང་སྐབས་སུ་ལོག་སྟེ་ཕན་ཚུན་དེ་བས་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་ཞེས་སྐུལ་མོད། ཡང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པའི་གསབ་ཁྲིད་བྱེད་དགོས་པའི་རྐྱེན་གྱིས་ཁྱིམ་དུ་ལོག་མ་ཐུབ་པས། ཁོས་ཤའོ་ཡུན་པེ་ཅིན་དུ་ཁོ་ལ་བལྟ་རུ་ཡོང་དགོས་པའི་རེ་བ་བཏོན་ལ། ཤའོ་ཡུན་གྱིས་ཀྱང་ཨ་མར་གསང་ནས་འགྲོ་རྒྱུའི་ཁས་བླངས་མོད། ངས་དོན་གྲུབ་ལ། གལ་ཏེ་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་པ་ཁོ་ཐག་ཡིན་ན་སེམས་ཐག་རྦད་ཆོད་ཀྱིས་བློ་ཁ་གཅིག་ལ་ཕྱོགས་ཤིག ཁྱོད་ཚོའི་འབྲེལ་བ་ཟབ་དྲགས་ཤིང་རྒྱུན་ལྡན་དུ་གྱུར་ན་སློབ་སྦྱོང་ལ་གནོད་པ་ཐེབས་ངེས་ཡིན། ཡང་ཅིག་བཤད་ན། མོའི་ཨ་མའི་ད་དུང་འཐད་ལན་མ་བྱིན་པས། གལ་ཏེ་མི་གཉིས་ཀྱི་འབྲེལ་འདྲིས་དམ་དྲགས་ནས་སྲོལ་འགལ་གྱི་དོན་དག་འདྲ་བྱུང་ཚེ་ཁོ་མོར་རྩིས་སྤྲོད་བྱེད་དཀའ་བ་ཡིན་ཞེས་བཤད།
       དེ་ལྟར་ཤའོ་ཡུན་དོན་གྲུབ་ལ་བལྟ་རུ་འགྲོ་རྒྱུའི་བསམ་ཚུལ་དེ་གནས་སྐབས་སུ་བསྐྱུར་བཞག
༥༣
       ཉིན་འདི་དག་གི་རིང་ལ། རྫོང་གིས་ཁོའོ་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པ་འོས་སྦྱོར་བྱེད་བཞིན་འདུག པུའུ་ཡིས་ཚེ་ལོ་འོས་སྦྱོར་བྱས་པ་སྟེ། རྒྱུ་མཚན་ནི་ཚེ་ལོ་ནི་ཡོན་ཏན་ལྡན་ཞིང་། ལོ་ན་གཞོན་པ། རིག་གནས་ཀྱི་རྨང་གཞི་ལེགས་པ། ལས་ཀའི་འཇོན་ནུས་ཆེ་བ་བཅས་ཡིན་པའི་ཁར། ད་དུང་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ངེས་ཅན་ཞིག་ཡོད་པས། ཁའོ་རིམ་པ་གཞོན་པའི་ལས་གནས་ཀྱི་འགན་འཁུར་པར་ངེས་པར་དུ་བསམ་གཞིགས་བྱེད་དགོས། ཡར་འོས་སྦྱོར་བྱས་རྗེས་རྩ་འཛུགས་མི་དོན་སྡེ་ཁག་གིས་འོས་སྦྱོར་བྱས་མིས་བྱ་བ་བསྒྲུབས་མྱོང་བའི་ལས་ཁུངས་དང་། འབྲེལ་འདྲིས་བྱས་མྱོང་བའི་ལས་བྱེད་མང་ཚོགས་ཁ་ཤས་ཀྱི་ཁྲོད་དུ་གནས་ཚུལ་བརྟག་དཔྱད་བྱས། ཚེ་ལོའི་སེམས་སུ། རང་ཉིད་ལས་ཁུངས་ཀྱི་འགོ་ཁྲིད་རྣམ་པ་དང་ལས་གྲོགས་ཕན་ཚུན་བར་འབྲེལ་འདྲིས་ཡག་པོ་ཡོད་པ་མ་ཟད། ད་ཐེངས་འོས་སྦྱོར་བྱས་པ་དེ་ཡང་ཚང་མས་གྲོས་བསྡུར་བྱས་པ་ཞིག་ཡིན་པས། གནད་དོན་མེད་པ་ནི་སྨོས་མེད་ཡིན་ངེས། གཞན་དེ་སྔ་ཡུལ་ཚོར་ལས་རོགས་ཚོ་དང་འགྲན་རྩོད་བྱས་མྱོང་མོད། འོན་ཀྱང་ད་ཆ་གནད་དོན་དེ་མེད་པ་ལྟར་རེད། ལྷག་པར་དུ་ཧྲུའུ་ཅི་ཨྱོན་གྱིས་རང་ཉིད་ཀྱི་ལྟ་སྟངས་སྔ་ས་ནས་བསྒྱུར་ཏེ་ཇེ་ལེགས་ནས་ཇེ་ལེགས་རེད། གཞན་རྨོ་བསྐྱུར་རྩྭ་གསོའི་ལས་དོན་ཐད་གནས་ལུགས་དང་མི་མཐུན་པའི་དོན་དག་ཆུང་ཆུང་ཞིག་བཟོས་རྗེས། རང་ལ་བྱིན་པའིBBའཕྲུལ་ཆས་དེ་མྱུར་དུ་ཕྱིར་སློག་མོད། འོན་ཀྱང་ཁོ་ལ་བསམ་ཚུལ་གང་འདྲ་ཡོད་མེད་མི་ཤེས། གང་ལྟར་ཀྱང་། ཁོས་སྐད་ཆ་ངན་པ་མི་བཤད་པར་ཡིད་ཆེས་ཡོད། ཆེས་སེམས་ཁྲལ་ཆེ་ཤོས་ནི་རྫོང་སྡོད་ཁང་དོ་དམ་འགོ་ཁྲིད་ཚན་ཆུང་གི་འགོ་འཛིན་ཀྲིན་ལགས་རེད། རྒྱུ་མཚན་ནི་རང་གིས་ཁང་པའི་དོན་དུ་དེ་འདྲའི་སྐད་ཆ་བཙན་པོ་བཤད་ནས་ཁོ་ལ་འཇིགས་སྐུལ་དང་གནོད་འཚེ་བཏང་མྱོང་པས། ཁོའི་སེམས་སུ་ཁོ་ཐག་དོན་དེ་བཟུང་ཡོད་ངེས་ཡིན། གལ་ཏེ་རྩ་འཛུགས་དང་མི་དོན་སྡེ་ཁག་གིས་ཁོ་བཙལ་ནས་ཁ་བརྡ་བྱས་ན། སྐབས་དེ་དང་བསྟུན་ནས་ཁོས་གཏམ་ངན་ཚིག་འགའ་བཤད་ན་ངས་ཅི་ཞིག་བྱེད་ཐུབ་བམ།
       ཚེ་ལོའི་བསམ་ཚུལ་ལྟར། ལས་ཁུངས་དང་ཡུལ་ཚོའི་རྟོག་ཞིབ་ཧ་ཅང་བདེ་བླག་བྱུང་། ཨོ་རྒྱན་གྱིས་དུས་ཐོག་མར་ཚེ་ལོར། ཁྱོད་རང་ཁའོ་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པར་སྤོར་བར་ང་ཚོ་ཧ་ཅང་དགའ་པོ་བྱུང་ཡོད། ཚང་མའི་ལྟ་སྟངས་ཧ་ཅང་ཡག་པོ་བཟུང་འདུག་པས། ད་ཐེངས་ཁོ་ཐག་ལེགས་འགྲུབ་འབྱུང་ངེས་རེད་ཟེར། ཚེ་ལོས་བཀའ་དྲིན་ཞུས་མོད། འོན་ཀྱང་ཁོས་གསལ་བོར་རྟོགས་ཏེ། ཡིག་ཆ་དངོས་མ་མ་བཀྲམས་སྔོན་དུ་ད་དུང་མི་ཤེས་པའི་གྲངས་ཀ་གང་མང་ཡོད་པའོ། །
       རྫོང་གི་ལས་ཁུངས་རིམ་པའི་རྟོག་ཞིབ་ཀྱི་བྱ་བ་འགོ་བརྩམས་སོང་། ཚེ་ལོས་ཤེས་ཏེ། རྫོང་གི་སྡོད་ཁང་དོ་དམ་འགོ་ཁྲིད་ཚན་ཆུང་ནི་མི་རེར་འབྲེལ་བ་བྱེད་སའི་སྡེ་ཚན་གལ་ཆེན་ཞིག་ཡིན་པས། ཁོ་ཐག་ཁོ་ཚོའི་བསམ་འཆར་བསྡུ་ལེན་བྱེད་ངེས་ཞེས་ཚེ་ལོས་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཐོན་རྒྱུར་སེམས་ཁྲལ་བྱེད་ཀྱིན་ཡོད།
       ཉིན་འགའི་རྗེས་སུ། རྫོང་ཨུས་ཡིག་ཆ་བཀྲམས་ཏེ་ཁོ་ཁའོ་རིམ་པ་གཞོན་པའི་ལས་བྱེད་པ་སྐོར་ཞིག་བསྐོ་འཐེན་བྱས་པ་དང་། རྫོང་གི་ལོ་རྒྱུས་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པར་བསྐོས།
       ཚེ་ལོས་སེམས་ཁུར་བྱེད་བཞིན་པའི་དོན་དག་མ་བྱུང་། གནས་ཚུལ་གོ་འཕེར་བའི་མི་ཞིག་གིས་ཁོ་ལ་བཤད་རྒྱུར། ཚན་གཙོ་ཀྲང་ལགས་ཀྱིས་ཁྱོད་ལ་བསྟོད་ར་ཆེན་པོ་བྱས་ཏེ། ཁྱོད་ནི་མི་གཞུང་དྲང་ཞིག་ཡིན་པ་དང་། སྐད་ཆ་ཡོད་ན་ཁ་ངོ་ཙམ་ལས་སེམས་ངན་མི་འདུག་པས། ལས་བྱེད་པ་ཕུལ་བྱུང་ཅན་ཞིག་རེད་ཅེས་བཤད་པ་རེད་ཟེར།
       སྐད་ཆ་དེ་ཐོས་རྗེས། ཚེ་ལོར་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཚན་གཙོ་ཀྲང་ལགས་ཁེ་བཟང་ཕྲན་བུར་རག་རྒྱུར་དགའ་པོ་ཡོད་མོད། འོན་ཀྱང་མི་ནི་གྱོད་རྔ་མི་འཛིན་ཞིང་སྐད་ཆ་དྲང་མོར་བཤད་ཕོད་པའི་མི་བཟང་པོ་ཞིག་རེད། རང་ཉིད་ཀྱིས་དེ་ལས་ལྡོག་སྟེ་མི་ཆུང་གི་བསམ་བློས་ས་མཐའི་བླུན་པོས་རང་མཐོང་ཆེ་བར་བྱས་པ་རེད། 
       ཚེ་ལོས་དྲིལ་བསྒྲགས་པུའི་ལས་རོགས་དང་འགྲོ་ལུགས་རྩིས་སྤྲོད་བྱེད་སྐབས། སྤྱི་བདེ་ཅུས་ཀྱི་ཁ་པར་སླེབས་ནས་སྨྲས་རྒྱུར། སྦྱིན་བདག་ཆེན་པོ་དེ་རྩད་ཆོད་བྱུང་། ཁོ་ལ་ཆུང་མ་དང་བུ་ཕྲུག་ཡོད། ཁོས་ཚེ་བརྟན་སྒྲོལ་མ་ཆུན་མར་བླངས་ནས་ཡུན་ནན་དུ་བཀོད་སྒྲིག་བྱེད་རྩིས་འདུག ལས་བྱེད་ཉེན་རྟོག་པ་ཚོ་ཚེ་བརྟན་སྒྲོལ་མ་ཡོད་སར་གནས་ཚུལ་ཤེས་རྟོགས་བྱེད་པར་ཐོན་དུས་ཁོ་ད་དུང་མུན་དོང་ནས་རྨོངས་འདུག ད་ལྟ་ཚེ་བརྟན་སྒྲོལ་མ་སླར་ཁྱིམ་ལ་ལོག་པའི་ལམ་དུ་ཡོད་ཅེས་ཟེར།
ང་བཞི་པ།
       ཉིན་དེར། པདྨའི་རྒྱལ་མོ་ཁུལ་དུ་ང་ལ་ལྟ་རུ་ཡོང་མོད། འོན་ཀྱང་ངས་མོ་ཁྱིམ་དུ་མ་བསུས། རྒྱུ་མཚན་ནི་སྒྲོལ་མར་དོགས་པ་སློང་བར་གཟབ་པ་ཡིན། པདྨ་རྒྱལ་མོའི་བསམ་ཚུལ་ཡང་གཅིག་མཚུངས་ཡིན་ཏེ། གཅིག་ནས་སྒྲོལ་མ་དང་ཕན་ཚུན་རྒྱུས་མངའ་མེད་པ་དང་། གཉིས་ནས་སྒྲོལ་མའི་གཤིས་ཀར་ཡང་རྒྱུས་མངའ་མེད་པ་མ་ཟད། རང་ཉིད་ཀྱང་མོ་དང་ངོ་འཕྲད་པར་དོགས་བདེ་པོ་མེད་པས་རེད། མོས་ངའི་མིག་སྔར་གྱི་་བྱ་བ་དང་ཁྱིམ་ཚང་གི་གནས་ཚུལ་དྲིས་བྱུང་། ངས་རང་ཉིད་ཀྱི་གོ་གནས་ཇི་ལྟར་སྤར་བ་དང་། ལས་ཞོར་གྱི་གསར་རྩོམ་ཇི་ལྟར་བྱས་ཚུལ་ལམ། དངུལ་ཉར་ཁང་པ་ཉོ་བའི་གནས་ཚུལ་བཅས་ཚང་མ་ཁོ་མོར་བཤད་པ་ཡིན། པདྨ་རྒྱལ་མོས་བཤད་རྒྱུར། ཁྱེད་ཚོས་གླ་ཕོགས་ཀྱིས་དངུལ་བུན་སྤྲད་ན་འཚོ་བ་ཇི་ལྟར་སྐྱེལ་དགོས་སམ། ངས་ཁྱེད་ལ་སྒོར་ཁྲི་ལྔ་སྤྲད་ཆོག