གཡུ་བྲིས་གླེགས་བམ་ཆེན་མོས་འཛམ་གླིང་གི་ཟིན་ཐོ་བཏོད་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2025-07-01 10:51:29 ཀློག་གྲངས།:
       ཟླ6ཚེས28ཉིན། དགེ་འདུན་མཆོག་གྲུབ་ཀྱིས་གྲོས་འགོ་འདོན་ཞིང་། ཡིག་གཟུགས་མཁས་ཅན་ལྷུན་གྲུབ་རྒྱ་མཚོ་དང་ཁོང་གི་སློབ་མས་འགན་སྒྲུབ་མཛད་པའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས«འཛམ་གླིང་གཡུ་བྲིས་གླེགས་བམ་ཆེན་མོ»དེ་ཉིད་འཛམ་གླིང་གི་ཟིན་ཐོ་ངོས་འཛིན་ལས་ཁུངས(WRCA)ཀྱིས“འཛམ་གླིང་ཐོག་གི་གཡུ་བྲིས་གླེགས་བམ་ཆེ་ཤོས”ལ་ངོས་འཛིན་བྱས་པ་མ་ཟད་དཔང་ཡིག་ཀྱང་སྤྲད་ཡོད།
       དཔང་ཡིག་སྤྲོད་པའི་མཛད་སྒོ་དེ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་གཉེར་ཡོད། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དཀོན་མཆོག་བསྟན་འཛིན་དང་། སི་ཁྲོན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། སློབ་དཔོན་ཆེ་མོ་ལྡོང་ཡོན་ཏན་རྒྱ་མཚོ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་བཟང་། ལྷ་རིས་པ་ལེགས་སྨོན་སོགས་མཁས་དབང་དང་རིག་གནས་པ། དེ་བཞིན་ལས་རིགས་ཁག་གི་མི་སྣ་སོགས་སྐུ་མགྲོན་མང་པོ་ཞིག་མཛད་སྒོར་ཞུགས་ཡོད།
       མཛད་སྒོའི་ཐོག ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དཀོན་མཆོག་བསྟན་འཛིན་དང་བོད་རིག་པ་ཞིབ་འཇུག་མཁས་ཅན་བན་ཤུལ་དཔལ་མཁར་རྒྱལ་སོགས་ཀྱིས་གཡུ་བྲིས་གླེགས་བམ་ཆེན་མོ་འདི་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ཡིག་གཟུགས་བརྩམས་ཆོས་འདིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ། ལྷག་དོན་དུ་བོད་ཀྱི་རིག་གནས་ཞིབ་འཇུག་ཐད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་བ་སོགས་ཀྱི་ཐད་ནས་གསུང་བཤད་གནང་ཡོད།
       ཡིག་གཟུགས་བརྩམས་ཆོས་འདིའི་བློ་འདོན་པ་དགེ་འདུན་མཆོག་གྲུབ་ཀྱིས། བརྩམས་ཆོས་འདི་ནི་རིག་གནས་ཀྱི་ཆུ་ཚད་དང་སྒྱུ་རྩལ་གྱི་ཁྱད་ཆོས་གཉིས་ལྷན་གཅིག་ཏུ་འདུས་པའི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན་པ་དང་། འདིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ་ལས་ཀྲུང་ཧྭ་མི་རིགས་ཀྱི་གཅེས་ནོར་འདི་ཉིད་འཛམ་གླིང་གི་གར་སྟེགས་ཆེན་མོའི་ཐོག་ཏུ་བཀྲག་མདངས་འཚེར་བར་བྱས་པ་ཟད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དེང་རབས་ཀྱི་གཤོག་ཟུང་བསྩལ་ནས་ཡར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་བཞིན་པའང་མཚོན་ཡོད་ཅེས་གསུངས།
       ཤེས་རྟོགས་བྱུང་བར་གཞིགས་ན། གཡུ་བྲིས་གླེགས་བམ་ཆེན་མོ་འདི་ནི་ཡིག་མཁན་ལྷུན་གྲུབ་རྒྱ་མཚོ་དང་མཐོང་གྲོལ་གཙུག་ལག་ཁང་གི་སློབ་མ་རྣམས་ཀྱིས་ལོ་གཉིས་ལྷག་ཙམ་རིང་རིན་ཆེན་གཡུ་ཡི་ཁུ་བ་སྦྱངས་ཏེ་སྲོལ་རྒྱུན་བོད་ཤོག་ཐོག་ཏུ་ཕྱག་བྲིས་མཛད་པའི་བརྩམས་ཆོས་ཤིག་ཡིན། བརྩམས་ཆོས་འདིར་ཁྱོན་ཤོག་གྲངས630ཡོད་པ་དང་། དཀྱུས་ལ་ལི་སྨི145དང་ཞེང་ལ་ལི་སྨི65ཡོད་ཅིང་། བརྩམས་ཆོས་ཧྲིལ་པོའི་དཔངས་ལ་ལི་སྨི72ཡོད།
       ཡིག་མཁན་ལྷུན་གྲུབ་རྒྱ་མཚོ་ནི1989ལོར་རྔ་བ་ཁུལ་རྔ་བ་རྫོང་དུ་སྐྱེས་པ་དང་། 2007ལོ་ནས་བཟུང་ཡིག་གཟུགས་འབྲི་སྦྱོང་གི་མགོ་བརྩམས་ཤིང་། རྔ་བ་དང་མཚོ་སྔོན། ལྷ་ས། གཞིས་རྩེ། ཆབ་མདོ་སྟེང་ཆེན་རྫོང་། ཀན་ལྷོ་གཙོས་གྲོང་ཁྱེར་སོགས་སུ་ལོ་ངོ་བཅུ་དགུའི་རིང་རྒྱུན་མ་ཆད་པར་བོད་ཀྱི་ཡིག་གཟུགས་སྣ་མང་ལ་འབད་པ་ལྷུར་ལེན་གནང་བ་དང་། དེ་རྗེས་མཚོ་སྔོན་དང་ལི་ཐིང་སོགས་སུ་ཡིག་གཟུགས་སྦྱོང་མཁན་སློབ་མ་ཡང་མང་པོ་གསོ་སྐྱོང་གནང་། ཁོང་གི་ཚབ་མཚོན་བརྩམས་ཆོས་གྲས་སུ་ཀྲུང་གོའི་བོད་ཀྱི་གསོ་རིག་ཞལ་ཐང་ཆེན་མོའི་སྨི་70ལྷག་ཡོད་པའི་གསོ་རིག་རྒྱུད་བཞིའི་གསེར་བྲིས་ཞལ་ཐང་དང་། 2023ལོའི་ཟླ7ཚེས21ཉིན་འཛམ་གླིང་ཟིན་ཐོའི་ངོས་འཛིན་དཔང་ཡིག་ཐོབ་པའི་འཛམ་གླིང་གི་ཆེས་ཆེ་བའི་དངུལ་བྲིས་ཆེན་མོ། 2024ལོའི་ཟླ7ཚེས13ཉིན་ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་བཏོད་པའི་འཛམ་གླིང་བྱུར་མཚལ་ལག་བྲིས་ཆེན་མོ་སོགས་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།