མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བདུན་ལོན་པའི་ལེགས་སྐྱེས་སུ་ཕུལ།
དུས་རབས་ཉེར་གཅིག་པར་གོ་ལ་ཟླུམ་པའི་ཆ་འཕྲིན་གྱི་ཆུ་གཏེར་ཆེན་པོའི་ཀླུང་དུ་སྣ་ཚོགས་རིག་གནས་ཀྱི་རྡེབ་ཤུགས་དྲག་ཏུ་འཕྱོ་བའི་དུས་སུ་རང་མི་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་བ་དྲོན་མོ་ཉམས་པར་མི་བྱེད་པ་དང་འཛམ་གླིང་ཕུང་གཅིག་ཅན་ཏུ་འགྱུར་བའི་འགྲོས་དང་མཉམ་པར་བྱེད་པའི་དགོས་པ་ཡོངས་སུ་རྫོགས་པར་དགོངས་ནས། སྤྱི་ལོ2007ལོའི་ཟླ11ཚེས28ཉིན་བོད་ཡུལ་ཆོལ་ཁ་གསུམ་གྱི་ཡ་གྱལ་ཏེ་མདོ་སྨད་རིག་གནས་ཀྱི་གཤིན་ས་རུ་མཚོ་སྔོན་པོ་དྲ་བ་ཞེས་པའི་རིག་གནས་པདྨའི་དགའ་ཚལ་ཀུན་ནས་བཞད་ཅིང་། གངས་ལྗོངས་རིག་གནས་ལ་མོས་པའི་སྐྱེས་པོ་ཀུན་གྱི་སྤྱན་གྱི་བདུད་རྩི་རུ་གྱུར།
བགྲང་བྱ་བདུན་གྱི་རིང་ལ། ལོ་རྒྱུས་འཁོར་འགྲོས་ཀྱི་ཁུགས་དཀྱོགས་མང་པོའི་ཁྲོད་དཀའ་བ་སྟོང་ཕྲག་གདོང་གིས་བསུས་ཤིང་། མི་རིགས་ཀྱི་རིག་གནས་འཛིན་སྤེལ་གྱི་འགན་འཁྲི་གཅིག་ལྕོག་ཏུ་བཞེས་ལ། ནུས་པ་མཐའ་དག་རྩལ་གྱིས་སྤྲུགས་པར་བརྟེན། བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་སྲོག་རྩར་བརྒྱུས་པའི་མཚོ་སྔོན་པོ་དྲ་བ་རིམ་གྱིས་རྩ་བ་ཚུགས་ཤིང་འདབ་བརྒྱ་ལྷུག་པོར་གྲོལ་བ་སྟེ། མཚོ་སྔོན་པོ་རྒྱ་ཡིག་དྲ་བ(www.amdotibet.com)དང་མཚོ་སྔོན་པོ་བོད་ཡིག་དྲ་བ(www.amdotibet.cn)། མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས(http://blog.amdotibet.com)། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས(http://blog.amdotibet.cn)། མཚོ་སྔོན་པོའི་རླབས་སྒྲ(http://music.amdotibet.com)བཅས་ཁྱད་འཕགས་ཀྱི་སྒེར་གཤིས་མངོན་ཞིང་བརྗོད་བྱ་ཕུན་སུམ་ཚོགས་པོས་ཕྱུག་པའི་ཀ་ཁའི་སྟེགས་བུ་འཐུས་ཚང་ཞིག་བསྐྲུན་པས། མཚོ་སྔོན་པོ་དྲ་བ་དེ་བོད་ཀྱི་རིག་གནས་ཀྱི་ཕྱོགས་བསྡུས་དྲ་ཚིགས་ཤིག་ཏུ་གྱུར་བ་མངོན་པར་མཚོན།
དེར་མ་ཟད་མིག་རྒྱང་རིང་བའི་བློ་སྤོབས་ཀྱིས་ཀུན་ནས་བརྟས་ཤིང་། བླ་མེད་ཀྱི་འོས་འགན་ལྷུར་གྱིས་བླངས་པ་དང་། གསར་བསྐྲུན་གྱི་ལམ་ཁ་ཡངས་པོ་ཤུགས་ཀྱིས་བརྟོལ་བས། 2013ལོ་ནས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གསར་གཏོད་བྱེད་པའི་འཆར་གཞིའི་འགོ་ཚུགས་ནས་མིག་སྔར་ལས་གཞི་དངོས་སུ་ཞུགས་ལ། མི་འགྱངས་པའི་དུས་སུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འདི་ཉིད་ཤར་རིའི་རྒྱབ་ནས་འཕགས་པའི་ཉི་བཞོན་ཇི་བཞིན་འཛམ་གླིང་ཆ་འཕྲིན་ཅན་གྱི་ནམ་མཁའི་མཐོངས་སུ་རྨོངས་མུན་གྱི་མུན་པ་སིལ་བུར་གཏོར་ཏེ་གངས་ཅན་ཁ་བའི་ལྗོངས་སུ་འཆར་ཡོང་ངེས།
ལོ་ངོ་བདུན་གྱི་རིང་ལ། མཚོ་སྔོན་པོ་དྲ་བ་རིམ་གྱིས་འཕེལ་རྒྱས་བྱུང་བ་ནི་རྒྱ་ཆེའི་དྲ་གྲོགས་དང་སྨྱུག་ཐོགས་པ་རྣམས་ཀྱི་ཐུན་མོང་གི་རྩོལ་བའི་འདེགས་འཇོག་ལས་བྱུང་བའི་སྨིན་འབྲས་སུ་མངོན་ལ་ཁྱེད་ཚོའི་རྒྱབ་སྐྱོར་དང་འབྲལ་ཐབས་མེད་པས། ཉིན་མཚན་དབྱེར་མེད་དུ་བརྩོན་པའི་རྔུལ་ཆུ་གང་མང་བཏོན་མྱོང་བའི་བོད་ཁུལ་གྱི་སྨྱན་བྱད་དང་། ལས་ཁུངས། སློབ་གྲྭ་སོ་སོ་ན་ཡོད་པའི་གསར་འགོད་པ་སོགས་སྐྱེས་བུའི་ཚོགས་ཀྱིས་ལྷག་སེམས་རྣམ་དག་གིས་ཆ་འཕྲིན་ཕུན་སུམ་ཚོགས་པོར་བཏང་སྟེ་མཚོ་སྔོན་པོ་དྲ་བའི་སྙན་པའི་གྲགས་པ་དབྱར་རྔའི་ཟླ་བཞིན་རྒྱས་སུ་བཅུག་པར་ཞེ་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་། རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་ཕྱག་སོར་རྡེབ་ཐེངས་གཅིག་གིས་ང་ཚོའི་ལས་ཀར་རིན་ཐང་བསྩལ་ཞིང་མུ་མཐུད་དུ་འབད་འབུངས་བྱེད་པའི་རྒུལ་ཤུགས་བསྣན་པས་བཀའ་དྲིན་ཆེ་ཞུས་པ་ཡིན། དེ་ལས་གཞན་གོང་རིམ་གྱི་འགོ་ཁྲིད་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་དྲ་རྒྱའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com