དེས་ཁྱེད་ཚོའི་དངུལ་བུན་གྱི་ཆ་ཤས་ཤིག་ཐག་གཅོད་བྱས་ཆོག་ཟེར། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་མོད། འོན་ཀྱང་ངས་སྐད་ཆ་སྐོར་ནས། ཁྱེད་ཀྱི་ཐུགས་འདུན་ངས་རྟོགས་སོང་། འོན་ཀྱང་ང་ཚོར་ད་དུང་ངའི་གླ་ཕོགས་ཡོད་ལ། འཚོ་བའི་ཐད་ཀྱི་རེ་བའང་མཐོན་པོ་མེད་པས། ཁྱིམ་སྤྱོད་ཙམ་དང་ཕྲུ་གུ་སྐྱོང་རྒྱུར་འདང་བརྒྱག་མེད་ཅེས་བཤད་དེ་དང་ལེན་མ་བྱས། པདྨ་རྒྱལ་མོས་ངའི་ཁར་མི་ཉན་པར། ངེས་པར་དུ་དངུལ་ཁང་དུ་སོང་ནས་ཁོ་མོའི་སྒོར་བྱང་སྟེང་ནས་ང་ལ་སྒོར་མོ་བསྐུར་གྲབས་བྱས། ངས་མཐོང་མ་ཐག་འཚབ་བྱུང་། ངས་དེ་མུར། རང་ཉིད་ནི་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པས། གལ་ཏེ་དེ་རིང་ངས་ཁྱོད་ཀྱི་སྒོར་མོ་བླངས་པ་ཡིན་ན། དེ་ནི་རོགས་རམ་བྱས་པ་ཡིན་ནའང་འདྲ། དྲིན་གཟོའི་ཚུལ་གྱིས་ཡིན་ནའང་འདྲ་ལྐོག་རྔན་བླངས་པའི་བྱས་ཉེས་ཁོ་ནར་ཟད་པས། ཁྱོད་ཀྱིས་ངའི་སེམས་རྟོགས་དགོས་ཞེས་པར། པདྨ་རྒྱལ་མོས། བྱ་བ་འདི་གནམ་གྱིས་ཤེས་ལ། ས་ཡིས་ཤེས་པ་དང་། ངས་ཤེས་པ། ངའི་སྐུ་ཞབས་ཀྱིས་མ་གཏོགས་གཞན་སུས་ཀྱང་མི་ཤེས་པས། ཁྱོད་ལ་ཅི་བྱེད་སྲིད་དམ་ཟེར། ངས། རང་གི་རྒྱུ་འབྲས་ཀྱི་སེམས་ཀྱིས་ཤེས་པ་ཡིན། སྐབས་དེར། ངས་ཁྱོད་ལ་དེ་ལྟར་བྱེད་པ་ནི། དབང་པོ་སྐྱོན་ཅན་གྱི་བུ་མོ་ཞིག་ལ་སེམས་ཁུར་བྱས་ཏེ་གཞན་ལ་ཕན་པའི་སྐད་ཆ་འགའ་བཤད་པ་ཙམ་ལས་གཞན་བྱ་བ་ཅི་ཡང་བསྒྲུབས་མེད། ཁ་དཔེར། བྱས་རྗེས་མེད་ལ་ཕོགས་ཀྱང་མེད་ཟེར་བ་ལྟར། ངས་ཁྱོད་ཀྱི་དངུལ་བླངས་པ་འབྲས་མེད་ཡིན་པས། དགོང་མོ་གཉིད་ཀྱང་མི་ཁུགས་ཅེས་བཤད། པདྨ་རྒྱལ་མོས་ངས་བྱེད་སྟངས་འདི་མཐོང་བས་ད་ཡང་ཁ་གྲགས་མ་བྱུང་།
       པདྨ་རྒྱལ་མོས་ཐབས་འདི་འདྲ་ཞིག་བསྟན་པ་སྟེ། དེ་ནི་མོས་སྔོན་ནས་འདང་བརྒྱབ་ཡོད་པས་ཀྱང་རེད། མོས། ཁྱེད་ནི་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་པ་པོ་ཞིག་ཡིན་པ་དང་། མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་ལ་གཞས་ལའང་རྒྱུས་མངའ་ཡོད། ད་ཆ་ལྟད་མོ་བའི་མྱོང་རོལ་གྱི་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་འཕར་གྱིན་ཡོད་པ་མ་ཟད། ལ་གཞས་ཁྲོམ་རའི་འགྲན་རྩོད་ཀྱང་ཛ་དྲག་ཆེ། དེའི་ཕྱིར། གཅིག་ནས་གཞས་པའི་གདངས་སྙན་པོ་ཞིག་དགོས་པའི་རེ་བ་མཐོ་དགོས་པ་མ་ཟད། ཁ་ལ་བདེ་བའི་ཚིག་དང་རྣ་བར་སྙན་པའི་རྒྱན་གྱིས་སྤུད་དགོས་ཀྱི་ཡོད་དེ། སྐད་ཆ་མུ་ཏིག་གི་རྒྱུན་ལྟར་འབྲེལ་ཆགས་པ་ཞིག་ཡིན་དགོས། ཁྱེད་ཀྱིས་ལས་ཞོར་དུ་ང་ཚོར་གཞས་ཚིག་འབྲི་བ་དང་། གཞས་ཚིག་དག་བཅོས་བཅས་ཀྱི་འགན་འཁུར་བའི་གྲོགས་མཛད་ཚེ། ངས་ཁྱེད་ལ་ཟླ་རེར་སྒོར་སྟོང་གཅིག་གི་ཕོགས་སྦྱིན་ཆོག་ཅེས་ཟེར། 
