༄༅།།མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་དཔེ་ཀློག་བྱ་འགུལ་སྤེལ་བ།

རྩོམ་པ་པོ།:རིག་བུ་ཟླ་བྷེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-19 15:04:13 ཀློག་གྲངས།:
སློབ་བུས་དཔེ་ཀློག་མྱོང་ཚོར་གླེང་བ།
དཔེ་ཆ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་ཐེམ་སྐས་ལྟ་བུ་ཞིག་ཡིན་པ་དང་། དཔེ་ཀློག་ནི་མི་ཞིག་གི་མི་ཚེའི་ཧྲིལ་བོའི་སློབ་སྦྱོང་གི་གོ་རིམ་ཞིག་ཡིན་ཞིང་དཔེ་ཀློག་ལ་བརྟེན་ནས་ཤེས་བྱ་མང་པོ་གསོག་འཇོག་བྱེད་ཐུབ་ལ། ལྟ་རྒྱ་དང་ཐོས་རྒྱ་བསྐྱེད་ཐུབ་པ། རང་ཉིད་ཀྱི་རྒྱུད་ལ་ཡང་དག་པའི་རིན་ཐང་གི་ལྟ་བ་དང་མི་ཚེའི་ལྟ་བ། འཇིག་རྟེན་གྱི་ལྟ་བ་ཆགས་པར་བྱས་ཏེ་རང་ཉིད་ཀྱི་རིན་ཐང་ཇེ་མཐོར་གཏོང་ཐུབ་པས། སློབ་རའི་རིག་གནས་འཛུགས་སྐྲུན་དང་སློབ་གྲོགས་ཚོར་བསླབ་ཕྱིའི་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་པའི་སླད་དུ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོའི་ཀུན་སྤྱོད་སློབ་གསོ་ཁང་གིས་སྤྱི་ལོ༢༠༢༠ལོའི་ཟླ༦ཚེས༡༨ཉིན་གྱི་དགོང་དྲོའི་ཆུ་ཚོད་བདུན་གྱི་སྟེང་སློབ་གྲྭའི་སྙན་ཞུའི་ཚོམས་ཁང་དུ“སློབ་རའི་ཀློག་པ་པོ་ཆུང་ཆུང”རྟགས་མའི་དཔེ་ཀློག་མྱོང་ཚོར་གཏམ་གླེང་འགྲན་བསྡུར་སྐབས་དྲུག་པ་གཟབ་རྒྱས་ངང་བསྡུས་ཤིང་། དགེ་སློབ༡༠༠༠ལྷག་བྱ་འགུལ་ལ་ཞུགས།
སློབ་བུས་དཔེ་ཀློག་མྱོང་ཚོར་གླེང་བ།
ཐེངས་འདིའི་དཔེ་ཀློག་བྱ་འགུལ་ནི་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁང་གི་སྣེ་ཁྲིད་འོག་སློབ་མའི་སྤྱིའི་ཚོགས་པ་དང་དཔེ་ཀློག་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་ལ། དཔེ་ཀློག་ལ་མོས་པ་ཡོད་པའི་འགྲན་ཞུགས་སློབ་གྲོགས༨༠ལྷག་ཐོག་མའི་བསལ་འདེམ་གྱི་འགྲན་རྩོད་བརྒྱུད་ནས་དེ་ལས་དཔེ་ཆར་ལྟ་རྒྱ་ཆེ་ཞིང་རིགས་ལམ་གསལ་ལ། སྨྲ་ལྕེ་རྒོད་པའི་སློབ་གྲོགས་བཅུ་གསུམ་རྟིང་རྩོད་འགྲན་བསྡུར་དུ་ཚུད། སློབ་གྲོགས་ཚོས་བཀླགས་པའི་དཔེ་ཆའི་ནང་དོན་ལ་མི་རིགས་རང་དང་ཀྲུང་ཕྱིའི་གནའ་དེང་མཁས་པས་མཛད་པའི་རྩོམ་རིག་བརྩམས་ཆོས་དང་རིག་གནས་ལོ་རྒྱུས། མི་ཆོས་བསམ་བློ་སྐོར་གྱི་བསྟན་བཅོས་སོགས་ནང་དོན་རྒྱ་ཆེ་ལ། རྣམ་པ་ཕུན་སུམ་ཚོགས་ཤིང་། ཚིག་ཉུང་དོན་འདུས་དང་ཁ་གསལ་གོ་བདེའི་ལམ་ནས་རང་གིས་བཀླགས་པའི་བསྟན་བཅོས་ཀྱི་བརྗོད་དོན་དང་དེ་ལས་ཐོབ་པའི་སེམས་ཀྱི་མྱོང་ཚོར་སློབ་རའི་སློབ་སྦྱོང་གི་འཚོ་བ་དངོས་དང་སྦྱར་ནས་ཚོགས་རའི་དགེ་སློབ་ཀུན་གྱི་ ཡིད་ཀྱི་གསོས་དང་རྣ་བའི་བཅུད་དུ་ལྷུག་པོར་སྤྲོས་པས་སློབ་རའི་སློབ་སྦྱོང་གི་འཚོ་བར་སྔ་ན་མེད་པའི་གསོན་ཤུགས་ཀྱིས་གཏམས་པར་བྱས་ཤིང་། བྱ་འགུལ་གྱི་གོ་རིམ་ཁྲོད་དགེ་རྒན་རྣམས་ཀྱིས་དྲང་བདེན་དང་འདྲ་མཉམ་གྱིས་དཔྱད་འདེམ་བྱས་པ་བརྒྱུད་མཐོ་གཅིག་འཛིན་གྲྭ་བདུན་པའི་སློབ་གྲོགས་གཡང་འབུམ་རྒྱལ་ལ“སློབ་རའི་ཀློག་པ་པོ་ཆུང་ཆུང”གི་མཚན་སྙན་ཐོབ་པ་དང་། མཐོ་གཉིས་འཛིན་གྲྭ་གཉིས་པའི་སློབ་གྲོགས་འབྲུག་འབུམ་ཚེ་རིང་སོགས་ལ་བྱ་དགའ་ཨང་དང་པོ་སོགས་རིམ་པར་ཐོབ།
གཟེངས་རྟགས་ཐོབ་མཁན་གྱི་སློབ་བུ།
གཟེངས་རྟགས་ཐོབ་མཁན་གྱི་སློབ་བུ་དག
གཟེངས་རྟགས་ཐོབ་མཁན་གྱི་སློབ་བུ་དག
མཇུག་མཐར། སློབ་གྲྭའི་སློབ་དཔྱོད་ཁང་གི་ཀྲུའུ་རིན་རྒན་པདྨ་རྡོ་རྗེ་ལགས་ཀྱིས་འགྲན་བསྡུར་གྱི་གནས་ཚུལ་ལ་སྤྱི་སྡོམ་བྱས་ཤིང་། ཁོང་གིས་དཔེ་ཀློག་ནི་སྤྱི་ཚོགས་ཧྲིལ་བོའི་མི་བུ་ཡོངས་དང་སྒོས་སུ་སློབ་གཉེར་བ་ཞིག་མཚོན་ན་དཔེ་ཀློག་ལ་གོམས་པར་བྱ་དགོས་པ་དང་། དཔེ་ཀློག་ལ་བརྟེན་ནས་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཤེས་བྱ་མང་པོ་རྒྱུད་ལ་འབྱོར་ཐུབ་པ་དང་། ད་དུང་གནའ་དེང་གི་ཤེས་ཡོན་པ་མང་པོ་ཞིག་གི་བསམ་བློ་དང་རྒྱུད་ཀྱི་ཡོན་ཏན་ལ་སློབ་སྦྱོང་བྱ་ཐུབ་པ་མ་ཟད། རང་ཉིད་ཀྱི་བསམ་བློའི་ཚད་ཇེ་མཐོ་དང་ཤེས་བྱའི་ཆུ་ཚད་ཇེ་ལེགས་སུ་གཏོང་ཐུབ་པས་སློབ་གྲོགས་ཚོས་དཔེ་ཀློག་ལ་འབད་པ་བྱ་དགོས་པ་སོགས་དཔེ་ཀློག་གི་ཕན་ནུས་དང་དགེ་མཚན་འབྲེལ་ནས་གསུང་གི་གདམས་ངག་མང་དུ་བསྩལ་ཏེ་བྱ་འགུལ་མཇུག་བསྡུས་པའོ། །

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།