༄༅། །ང་ཚོ་ཚང་མ་སྟེས་དབང་གིས་འཚོ་ཞིང་གནས། པད་མ་ཚེ་རིང་གིས་བསྒྱུར།
རྩོམ་པ་པོ།:པད་མ་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-11-04 08:01:19
ཀློག་གྲངས།:
༄༅། །ང་ཚོ་ཚང་མ་སྟེས་དབང་གིས་འཚོ་ཞིང་གནས།
ཀྲོའུ་ཀོ་ཕིང་གིས་བརྩམས།
པད་མ་ཚེ་རིང་གིས་བསྒྱུར།
2008ལོའི་ཀྲུང་གོའི་དོན་ཆེན་དེ་ཨོ་རྩལ་མིན་པར་ས་ཡོམ་ཡིན། འདི་ནི་སུའི་ཡིད་ལའང་མ་ཤར་བ་རེད། ཟླ5པའི་ཚེས12ཉིན་གྱི་ས་ཡོམ་ཆེན་པོས་རྒྱལ་མི་ཚང་མར་གློ་བུར་དུ་ཧ་ལས་སུ་བཅུག་ཅིང་གདུང་ཤུགས་དྲག་པོ་བསྐྱེད། དེའི་དབང་གིས་ཨོ་རྩལ་དང་འབྲེལ་བའི་དོན་དག་མང་པོ་ཞིག་ཀྱང་བྱ་སྤུ་ལས་ཡང་བར་གྱུར།པད་མ་ཚེ་རིང་གིས་བསྒྱུར།
རང་བྱུང་ཁམས་ཆེན་མོས་གློ་བུར་དུ་ཕབ་པའི་གནོད་འཚེ་ཡི་མདུན་དུ། མིའི་རིགས་ནི་ཇི་འདྲའི་ཉམ་ཆུང་བ་དང་། ཚེ་སྲོག་ནི་ཇི་འདྲའི་འཇིག་སླ་བ་ཞིག་རེད་ཨང་། མཛེས་ཤིང་སྡུག་ལ་འབྱོར་ཕྱུག་ལྡན་པའི་སི་ཁྲོན་གཤོང་ས་དང་དགེ་སེམས་ཆེ་ཞིང་ཆོག་ཤེས་ཡོད་པའི་སི་ཁྲོན་མི་དམངས་ལ་སྐད་ཅིག་ཉིད་དུ་གོད་ཆག་གནམ་ནས་བབས་པ་དང་། ས་གས་ཤིང་རི་ཉིལ་བས་སྐྱེ་འགྲོ་བགྲང་ལས་འདས་པ་ལྔ་པའི་ལམ་དུ་བརྫངས། ཁྱིམ་ཚང་མང་པོ་ཞིག་གིས་སྔོན་ཆད་ང་རང་གི་ཁྱིམ་ཚང་དང་འདྲ་བར། བཟའ་འཛོམས་བདེ་སྐྱིད་ཀྱི་འཚོ་བ་དཀྱུས་མ་རོལ་བའི་སྒང་ལ་གློ་བུར་དུ་གར་སོང་ཆ་མེད་པར་གྱུར། བྱིས་པ་མང་པོ་ཞིག་གིས་སྔོན་ཆད་ང་རང་གི་བྱིས་པ་དང་འདྲ་བར། སྐྱོ་ཁྲལ་ཅི་ཡང་མེད་པར་སྐྱ་རེངས་ཀྱི་སྙན་གླུ་ལེན་པའི་སྒང་ལ་གློ་བུར་དུ་མུན་ནག་གི་མཚན་མོར་གཏན་དུ་ཡལ་སོང་།
ང་རང་ཆེས་སེམས་སྡུག་པ་ནི་ཏག་ཏག་བྱིས་པ་དེ་ཚོ་ཡིན། ས་ཡོམ་བྱུང་སར་ད་དུང་བརྡིབས་མེད་པའི་སློབ་ཁང་ཡོད་དམ། བྱིས་པ་ཚོ་སློབ་གྲྭ་སློབ་གྲྭ་བྱས་ནས་འོག་ཏུ་མནན་སོང་། ཤི་རྨས་ཐེབས་པ་ཆེས་ཚབས་ཆེ་བ་ནི“མེས་རྒྱལ་གྱི་མེ་ཏོག”ཡིན་པ་ཅིའི་ཕྱིར། དེ་དང་བསྡུར་ཚེ། གློ་བུར་ལ་དྭ་ཕྲུག་ཏུ་གྱུར་བའི་བྱིས་པ་ཚོ་ནི་ལས་བསོད་ཅན་དུ་བགྲངས་ཀྱང་མི་ཆོག་པ་མེད་སྙམ་སྟེ། ཁོ་ཚོའི་ལྷད་མེད་ཅིང་ཞེ་སྐྲག་པའི་མིག་མདངས་ཀྱིས་ངའི་སེམས་ལ་སྐྱོ་གདུང་དྲག་པོ་བསྐྱེད་ནའང་། ངའི་རྣ་ལམ་དུ་ནམ་ཡང་བརྡིབས་ཤུལ་ནས་བསྐྱབས་པའི་བྱིས་པ་ལོ་གཅིག་དང་ཕྱེད་ཀ་ཅན་ཞིག་གི་ངུ་སྐད་གྲག་གིན་ཡོད་ལ། སྐད་ཆ་སོ་མར་བཤད་ཤེས་པའི་ཁོ་མོས“ཨ་ཕ་ཚོལ། ཨ་མ་ཚོལ།”ཞེས་པའི་ཚིག་འདི་ཡང་ཡང་ཟློ་བཞིན་འདུག