       ངས། དེ་ལྟར་བྱས་ན་མི་ཆོག་རྒྱུ་མེད་ཀྱང་། ཁྱོད་ཚོས་ཀྱང་སྒོར་མོ་བཙལ་རྒྱུ་ལས་སླ་མོ་ཞིག་མིན་པས། ང་ལ་གླ་རིན་དེ་འདྲ་མང་པོ་མི་དགོས་ཞེས་བཤད།
       དོན་དག་དེ་དེ་ལྟར་ངས་ཁས་བླངས་པ་ཡིན།
       མཚན་དེར། ངས་སྔར་བཞིན་པདྨའི་རྒྱལ་མོ་དང་ཐུག་ཕྲད་གླེང་མོལ་བྱས་པའི་ནང་དོན་ཚང་མ་སྒྲོལ་མར་བཤད་པ་ཡིན།
       ངས་མ་གཞི་ནས་པདྨ་རྒྱལ་མོ་དང་ཕྲད་པའི་དོན་དེ་སྒྲོལ་མར་བཤད་འདོད་མེད་། དེ་ནི་ང་དང་པདྨའི་རྒྱལ་མོ་བར་ལ་ཕོ་མོའི་བརྩེ་དུང་ཐད་ཀྱི་འབྲེལ་བ་ཡོད་པས་མ་ཡིན་པར། མིང་གྲགས་ཆེ་བའི་མེ་ཏོག་ལེན་ལུགས་ཀྱི་གླུ་མ་ཞིག་དང་འབྲེལ་འདྲིས་བྱས་པ་དེས་མི་རྣམས་ལ་དོགས་པ་སྣ་ཚོགས་སློང་སྲིད་ཁོ་ཐག་ཡིན། སྤྱིར་བཏང་སྒྲོལ་མ་རང་གིས་ཅི་ཡང་མི་བཤད་པའི་སྟེང་། ངས་ཀྱང་དོགས་སློང་གསལ་བཤད་བྱེད་དགོས་དོན་མེད་མོད། འོན་ཀྱང་ང་ཚོའི་གླེང་མོལ་ནི་དངུལ་གྱི་གནད་དོན་དང་འབྲེལ་བ་ཡོད་པས། གལ་ཏེ་རྗེས་སུ་པདྨ་རྒྱལ་མོས་རྒྱུན་དུ་ང་ལ་སྒོར་བསྐུར་བ་ཡིན་ན། སྒྲོལ་མར་གསལ་བཤད་མ་བྱས་ཚེ། རང་ཉིད་ཀྱི་གླ་ཕོགས་ལས་ད་དུང་སྒོར་གྱི་ཡོང་ཁུངས་མི་གསལ་བ་མང་པོ་ཡོད་པ་དང་། ཡང་ན་མོ་ལ་གསང་ནས་ལྐོག་ཏུ་སྒེར་གཉེར་མ་དངུལ་མང་པོ་ཡོད་འདོད་པས་ཡིན་ལ། གལ་ཏེ་སྒོར་དེ་པདྨའི་རྒྱལ་མོས་བསྐུར་བ་ཡིན་པ་ཤེས་ཚེ་དེ་བས་རྙོག་དྲ་ཆེ་སྟེ། མོས་དོན་དངོས་སུ་ཁྱོད་དང་པདྨ་རྒྱལ་མོའི་བར་གྱི་འབྲེལ་བ་ཅི་ཞིག་ཡིན་ཚུལ་དྲིས་ན། ངས་ལན་ཇི་ལྟར་འདེབས་སམ། གལ་ཏེ་ངས་དེ་ནི་པདྨ་རྒྱལ་མོའི་མེ་ཏོག་ལེན་ལུགས་ཀྱི་རི་གླུ་བྲིས་ནས་བྱིན་པའི་སྒོར་མོ་ཡིན་ཞེས་སྨྲས་ཚེ་གཞི་ནས་འཕྱིས་དྲགས་པ་མ་རེད་དམ། ངས་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྒྲོལ་མར་གནས་ཚུལ་དེ་བཤད་རྗེས། ཁོ་མོས་ཐེ་ཚོམ་དང་འཁང་ར་སྤུ་ཙམ་ཡང་མི་བྱེད་པར་མ་ཟད། དེ་ལས་ངས་སྒོར་མོ་བཙལ་ནས་ཁྱིམ་ཚང་སྐྱོང་ཐུབ་པར་བསྔགས་བརྗོད་བྱས། དོན་དག་དེ་གསལ་བཤད་བྱས་རྗེས་སེམས་ཀྱང་ལྷོད་ལ་བབས་བྱུང་། ཉལ་ཁྲིའི་སྟེང་དུ་ལོག་