༄༅།།《ཤེས་བྱ་ཀུན་གསལ》དཔེ་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-04-19 09:51:54 ཀློག་གྲངས།:
       ཉེ་ལམ། མཐོ་རིམ་སློབ་འབྲིང་གི་སློབ་དེབ་གསར་བའི་ནང་དོན་ལ་སློབ་གཉེར་བྱེད་བཞིན་པའི་མཐོ་འབྲིང་སློབ་མར་བོད་ཡིག་གི་ལྷན་ཐབས་དང་སྦྱོང་དེབ་སོགས་དཀོན་པའི་སྟོང་ཆར་དམིགས་ནས་བསྒྲིགས་པའི《ཤེས་བྱ་ཀུན་གསལ》ཞེས་པའི་སྦྱངས་གཞིའི་ལྷན་ཐབས་འདི་ཉིད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།
       དེབ་འདིར་སྒྲིག་པ་པོས་གཅིག་ནས་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་ཀྱི་ནང་དོན་ལ་གཞི་བྱས་ཡོད་པ་དང་། གཉིས་ནས་བསླབ་ཚན་བསྒྱུར་བཅོས་གསར་བའི་དགོངས་པ་དང་རེ་འདུན་ལའང་བརྩི་བཀུར། གསུམ་ནས་བསླབ་ཚན་མཐོ་འབྲིང་སྐད་ཡིག་སློབ་དེབ་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དག་ཀྱང་དམ་དུ་བཟུང་སྟེ། བོད་རིགས་ཀྱི་སློབ་མ་རྣམས་སློབ་ཆེན་བོད་ཡིག་རྒྱུགས་ཚད་ལ་བསྐྱར་སྦྱོང་སྟ་གོན་བྱེད་སྐབས་ཕན་ཐོགས་ཆེ་ཞིང་། སློབ་གསོའི་འཐབ་ཕྱོགས་ཀྱི་རིམ་པ་དང་པོའི་ལས་གནས་སྟེང་གི་བོད་ཡིག་དགེ་རྒན་ཚོར་ཡང་རྒྱུན་མཁོའི་དཔྱད་ཡིག་ལྟ་བུ་ཞིག་མཁོ་འདོན་བྱས་ཡོད།
      དེ་མིན་འདྲི་གཞིའི་ཚད་གཞི་དང་ནང་དོན། དཀའ་སླ་སོགས་ཀྱི་ཐད་ནས《མཐོ་རིམ་སློབ་འབྲིང་གི་སྐད་ཡིག་བསླབ་ཚན་ཚད་གཞི》ཡི་དཔྱད་འཇོག་ཚད་གཞི་དང་བསྟུན་ཅི་ཐུབ་བྱས་ཡོད་པ་མ་ཟད། བྱེ་བྲག་ཏུ་སློབ་ཚན་རེ་རེར་དྲི་བ་དྲིས་ལན་གྱི་ཚུལ་དུ་གཙོ་བོ་སྐད་ཡིག་གི་རྨང་གཞིའི་ཤེས་བྱའི་སྐོར་གྱི་ནང་དོན་མང་པོ་འགོད་ཅི་ཐུབ་བྱས་ཡོད་ལ། བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་འགན་ཁུར་ལྟར་སྐད་ཡིག་དང་རིག་གནས་ལ་འབྲེལ་བ་ཡོད་པའི་ལོ་རྒྱུས་སྐོར་གྱི་དྲི་བ་རེ་འགའ་ཡང་ནང་དུ་ཚུད་པར་བྱས་ཡོད།
      ལྟ་ཀློག་དབྱེ་ཞིབ་ཀྱི་འདྲི་ཚིག་ཐད་ནས།  སྐད་ཡིག་གི་རྨང་གཞིའི་ཤེས་བྱ་རྟོགས་ཡོད་མེད་ལ་བརྟག་པའི་ཆེད་དུ་སུམ་རྟགས་དག་གསུམ་དང་། སྙན་ངག རྩོམ་འབྲིའི་ཤེས་བྱ་སོགས་སྐོར་གྱི་འདྲི་ཚིག་དང་། སྐད་ཡིག་གི་ནུས་པར་བརྟག་པའི་ཆེད་དུ་ལྷུག་རྩོམ་དང་། སྒྲུང་གཏམ། སྙན་ངག ཟློས་གར་སོགས་ལ་ལྟ་ཀློག་དང་། གསལ་བཤད་རྩོམ་ཡིག་དང་། དགག་སྒྲུབ་རྩོམ་ཡིག་སོགས་ལ་ལྟ་ཀློག་བྱེད་པའི་རྒྱུ་ཆ་གཙོ་ཆེར་རིགས་གཉིས་བཀོད་ཡོད་ལ། དེ་ཡང་རྩོམ་རིག་བརྩམས་ཆོས་ཡིན་ན་བརྗོད་བྱའི་བསྟན་དོན་དང་། རྩོམ་སྟངས་ཀྱི་ཁྱད་ཆོས། རྒྱན་གྱི་ངོས་འཛིན། ཕྲད་ཀྱི་འཇུག་ཡུལ་སོགས་ཀྱི་དྲི་བ་བཏོན་ཡོད་པ་དང་། གསལ་བཤད་རྩོམ་ཡིག་དང་དགག་སྒྲུབ་རྩོམ་ཡིག་ཡིན་ན་མཚོན་ཐབས་དང་རྒྱུ་ཆའི་ཁྲོད་ཀྱི་བརྡ་འཕྲིན་སྡུད་གསོག་དང་རིགས་དབྱེ། སྤྱི་སྡོམ་བྱེད་པའི་ནུས་པར་བརྟག་པའི་དྲི་བ་ཡང་བཀོད་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།