༄༅།།བོད་ལུགས་གསོ་རིག་ལས་གྲུམ་ནད་དང་པགས་ནད་རིགས་ཀྱི་དཔེ་ཆ་ཕྱོགས་བསྒྲིགས་དཔེ་སྐྲུན་བྱས། 

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2021-05-17 09:43:35 ཀློག་གྲངས།:
      ཉེ་ལམ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ལུགས་གསོ་བ་རིག་པ་ལས་གྲུམ་བུའི་ནད་དང་པགས་ནད་རིགས་ཀྱི་དཔེ་ཆ་ཕྱོགས་བསྒྲིགས་དཔེ་སྐྲུན་འགྲེམས་སྤེལ་བྱས།
བོད་ལུགས་གསོ་བ་རིག་པ་ལས་གྲུམ་བུའི་ནད་བཅོས་པའི་ཡིག་ཚང་གཅེས་བཏུས།
      དེབ་འདིར། བོད་ཀྱི་གསོ་རིག་ཀུན་བཏུས་པོད་དང་པོ་ནས་དྲུག་ཅུའི་ནང་ཞུགས་པའི་བརྩམས་ཆོས་དྲུག་བརྒྱ་སོ་བརྒྱད་ནང་གྲུམ་བུའི་ནད་ཀྱི་བརྟག་བཅོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བོད་ཀྱི་གསོ་རིག་རྗེས་འཛིན་མི་སྣ་རྣམས་དང་། ལྷག་པར་དུ་ནད་ཐོག་སྨན་པ་ཡོངས་ལ་བོད་ལུགས་གསོ་རིག་གཞུང་ནས་བསྟན་པའི་གྲུམ་བུའི་ནད་ཀྱི་བརྟག་བཅོས་ཁག་བལྟ་བདེ་བ་དང་འཚོལ་བདེ་བ། ནད་ཐོག་དངོས་ཀྱི་ལག་ལེན་ལ་སྤྱོད་བདེ་བར་བྱས་ཡོད་པས། དེས་ཀྱང་སྤྱིར་རྗེ་བཙུན་གཡུ་ཐོག་པའི་བསྟན་པ་རྒྱས་པ་དང་ཡང་སྒོས་གྲུམ་བུའི་ནད་ཀྱིས་གཙེས་པའི་ཉམ་ཐག་ནད་པ་ཡོངས་ལ་ཕན་ཐོགས་པའི་རྒྱུར་གྱུར་ཅིག །  
བོད་ལུགས་གསོ་རིག་ལས་ཆུ་སེར་པགས་གྲམ་སོགས་པགས་ནད་རིགས་ཀྱི་བརྟག་བཅོས་དཔེ་ཆ་ཕྱོགས་བསྒྲིགས།
      དེབ་འདིར། སྒྲིག་པ་པོས་དེང་སྐབས་མངར་སྐྱུར་ལན་ཚྭའི་ཟས་སྐོམ་སྣ་ཚོགས་ལ་བསྟེན་ཆེས་པ་དང་མཚན་མོ་དུས་ལྟར་མ་ཉལ་བ་ལ་སོགས་པའི་ཚུལ་མིན་གྱི་ཟས་སྤྱོད་སྣ་ཚོགས་ཀྱིས་ནང་ལུས་ཕུང་གི་འདུ་བ་འཁྲུགས་ཏེ་སྲིན་དང་ཆུ་སེར་གྱི་ལྡང་ཚད་འཕེལ་ཞིང་འཁྲུགས་ཏེ་ཆུ་སེར་པགས་གྲམ་སོགས་པགས་ནད་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་པ་དེས་ནད་པ་མང་པོའི་ལུས་སེམས་ལ་མི་བདེ་བའི་ཚོར་བ་དྲག་པོ་བཟོ་བཞིན་འདུག་ལ། ལྷག་པར་དུ་མཛེས་ཆོས་ཀྱི་ལྟ་བ་དར་ཆེ་བའི་ད་ལྟའི་དུས་སྐབས་སུ་ཆུ་སེར་པགས་གྲམ་སོགས་པགས་ནད་དེ་དག་གིས་གཞོན་དར་མང་པོའི་ཕུགས་བསམ་དང་། བརྩེ་དུང་།ཡིད་ཆེས་ཀྱི་སྤོབས་པ་བཅས་ལ་འགོག་རྐྱེན་ངེས་ཅན་བཟོ་བ་ལ་སོགས་པའི་དངོས་ཡོད་གནས་ཚུལ་ལ་ཕན་ནུས་ལྡན་པའི་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་ལེགས་པོ་ཞིག་བྱུང་ན་བསམ་པའི་དམིགས་ཡུལ་དང་། ནད་གཞི་དེ་ལྟ་བུར་ཞིབ་འཇུག་བྱེད་འདོད་པའི་གཞོན་སྐྱེས་དུས་ཚོད་དབུལ་ཞིང་དཔེ་མང་འཚོལ་བའི་ངལ་བ་ལ་མི་བཟོད་པ་རྣམས་དང་། གསོ་རིག་འཛིན་པ་གཞན་རྣམས་ལའང་ཕྱོགས་བསྡུས་ཀྱི་དཔྱད་གཞིའི་ཚུལ་དུ་མཁོ་འདོན་ཐུབ་ན་སྙམ་པའི་འདུན་པ་གཙང་མས་བོད་ལུགས་གསོ་རིག་ལས་ཆུ་སེར་པགས་གྲམ་སོགས་པགས་ནད་བརྟག་བཅོས་སྐོར་གྱི་ཡིག་ཆ་དག་ཕྱོགས་བསྒྲིགས་བྱས་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།