ཚེ། ངས་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་གཞས་ཚིག་རྩོམ་སྒྲིག་དང་བཟོ་བཅོས་བྱེད་པའི་དོན་དག་དྲན་བྱུང་། ཉིན་འདི་དག་གི་རིང་ལ། ངའང་སྤྱི་གླིང་དང་ཇ་ཁང་སོགས་རི་གླུ་གཏོང་སར་མྱུལ་མྱོང་ལ། ཞིང་ཆེན་སྟེགས་བུའི་སྟེང་མཚོ་སྔོན་གྱི་རྩོམ་པ་པོ་གྲགས་ཅན་ཅིན་ཧྲི་སོགས་ཀྱིས་གཙོ་སྐྱོང་གནང་པའི་མཚོ་སྔོན་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་ལེ་ཚན་ལའང་བལྟས་མྱོང་ཞིང་། དེ་དག་ལས་གཞས་ཚིག་ཧ་ཅང་ལེགས་པའི་རི་གླུའང་ཐོས་བྱུང་། ལྷག་པར་དུ་དམངས་ཁྲོད་ཀྱི་གཞས་པ་རྒན་གྲས་ཁག་གཅིག་གིས་ལེན་རེས་བྱེད་པའི་རི་གླུས་ང་ཧང་སངས་སུ་བཅུག་བྱུང་། འོན་ཀྱང་དེ་དང་མཉམ་དུ་གནད་དོན་མང་པོ་ཞིག་ཀྱང་མཐོང་བྱུང་སྟེ། གཞས་པ་འདེམས་སྒྲུག་འགྲན་བསྡུར་བྱད་སྒོ་ཞིག་གི་ཐོག་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་བྱུང་པ་ཁག་གཅིག་གིས་ལེན་གྱིན་ཡོད་པ་ནི་སྔ་ས་ནས་དུས་ལས་ཡོལ་ཟིན་པའི་གཞས་རྙིང་ཡིན་པ་དང་། ལ་ལ་ནི་ལུང་སྐད་ཁོ་ནས་མང་ཚོགས་ཀྱི་ཁྱད་ཆོས་མེད་པ། ལ་ལས་སྔ་ཚིག་ཕྱི་འགལ་བར་བྱེད་པ། ཁ་ཤས་ནི་དཔེ་དོན་དང་མི་མཐུན་པ། དེ་ལས་མིང་གྲགས་ཆེ་བའི་གླུ་བ་ཁ་ཤས་ཡིན་ནའང་། ཚིག་གི་བཀོལ་སྟངས་ལ་སྐྱོན་ཆ་སྣ་ཚོགས་ཡོད། སྐུ་ཞབས་ཅིན་ཧྲིས་གསན་རྗེས། ངུ་མ་དགོད་ཀྱི་རྣམ་པས་ཁེངས་བྱུང་། ངའི་སེམས་སུ། གལ་ཏེ་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ལ་རྒྱུས་མངའ་ཡོད་པའི་མཁས་པ་མང་ཙམ་ཞིག་གིས་དེར་དོ་སྣང་དང་ཕྱག་ལས་ཙམ་བགྱིས་ན། མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དགེ་མཚན་ལྡན་པའི་མཛུབ་ཁྲིད་དམ་ཡང་ན་རོགས་རམ་གྱི་ནུས་པ་ཐོན་སྲིད་སྙམ་བྱུང་།
       ངས་བློ་ཐག་རྦད་ཆོད་ཀྱིས་པདྨའི་རྒྱལ་མོས་ཁོ་བོར་སྒོར་སྐར་གང་གི་གླ་ཕོགས་མི་སྟེར་ཡང་ཅིས་ཀྱང་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་གཞས་ཚིག་འབྲི་བའམ་ཡང་ན་བཟོ་བཅོས་རྒྱག་རྒྱུའི་སེམས་ཐག་བཅད་པ་ཡིན།
༥༤
       ལས་གནས་གསར་བར་སླེབས་རྗེས། ཚེ་ལོར་དཔྱིད་ཀྱི་དཔལ་ཡོན་ཤར་སོང་། གཡང་སྐྱིད་ཀྱིས་དགའ་སྤྲོས་མི་གནོན་པའི་སེམས་ཀྱིས་ཚེ་ལོ་ལ། ངས་བཤད་པ་ཨེ་བདེན་ནམ། ནོར་མེད་དམ། ལྷ་ཁང་ཆེ་ན་གྲྭ་བ་ཆེ་བ་རེད། རྫོང་ལས་ཁུངས་སུ་ཐོན་ཚེ་ལས་གནས་སྤར་ན་ཧ་ཅང་མགྱོགས་ཞེས་ཟེར།
