༄༅།།པད་མ་ཚེ་རིང་། ཀུན་གྱིས་མཐེ་བོང་སྒྲེང་བའི་སྒྲ་སྙན་རྒྱལ་པོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་དབྱང་བོད་སྐད་རྒྱང་སྒྲོག་དྲ་ལམ། དུས་ཚོད།:2020-01-14 09:46:55 ཀློག་གྲངས།:
བོད་ཀྱི་སྒྲ་སྙན་དཀྲོལ་གཏོང་སྐོར་གླེང་སྐབས། སྐྱེ་བོ་མང་པོའི་དྲན་ཤེས་མེ་ལོང་ངོས་སུ། གར་སྟེགས་མང་པོའི་སྟེང་ཕྱག་ཏུ་སྒྲ་སྙན་བསྣམས་ཤིང་། ལུས་ལ་གཟབ་མཆོར་སྤྲས་པའི་གཞོན་སྐྱེས་ཤིག་གིས་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་ཡུལ་ལུང་སོ་སོའི་སྒྲ་སྙན་དཀྲོལ་གཏོང་མཁན་ཁོང་འཆར་སྲིད། ཁོང་ནི་གཞིས་རྩེ་ངམ་རིང་བཟང་བཟང་ནས་ཡིན་ཞིང་ད་ལྟ་བོད་ལྗོངས་སློབ་ཆེན་དུ་དམངས་ཁྲོད་སྒྱུ་རྩལ་གྱི་ཡ་གྱལ་ལ་སྟོད་ལྷོ་བྱང་གི་སྒྲ་སྙན་རིག་གནས་ལ་ཞིབ་འཇུག་གནང་བཞིན་པའི་པད་མ་ཚེ་རིང་ལགས་རེད།
སྒྱུ་རྩལ་ལ་བཅངས་པའི་བརྩེ་བ།
རྒན་རབས་མང་པོ་ཞིག་འཇིག་རྟེན་ཕྱི་མའི་ཞིང་དུ་ཕེབས་པ་དང་བསྟུན། སྲོལ་རྒྱུན་རིག་གནས་མང་པོ་ཞིག་ཀྱང་རིམ་བཞིན་མེད་པར་འགྱུར་འགྲོ་བ་ནི་མང་ཚོགས་ཁྲོད་རྒྱ་ཁྱབ་ཏུ་གནས་པའི་དོན་དངོས་གནས་ཚུལ་ཞིག་ཡིན་ཞིང་། མི་རིགས་འདིའི་སྲོལ་རྒྱུན་རིག་གནས་དག་ལུང་ཁུག་ཁག་ན་རྡོ་ཕོག་པའི་བྱིའུ་བཞིན་དབུགས་ལྷེམ་ལྷེམ་དུ་གནས་པ་ནི་ང་ཚོ་སེམས་ཚབས་སྐྱེ་དགོས་པ་ཞིག་རེད། རྒན་རྒོན་གཅིག་མེད་པར་འགྱུར་བ་དེ་ཁྱིམ་ཚང་ཞིག་གི་སྐྱོ་གདུང་ཁོ་ན་ཙམ་མ་ཡིན་པར་ཁོང་དང་མཉམ་དུ་མེད་པར་འགྱུར་འགྲོ་བའི་རིག་གནས་དེ་དག་ནི་མི་རིགས་ཤིག་དང་། རྒྱལ་ཁབ་ཅིག  ཐ་ན་འཛམ་བུ་གླིང་གི་རིག་གནས་སྤྱིའི་གྱོན་གུན་ཆེན་པོ་ཞིག་ཡིན་པས། ང་ཚོ་རྗེས་རབས་པས་རིག་གནས་དེ་དག་རྒྱུན་བསྐྱངས་ཆེད།  མགྱོགས་ནས་མྱུར་དུ་རྒན་རབས་པ་དག་ལས་རིན་བྲལ་ནོར་བུ་ལྟ་བུའི་རིག་གནས་སློབ་སྦྱོང་ཞུ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད་འདུག་ཅེས་པའི་དགོངས་ཚུལ་ལས། པད་མ་ཚེ་རིང་ལགས་ཀྱིས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་གཞག་ལ་བཅངས་པའི་བརྩེ་བ་དྲོན་མོ་ཟུར་བལྟས་ལེབ་མཐོང་ལྟར་དུ་སྣང་།
སྒྲ་སྙན་དང་ལས་འབྲེལ་བྱུང་ཚུལ།
ཕ་ཡུལ་གྱི་ཁྱད་ཆོས་མངའ་བའི་སྒྲ་སྙན་རིག་གནས་ཀྱི་མཁའ་དབུགས་ཁྲོད། པད་མ་ཚེ་རིང་ལགས་ཆུང་བྱིས་པའི་དུས་ནས་སྒྲ་སྙན་རིག་གནས་ལ་དང་ཞེན་ཆེ་བར་གྱུར། དཔལ་འབྱོར་འཁོས་ཀ་ཞན་པས་སྒྲ་སྙན་དང་ངོ་འབག་སོགས་འཁྲབ་ཆས་ཀྱི་མཐུན་རྐྱེན་འཛོམས་ཐབས་མེད་སྟབས། ལྟོ་སྣོད་སྟོང་པ་དང་ཤིང་ཆ་སྟབས་བདེ་འགའ་ལྷུ་བསྒྲིགས་ཏེ་སྒྲ་སྙན་ཐབས་ཆག་རེ་བཟོས་ནས་བཟང་བཟང་ས་མ་འབྲོག་ཁུལ་གྱི་གྲུ་ཟུར་དུ་གནས་པའི་རྒན་རྒོན་དང་ལྷག་པར་དུ་རང་གི་ཨ་ཁུ་བུ་ཆུང་གི་འགྲམ་ནས་སྒྲ་སྙན་རིག་གནས་བུམ་པ་གང་བྱོའི་ཚུལ་གྱིས་འཐུ་ལེན་བྱེད་རྒྱུ་བྱུང་ཞིང་། དེ་རྗེས་ནར་སོན་པ་དང་བསྟུན་རིམ་བཞིན་སློབ་གྲྭ་འགྲིམ་འགོ་ཚུགས།  སློབ་གྲྭ་ཁག་འགྲིམ་རིང་སྒྲ་སྙན་དཀྲོལ་གཏོང་དང་རིག་གཞུང་སློབ་སྦྱོང་གཉིས་ཟུང་དུ་སྦྲེལ་བས་ཁོང་དང་སྒྲ་སྙན་རིག་གནས་བར་གྱི་ལས་དབང་དམ་པོར་འབྲེལ།
ཕུགས་བསམ་གྱི་སྐས་རིམ།
བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དུ་སློབ་གཉེར་གྱི་གོ་སྐབས་ཐོབ་པ་བྱ་རྒྱུ་ནི་པད་མ་ཚེ་རིང་ལགས་མཐོ་འབྲིང་འགྲིམ་སྐབས་ཀྱི་ཕུགས་བསམ་དེ་རེད། གང་དེ་མངོན་འགྱུར་ཐུབ་ནས་ལོ་བཞིའི་དངོས་གཞིའི་སློབ་ཡུན་འགྲིམ་པའི་སྐབས། རང་གི་བཤེས་གཉེན་མི་འགྱུར་བསྟན་འཛིན་ལགས་སོགས་ཀྱིས་མུ་མཐུད་ཞིབ་འཇུག་སློབ་མར་ཡིག་རྒྱུགས་གཏོང་རྒྱུའི་སྐུལ་ལྕག་གནང་བ་དང་སྦྲགས་རང་ཉིད་ནས་ཀྱང་བརྩོན་པ་ཆུ་བོའི་རྒྱུན་ལྟར་བསྐྱངས་པའི་འབྲས་བུར་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།  ད་ཆ་ཞིབ་འཇུག་སློབ་མ་ཐོན་ལ་ཁད་དུ་སླེབས། དུས་ཡུན་ལོ་གསུམ་རིང་གི་ཞིབ་འཇུག་སློབ་མ་འགྲིམ་རིང་། རང་ཉིད་ནས་དགའ་ཤོས་བྱེད་པའི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ནས་ལ་སྟོད་ལྷོ་བྱང་གི་སྒྲ་སྙན་རིག་གནས་ལ་ཞིབ་འཇུག་གནང་རྒྱུ་བྱུང་།
