ས་ལེ་བར་དྲུག་སྟོང་གི་འགྲུལ་བཞུད། ལེའུ་བཞི་པ།
རྩོམ་པ་པོ།:བསེ་ཀུན་དོང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-08-30 09:27:30
ཀློག་གྲངས།:
འདུན་མ་གཅིག་པ།
2023ལོའི་ཟླ7པའི་ཚེས24ཉིན།
ལམ་ཐིག ཉིང་ཁྲི་ནས་ལྷ་ས།
ལམ་ཐག སྤྱི་ལེ391
བགྲོད་ལམ། G4218
དམིགས་ཡུལ། ཕོ་བྲང་བྱམས་པ་མི་འགྱུར་གླིང་། ར་སའི་གཙུག་ལག་ཁང་།
ཉིང་ཁྲི་ནི་བོད་ལྗོངས་ས་ཁུལ་གྱི་ས་བབ་ཆེས་དམའ་ས་དང་ཡུལ་ལྗོངས་ཆེས་མཛེས་ས་དེ་ཡིན་པར་བཤད་མོད། ང་ཚོ་ཉིང་ཁྲིར་འབྱོར་དུས་ས་སྲོད་ཅིག་རེད། ང་ཚོས་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་ལྟ་ཆེད་དུ་མགྲོན་ཁང་རྩེག་རིམ་མཐོ་ས་ཞིག་འདེམས་པ་ཡིན་མོད། མཚན་མོ་དེར་ཆར་བབས་ཤིང་ཞོགས་པར་རི་ཀློང་སྨུག་པས་བཟུང་བས་རྒྱང་ཐག་རིང་བོ་མིག་གིས་མ་ཆོད། ནངས་ཇ་འཐུང་མ་ཐག་མདུན་གྱི་སྣུམ་སྣོན་ས་ཚིགས་ནས་སྣུམ་སྒམ་གང་བླུགས་རྗེས་མྱུར་ལམ་ལ་ཞུགས་ནས་སྤྱི་ལེ་སུམ་ཅུ་ལྷག་ལ་ཤར་བསྐྱོད་བྱས་མོད། ལམ་གླ་ལེན་ས་ཞིག་ལ་མ་ཐུག་པས་ཡ་མཚར་སྐྱེས། མ་གཞི་ལྷ་སའི་མྱུར་ལམ་གྱི་ལམ་གླ་སྣུམ་རིན་གྱི་ཐོག་བསྣན་ཡོད་པ་ཤེས། རླངས་འཁོར་བང་གིས་བརྒྱུགས་ནས་མལ་གྲོ་གོང་དཀར་རྫོང་དུ་སླེབས་བྱུང་།

རྒྱ་མ་གྲོང་ཚོ་ནི་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡིན་ཞིང་ལྷ་སའི་སྐྱིད་ཆུའི་སྟོད་ཕྱོགས་སུ་ཡོད། ཕྱི་མཁར་གྱི་སྒོ་མོ་བརྗིད་ཆགས་ཤིང་ནང་རྒྱ་མ་གྲོང་ཚོ་འབྱོར་ཕྱུག་གིས་བྱིན་ཆགས་པ་སྟེ། རི་བོ་མཎྜིལ་གྱི་འདབས་འདི་ནི་རྩྭ་ཆུ་ནགས་གསུམ་དང་གཅན་གཟན་རི་དྭགས། བྱ་རིགས་སྣ་ཚོགས་འཛོམས་ས་ཞིག་རེད། མཁར་ནང་གི་ཁྱིམ་ཚང་རེ་རེའི་ཁང་སྟེང་གི་ཕྱོགས་བཞིར་ལབ་ཙེ་ཆུང་ཆུང་བསྟད་ཡོད། ལར་བོད་ཀྱི་ཁྱིམ་ཚང་ཞིག་ཡིན་ན་དར་ལྕོག་འཛུགས་སྲོལ་ཡོད་མོད། དར་ལྕོག་འཐེན་སྟངས་མི་འདྲ། འབྲོག་པ་ཚོས་སྦྲ་ནག་ལ་སྒོ་དར་འཐེན་པ་དང་ཆོན་སྐེད་དུ་བཅིངས་པའང་ཡོད། རོང་བ་ཚོས་མཁར་ཁ་དང་སྒོ་མདུན་དུ་དར་ཤིང་རིང་བོ་བསླངས་ཏེ་དར་ལྕོག་འཐེན་པ་རེད། འདིར་དར་ལྕོག་གི་ཚབ་ཏུ་ལབ་ཙེ་ཆུང་ཆུང་བསྟད་ཡོད་པ་འདྲ། དེ་མིན་མཁར་ནང་གི་སྲོང་བཙན་སྒམ་པོའི་རྗེས་དྲན་ཁང་དང་། སྲོང་བཙན་ལྷ་ཁང་། བྱམས་པ་མི་འགྱུར་གླིང་གི་རྗེས་ཤུལ། ཧོར་ཁང་གཞིས་ཀ བྱམས་པ་མི་འགྱུར་གླིང་གི་ཆུ་མིག་སོགས་ནི་ཡུལ་སྐོར་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་འདུག སྲོང་བཙན་གྱི་འཁྲུངས་གཞིས་ལ་ངོས་འཛིན་ཚུལ་མི་འདྲ་སྟེ། གཅིག་ནི་ད་ལྟའི་སྲོང་བཙན་སྒམ་པོའི་རྗེས་དྲན་ཁང་བཞེངས་ས་དེ་ཡིན་ཟེར། གཅིག་ཤོས་ནི་བྱམས་པ་མི་འགྱུར་གླིང་གི་ཆུ་མིག་ཡོད་ས་དེ་ཡིན་ཟེར།
མདོར་ན་རུ་སྡེ་མ་འཐོར་ན་རིག་གནས་ལོ་རྒྱུས་མི་འཇིག་པར་ཐ་གུའི་སྐྱ་མ་ཡ་མ་བྲལ་བའི་ཚུལ་དུ་མཉམ་འགྲོ་མཉམ་འདུག་མཉམ་གནས་ཐུབ་པའི་ཚུལ་ལ་ཉམས་དགའ་ཞིང་བག་དྲོ་བ་ཞིག་ཅི་ལ་མིན།

ལྷ་ལྡན་དག་པའི་ཞིང་ལ་འགྲོ་བ་ནི་མཐའ་འཁོབ་བོད་མི་རྣམས་ཀྱི་མི་ཚེའི་འདུན་མར་གྱུར་གཤིས། གནའ་སྔ་མོར་སྐྱ་མི་དང་རྐང་ཐང་། ཕྱག་འཚལ་ནས་ཟླ་ཐོག་ལ་ལོ་བརྩེགས་ཏེ། ཕ་ནོར་དང་བསགས་པའི་ནོམ་པ་རྩ་ཆེན་ཁྱེར་ནས་དབུས་མཇལ་ལ་འགྲོ་བ་རེད། ཚེ་གང་ལ་གསོག་པའི་རྒྱུ་ནོར་དབུས་མཇལ་ལ་བསྟིམས་ན་ཚོགས་བསགས་རྨད་དུ་བྱུང་བ་ཞིག་ཏུ་བརྩི། ཡིན་ཡང་དབུས་ལམ་རིང་ཞིང་རྩུབ་པ་སྟེ། གཙང་གསུམ་གྱི་ཁ་བྱང་ཆེ་བ་དང་རྐུན་ཇག་གི་རྔམ་ཁ་རྒོད་པས་འཚམས་པོར་དབུས་ལ་ཐོན་པ་ཅུང་དཀའ་བས། དྲེལ་པ་དང་ལག་དོ་མང་པོར་འགྲོགས་ནས་འགྲོ་ཐུབ་པར་རེ་ཞིང་དབུས་རོགས་སྒྲིག་ནས་འགྲོ་སྲོལ་ཡོད།
ང་རང་ལོ་བཅུ་ལ་སོན་པའི་སྟོན་མཇུག་ཅིག་སྟེ། ལོ་ངོ་སུམ་ཅུའི་ཡར་སྔོན་ལ་ཨ་ཁུས་འཁྲིད་ནས་ཀླད་འགེབ་མེད་པའི་རླངས་འཁོར་ལ་བསྡད་དེ་དབུས་ལ་འབྱོར་ཞིང་། བར་སྐོར་གྱི་སྲང་ལམ་ནས་ཉིན་གང་ལ་བོར་བ་བརྗེད་དུ་མེད། བར་སྐོར་གྱི་སྲང་ལམ་འདྲ་ཆེ་བས་ད་ལྟའང་མཆོད་མཇལ་པ་མགོ་འཁོར་བ་མང་བར་བཤད།