       ཚེ་ལོས་རམ་འདེགས་ཀྱིས། ངོ་མས་བདེན། ངས་ཁྱོད་ཀྱི་སྐད་ཆར་ཉན་པས་འགྲིག་སོང་། གལ་ཏེ་ཡུལ་ཚོར་ཡོད་ཚེ་ཐེངས་འདིའི་གོ་སྐབས་ཤོར་ཚར་སོང་ཟེར།
       ཁོང་གཉིས་ཀྱིས་དེ་ལྟར་ཁ་བརྡ་བྱེད་སྐབས། ཚེ་བརྟན་སྒྲོལ་མ་གློ་བུར་ཁྱིམ་སྒོར་ཐོན་བྱུང་།
       མ་གཞིར་ཚེ་བརྟན་སྒྲོལ་མས་ད་ཐེངས་མིང་བརླག་ཚར་བ་ཤེས་པའི་རྐྱེན་གྱིས། ཨ་མའི་ངོར་ལྟ་མི་ཐུབ་པ་མ་ཟད། སྡེ་བའི་ནང་མགོ་ཡར་འགྱོགས་མི་ཐུབ་ཅིང་འཚོ་བ་ཡག་པོ་སྐྱེལ་ཐབས་མེད་པས། འདང་བརྒྱག་ཆེན་པོས་ངེད་གཉིས་མི་བཙལ་རང་དབང་མ་བྱུང་། གཡང་སྐྱིད་དང་ཚེ་བརྟན་སྒྲོལ་མ་གཉིས་ངོ་འཕྲད་པ་ནི་དགའ་སྐྱོ་གཉིས་ལྡན་གྱི་རྣམ་པ་ཞིག་ཡིན་པས་ཕན་ཚུན་མགོ་བོར་བསྡམས་ཏེ་སྡུག་བསྔལ་ཡུན་རིང་བྱས། ཚེ་ལོས་སེམས་སུ་དེ་བས་ཚེ་བརྟན་སྒྲོལ་མའི་ནོར་འཁྲུལ་ལ་ཁག་མེད་དེ། བདེ་སྐྱིད་དོན་གཉེར་བྱེད་མཁན་མི་ཀུན་ལ་ཡོད། འོན་ཀྱང་། ཚེ་བརྟན་སྒྲོལ་མར་སྤྱི་ཚོགས་ཀྱི་འཚོ་བའི་མཉམ་མྱོང་མེད་པས་གཞན་གྱི་གཡོ་འོག་ཏུ་ཚུད་སོང་སྙམ་ལ། དེ་བས་ཀྱང་སེམས་ཁྲལ་བྱེད་ས་ནི་གནས་ཚུལ་དེ་རིགས་དང་ཕྲད་རྗེས། ཚེ་བརྟན་སྒྲོལ་མས་ད་ཡང་སེམས་ཁམས་ཡང་དག་ཅིག་འཛིན་ཐུབ་མིན་དང་། སྤྱི་ཚོགས་ཀྱིས་ཀྱང་བྱ་བ་དེར་ལྟ་སྟངས་ཡང་དག་ཅིག་བཟུང་སྟེ། མོའང་སྐྱེས་མ་གཞན་དག་དང་འདྲ་བར་རྒྱུན་ལྡན་གྱིས་གནས་ཡུལ་འགྲིམས་ཏེ་འཚོ་བ་སྐྱེལ་ཐུབ་མིན་དེ་རེད། 
ཚེ་བརྟན་སྒྲོལ་མ་དེ་གར་བསྡད་རྗེས། ཚེ་ལོ་དང་གཡང་སྐྱིད་གཉིས་ཀྱིས་གནས་ཚུལ་ཇི་བཞིན་དེ་མུར་ཕ་ཡུལ་ལ་སྙན་སེང་ཞུས། གྱོས་མོས་ཚེ་བརྟན་སྒྲོལ་མ་བདེ་འཇགས་ངང་ཨ་ཅེའི་འགྲམ་དུ་ཡོང་བ་ཤེས་རྗེས། སེམས་པ་ལྷོད་ལ་བབས།
       ཚེ་བརྟན་སྒྲོལ་མ་དེ་ལྟར་གཞན་རྗེས་འབྲངས་ཀྱང་། གཉེན་སློང་བྱེད་ཆང་དམ་དེ་ད་དུང་གྱོས་མོ་ཚང་དུ་བཞག་འདུག ཉིན་དེར་ཡང་གཉེན་སློང་བའི་བར་བ་ཁྱིམ་དུ་སླེབས་བྱུང་། གྱོས་མོའི་སེམས་ལ་ཁོ་ཚོ་ཁོ་ཐག་གཉེན་ཆང་ཕྱིར་ལེན་དུ་ཡོང་བ་རེད་བསམ་སྟེ་འགྱོད་བཤགས་ཆེན་པོས། ཚེ་བརྟན་སྒྲོལ་མས་མི་འོས་པའི་དོན་དག་འདི་འདྲ་བསྒྲུབས་བྱུང་བས་གནས་ཡུལ་འགྲིམས་སྲོལ་མི་འདུག ཁྱོད་ཀྱིས་གཉེན་ཆང་ཕྱིར་ཁྱེར་ཅིག་ཅེས་པར། བསམ་ཡུལ་ལས་འདས་པ་ཞིག་ལ། བར་བས། ང་ཚོ་གཉེན་ཆང་མཆོད་དུ་ཡོང་བ་ཡིན། གལ་ཏེ་ཁྱེད་ཚོར་བསམ་འཆར་གཞན་འདྲ་མེད་ན་ང་ཚོས་གཉེན་ཆང་མཆོད་ན་ཅི་འདྲ་རེད་ཅེས་ཟེར།