ཉིན་ལྔ་ཡི་རིང་ལ། ངས་ཉི་མ་རེ་རེར་གནོད་འཚེ་ཐེབས་ས་ནས་ཐོན་པའི་བརྡ་འཕྲིན་ལ་དོ་ཁུར་བྱས་པ་ཡིན། སྙིང་རྗེ་དང་སྙིང་སྟོབས་གཉིས་འཛོམས་ཀྱི་ཙུང་ལི་ཝུན་ཅ་པའོ་ཡི་བཀོད་འདོམས་འོག རྨས་སྐྱོབ་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་སྤེལ་གྱིན་འདུག འོན་ཀྱང་། སུས་ཀྱང་ཤེས་ཏེ། བརྡིབས་ཤུལ་དུ་ལུས་པ་ཚང་མ་བསྐྱབ་རྒྱུ་ཟེར་ན་ཤིན་ཏུ་དཀའ་སྟེ། ཕལ་ཆེར་ཉུང་ཤས་ཤིག་ལས་བསྐྱབ་མི་ཐུབ། ང་རང་ཉིད་ལའང་བརྡིབས་ཤུལ་དུ་ལུས་པའི་ཚོར་བ་སྐྱེས། སྐྱོབ་པའི་བྱ་བར་དཀའ་ཁག་ཆེ་བ་དང་། ལ་ལ་སྐྱོབ་མཁན་གྱིས་མ་རིག་པས་གསོན་པའི་རེ་ཐག་ཀུན་ནས་ཆད། ད་ལྟར་སྡོམ་རྩིས་བྱ་ཐུབ་པ་ནི་བསྐྱབས་ཟིན་པའི་མི་གྲངས་དང་བེམ་རོ་གསལ་བོར་མཐོང་བའི་མི་གྲངས་ཡིན། འོན་ཀྱང་ཆེས་སྐྲག་དགོས་ས་ནི་འདི་གཉི་གའི་བར་གྱི་གྲངས་ཀ་དེ་ཡིན་ལ། ཤི་གསོན་གྱི་གནས་ཚུལ་མི་གསལ་ནའང་། དོན་ལ་གསོན་པའི་གོ་སྐབས་ཕྲའོ། །
ཉིན་ལྔ་པོའི་ནང་དུ་ངས་ཡིག་འབྲུ་གཅིག་ཀྱང་འབྲི་མ་ཐུབ། སྐབས་ཐོག་འདིར་ཡི་གེས་མཚོན་པ་ཐམས་ཅད་ཚུལ་འཆོས་འབའ་ཞིག་ཏུ་ཟད། ངའི་སེམས་སུ་ཐ་ན་རང་ཉིན་གསོན་པོར་གནས་པའང་ལོངས་སྤྱོད་ཐལ་ཆེ་བར་འདོད། ངས་རང་ལ་བཟོད་ཡངས་བྱ་ཐུབ་པའི་རྒྱུ་མཚན་འབའ་ཞིག་ནི་ངའང་སྟེས་དབང་གིས་འཚོ་ཞིང་གནས་པས་ཡིན་ནོ། །རེད་དེ། ཁྱོད་དང་ང་། གསོན་པོར་གནས་པའི་མི་རེ་རེ། ང་ཚོ་ཚང་མ་སྟེས་དབང་གིས་འཚོ་ཞིང་གནས་སོ། །ཡོམ་དཀྱིལ་དེ་སི་ཁྲོན་གྱི་ཝུན་ཁྲོན་ས་ཆར་ཡོད་པ་ལས་ང་སྡོད་སར་མེད་པ་ནི་སྟབས་ལེགས་པ་རེད། ངས་པེ་ཅིན་དུ་འཚོ་བ་རོལ་བ་ལས་སི་ཁྲོན་གྱི་ཡོམ་ཁུལ་དུ་མིན་པའང་སྟབས་ལེགས་པས་རེད། སྟབས་ལེགས་པས་ང་གནོད་འཚེ་འདི་ལས་གཡོལ་ཐུབ་སོང་། གནོད་འཚེ་འདི་ངའི་མགོར་ཡོང་བའི་སྲིད་ཕྱོད་ཀྱང་ཤིན་ཏུ་ཆེ་སྟེ། གལ་ཏེ་དེ་ལྟར་ན་ངས་མི་ཐེག་ནའང་འདེགས་དགོས། རང་བྱུང་ཁམས་ཆེན་པོས་ང་བསྐྱེད་ཅིང་ང་གསོ་བས། གནོད་འཚེ་ཕབ་པའི་ཉིན་མོར། ངས་དང་ལེན་མི་བྱེད་ཐབས་མེད་པ་ནི་ཚེ་སྲོག་ལ་ཡོད་འོས་པའི་ནང་དོན་རེད། སི་ཏོ་ཁེའི་གྲུབ་མཐས་བཞེད་པའི་མིས་རང་བྱུང་ཁམས་ལ་བསྟུན་པ་ལས་འོས་མེད་ཅེས་པ་དེ་བདེན་ནོ། །གལ་ཏེ་ཤི་སོང་བ་ང་ཡིན་ན་ཅི་ཡང་བཤད་རྒྱུ་མེད། འོན་ཀྱང་ད་ལྟ་གསོན་པོར་གནས་ཡོད་ན་ལེགས་པར་གནས་ཤིག འདིའི་དོན་དུ་ནོངས་འགྱོད་བྱ་དགོས་དོན་མེད། གསོན་པོར་གནས་པའི་མི་སུ་ཞིག་ཡིན་རུང་། མཐའ་མར་འཆི་འགྲོ་བ་ཆོས་ཉིད་ཡིན་ལ། གསོན་པ་ནི་གནས་སྐབས་ཙམ་ཡིན། ཡིན་ནའང་། ཏག་ཏག་གནས་སྐབས་ཀྱི་འཚོ་གནས་ཁྲོད་ང་ཚོས་འདས་པོ་རྣམས་རྗེས་དྲན་བྱེད་ཞོར་ཚེ་སྲོག་གི་རྒྱལ་གཏམ་གླུ་རུ་དྲངས་སོ། །
ངས་འདི་ལྟར་བཤད་པ་ནི་རང་ཉིད་ཀྱི་འཕྱ་འགེབས་ཡིན་ལ། ཐེངས་འདིའི་ས་ཡོམ་གནད་འཚེའི་ཁྲོད་སྟེས་དབང་གིས་གསོན་པ་རྣམས་ལ་བྱེད་པའི་སེམས་གསོའང་ཡིན། ང་ཚོས་མྱོང་བའི་སྡུག་བསྔལ་ལ་ཁྱད་པར་ཆེ་ཡང་། སྡུག་བསྔལ་ཇི་ལྟར་ཆེ་ན་མི་ཚེའི་ཐོབ་ཤོར་ཡང་དེ་ལྟར་ཆེ་ས་ནས་བསམ་བློ་གཏང་དགོས། དུས་ཀྱི་འཁོར་རྒྱུག་ཁྲོད། མི་ཚེའི་དར་རྒུད་དང་སྐྱིད་སྡུག་ཐམས་ཅད་ཡིད་རྟོན་མི་རུང་བ་སྟོན་དུས་ཀྱི་སྤྲིན་དང་འདྲ་ལ། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོར། གནོད་འཚེ་དང་བསྐྱར་འཛུགས་ཀྱང་རྒྱུན་ལྡན་གྱི་མྱོང་བརྒྱུད་དུ་འཁུམས་སོ། །
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས་པས་ང་ཚོ་སྟེས་དབང་གིས་འཚོ་ཞིང་གནས་པའང་ལས་དབང་གཅིག་པས་ཡིན། འདིའི་ངོས་ནས་རང་ལ་བལྟ་རྒྱུ་ཡིན་ན། གནོད་འཚེ་ཐེབས་པའི་མི་ཡོད་དོ་ཅོག་ངའི་ཉེ་མི་ཡིན་པ་གསལ་བོར་ཚོར་འོངས། འདིའི་ངོས་ནས་འཇིག་རྟེན་ལ་བལྟ་རྒྱུ་ཡིན་ན། མིའི་ཡུལ་གྱི་རྩོད་གླེང་མཐའ་དག་གུ་དོག་ཅིང་ཉམ་ཆུང་བའང་ངས་སྔར་བས་གསལ་བོར་རྟོགས་སོང་། ཆེས་མཇུག་ཏུ་ངས་ད་དུང་ཚིག་ཅིག་བསྣན་འདོད་པ་ནི། ད་ལོའི་ཨོ་རྩལ་དང་ཐེངས་འདིའི་ས་ཡོམ་གྱི་དོན་སྙིང་ཐམས་ཅད་རྒྱལ་གཅེས་རིང་ལུགས་སུ་བསྡུས་པའི་མི་བུ་རྣམས་ལ་ངས་མཐའ་གཅིག་ཏུ་སྣང་ཆུང་བྱས་པ་ལས་བཤད་རྒྱུ་ཅི་ཡང་མེད་དོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号