དེ་རིང་ང་ཚོ་ཉིན་གུང་ཡོལ་ཙམ་ལ་ལྷ་ས་གྲོང་ཁྱེར་ལ་བསླེབས་བྱུང་། རླངས་འཁོར་ལས་གངས་ལྗོངས་ཁུ་བྱུག་སྔོན་མོའི་རྡུང་ལེན༼ལས་དབང་བཙན་པོ་ཞིག་གིས། ཨ་མདོའི་བུ་ཆུང་ང་རང་། མཛེས་སྡུག་ལྷ་སའི་ཡུལ་ལྗོངས། མཐོང་བའི་བསྐལ་བ་ལྡན་བྱུང་། ཕོ་བྲང་པོ་ལ་ཏ་ལ་ཡི། རྒྱ་ཕིབས་སེར་པོ་མཐོང་དུས། ་་་་་་༽འདི་བཏང་མ་ཐག་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕོ་བྲང་པོ་ཏ་ལ་ཡི་གཟི་བྱིན་མཐོང་བས་ང་ཚོ་བཟའ་མི་འཁོར་དང་བཅས་པ་འུར་ལོང་སེ་འཇགས་མི་ཐུབ་པའི་དགའ་སྤྲོ་རབ་ཏུ་འཁོལ།

ལྷ་སར་འབྱོར་མ་ཐག་ཇོ་མཇལ་ཡོང་བར་རེ་བ་ནི་མཆོད་མཇལ་པ་ཚང་མའི་རེ་བ་ཉག་གཅིག་ཡིན་པས། དབུས་གྲོགས་གཡང་འབུམ་རྒྱལ་དང་ངེད་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་རླངས་འཁོར་གཙུག་ལག་ཁང་གི་མདུན་དུ་བསྐོར་དགོས་པར་བསམས་མོད། བར་སྐོར་གྱི་འགྲིམ་འགྲུལ་ཁེགས་ཤིང་རླངས་འཁོར་འཇོག་ས་མེད་སྟབས། སྔོན་ལ་མགྲོན་ཁང་དུ་སོང་ནས་རླངས་འཁོར་བཞག་རྗེས་རྐང་ཐང་ལ་ཡོང་རྒྱུ་བྱས་པ་ཡིན། སྟབས་ལེགས་པ་ཞིག་ལ་མགྲོན་བདག་བརྒྱུད་ནས་གྲལ་མ་སྒྲིག་པར་ཇོ་བོར་ཤར་མཇལ་ལོན་པས་སེམས་པ་ཤིན་ཏུ་བྲོད། ཇོ་ཁང་གི་དཀོན་གཉེར་ཞིག་གིས་རྒྱ་མི་མཆོད་མཇལ་པ་ཚོ་ལ་སངས་རྒྱས་གང་ན་བཞུགས་ཤེ་ན། དད་པ་ཡོད་ན་སངས་རྒྱས་སེམས་ན་བཞུགས་ཟེར། དེ་དུས་ངས་ཀྱང་བཀའ་ཐང་དུ། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་འབྱུང་། །ཟེར་བ་ཡིད་ལ་ཝ་ལེར་དྲན། འོན་ཏེ། ཇོ་ཤཱཀ་རྣམ་གཉིས་ནི་ས་གནས་ཀྱི་དགོན་པ་དང་བོད་མིའི་མཆོད་ཁང་དུ་མེད་པ་མི་སྲིད་མོད། དབུས་མཇལ་པ་ཚོ་བསམ་གཟས་ནས་ལྷ་སར་ཡོང་དོན་ཅི་ཡིན་ནམ་ཟེར་བའི་དྲི་བ་འདི་ང་ཚོ་སློབ་ཆེན་སྐབས་སུ་དགེ་རྒན་གྱིས་དྲིས་མྱོང་། ཇོ་ཤཱཀ་རྣམ་གཉིས་བོད་དུ་བྱོན་ཚུལ་དང་ཁོང་རྣམ་གཉིས་ཀྱི་ལྷ་ཁང་ལ་བཤད་པ་མི་མཐུན་པ་ཅུང་རེ་ཡོད་ཀྱང་། ཇོ་ཤཱཀ་རྣམ་གཉིས་ནི་རྣམ་འདྲེན་བཞི་བ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བཞུགས་དུས་ཁོང་གིས་དངོས་སུ་རབ་གནས་མཛད་པས་འཛམ་གླིང་ན་མེད་པའི་རིན་པོ་ཆེ་ཡིན་གཤིས། སངས་རྒྱས་དངོས་ལ་མཇལ་བའི་བྱིན་རླབས་དང་ཚན་ཁ་ཆེ་བ་དད་ལྡན་བོད་མི་ཀུན་གྱི་ཁ་ན་རླུང་ལྟར་གྲགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།