       གྱོས་མོས་ཧ་ལས་པའི་ངང་ནས། ཅི་ཟེར། ཁྱོད་ཚོས་ངའི་བུ་མོ་ལ་མགོ་སྐོར་ཐེབས་པའི་དོན་དེ་མི་ཤེས་སམ་ཞེས་བཤད།
       བར་བས། བུས་བུ་མོར་མགོ་སྐོར་ཐེབས་པ་ཤེས་རྗེས། ཁོ་མོར་སྙིང་རྗེ་སྐྱེས་ཤིང་ལྷག་ཏུ་དགའ་བར་གྱུར། སེམས་སུ་སྦྱིན་བདག་ཆེན་ཞིག་གིས་བློར་བབས་པའི་བུ་མོ་ནི་ཁོ་ཐག་ཕུལ་བྱུང་ཅན་གྱི་བུ་མོ་ཞིག་ཡིན་རྒྱུ་རེད། ཁོས་དེ་མ་བླངས་ན་ག་ལ་འགྲིག་ཅེས་སྨྲས་བྱུང་ཞེས་ལན་བཏབ།
       དེར་གྱོས་མོས། བུ་མོ་ནི་ད་ལྟ་མོའི་ཨ་ཅེ་དང་ལྕམ་ཟླའི་སར་ཡོད། ད་ལྟ་མོའི་སེམས་སུ་ཅི་དྲན་བཞིན་པ་སུས་ཤེས། གལ་ཏེ་ཁྱོད་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཁོ་མོ་མནའ་མར་ལེན་འདོད་ན་ཁོ་ཚོར་འབྲེལ་བ་བྱས་དང་། ང་ལ་བསམ་འཆར་ཅི་ཡང་མེད་ཅེས་སྨྲས།
       དེ་ལྟར། བར་བས་གཉེན་ཆང་བཏེགས་ཤིང་མག་པ་ཁྲིད་དེ་ཚེ་ལོའི་ཁྱིམ་དུ་བསླེབས།
       བར་བ་ཚེ་ལོའི་ཁྱིམ་དུ་བསླེབས་ཀྱང་། ཚེ་བརྟན་སྒྲོལ་མ་སྔར་བཞིན་ཐེ་ཚོམ་གྱི་ལྕགས་སྒྲོག་ཏུ་ཚུད་འདུག མོས་ད་ལྟ་གཉེན་ཚང་གི་ཁྱིམ་ཚང་ལ་ལྟ་མི་ཐུབ་པ་མ་ཡིན་གྱི་ཁོ་ཚོ་ལྷག་བསམ་ཟོལ་མེད་ཡིན་མིན་ལ་སེམས་ཁུར་བྱེད་བཞིན་པ་དེ་རེད།
       ཚེ་ལོས། ཁོ་ཚོ་ལེ་བར་སྟོང་ཚོ་བརྒྱུད་ནས་འདིར་ཡོང་བ་ཡིས་བུ་ཡིས་དངོས་གནས་འདས་དོན་དེ་ལ་སྣང་དོགས་བྱེད་ཀྱིན་མེད་པ་མཚོན་ཐུབ་ལ། སེམས་གཏིང་ནས་ཁྱོད་ལ་དགའ་བཞིན་པ་རྟོགས་ཐུབ། འདི་ལྟ་བུའི་སྐྱེས་པར་ཁྱོད་ཀྱིས་མི་ཚེ་གང་བོར་བློ་གཏད་ཆོག་ལ། འདི་ལྟ་བུའི་ཁྱིམ་དུ་ད་གཟོད་ཁྱོད་ལ་བདེ་སྐྱིད་འབྱུང་ཐུབ་ཅེས་སྨྲས།
       གཡང་སྐྱིད་ཀྱིས། དོན་འདིར་ཨ་མ་ཡང་འཐད་པ་ཡིན་ན། གལ་ཏེ་ཁྱོད་ལ་བསམ་ཚུལ་གཞན་མེད་ཚེ། ཆང་འདི་མཆོད་པར་བྱེད་ཅེས་ཟེར།
       ཚང་མ་འཐད་པ་བྱུང་སོང་། བར་བའང་དགའ་སྤྲོས་འཁེངས་འདུག ལམ་ཐག་རིང་ལ་འགྲོ་འོང་སྟབས་བདེ་མིན་པ་སོགས་ཀྱི་གནས་ཚུལ་དངོས་ལ་བསམ་བློ་བཏང་སྟེ། གཉེན་གྱི་བྱ་བ་སྟབས་བདེ་རུ་གཏོང་ཅི་ཐུབ་ཀྱི་གྲོས་བྱས་ཏེ། མཐའ་ན་ཡ་ཆང་དང་ཆ་ཆང་གཉིས་ཀ་མཉམ་གཅིག་ཏུ་མཆོད་རྒྱུ་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།