ཁོང་ནས་ཞིབ་འཇུག་གནང་ཡུལ་དམངས་ཁྲོད་སྒྱུ་རྩལ་ཡིན་པས། མང་ཚོགས་ཁྲོད་ཟབ་ཞུགས་བྱ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། ལ་སྟོད་ལྷོ་བྱང་གི་ཡུལ་གྲུ་གང་སར་སྒྲ་སྙན་རིག་གནས་འཚོལ་ཞིབ་གནང་བར་ཕེབས།
དེ་ཡང་ཁོང་གི་གཟིགས་ཚུལ་ལྟར་ན། དམངས་ཁྲོད་སྒྱུ་རྩལ་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཕྱིན། སློབ་ཁང་ནང་དེབ་ངོས་ཀྱི་ཚིག་སྐམ་པོ་དེ་དག་བལྟ་ཀློག་ཁོ་ནར་གཡེངས་པ་ལས་གཞི་རིམ་དུ་རིག་གནས་དེའི་རྩ་བར་ཞིབ་འཇུག་བྱེད་པར་མི་བསྐྱོད་པ་ནི་ཅུང་ཟད་མི་ཆ་ཚང་བ་ཞིག་ཏུ་དགོངས་བཞིན་ཡོད། ལོ་ངོ་འདི་དག་རིང་། པད་མ་ཚེ་རིང་ལགས་ནས་ལ་སྟོད་ཀྱི་ཡུལ་གྲུ་གང་སར་སྒྲ་སྙན་རིག་གནས་ལ་ཞིབ་འཇུག་གནང་བར་ཕེབས་ཤིང་། ཐོག་མར་མང་ཚོགས་ཚོས་རང་ལ་ཡིད་ཆེས་མི་བྱེད་པ་དང་ཕན་ཚུན་འབྲེལ་འདྲིས་དཀའ་བ་སོགས་ཀྱི་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་མོད། འོན་ཀྱང་རང་གི་རིག་གནས་ལ་བཅངས་པའི་ལྷག་བསམ་དང་། འགྱུར་བ་མེད་པའི་དད་སེམས། དེ་བཞིན་སྒྱུ་རྩལ་འཁྲབ་སྟོན་ནང་དངོས་སུ་ཟབ་ཞུགས་སོགས་ལས། མང་ཚོགས་ཚོའི་ཐོག་མའི་དོགས་སློང་ནམ་མཁའི་འཇའ་ལྟར་ཡལ་ནས་མཐར་ཕ་བུ་དང་གྲོགས་མཆོག་ལྟར་བརྩེ་བ་ཟབ་པོར་གྱུར།
སྣ་མང་སྒྱུ་རྩལ་གྱི་མདུན་དུ་སོ་སྲུང་ཇི་ལྟར་བྱེད།
སྲོལ་རྒྱུན་སྒྱུ་རྩལ་རིན་བྲལ་ནོར་བུ་འདིར། དུས་མཐུན་སྲོག་གི་དབང་པོ་མ་ཞུགས་ན། ཡར་རྒྱས་འཕར་རྩ་མི་ལྡིང་ཨ་ཅང་ཅང་། པད་མ་ཚེ་རིང་ལགས་ཀྱིས་རང་ཉིད་དུས་རབས་འདིའི་རྒན་རབས་ཚོ་དང་རྗེས་རབས་ཚོའི་བར་རིག་གནས་བརྒྱུད་སྤྲོད་བྱེད་པའི་སྦྲེལ་ཟམ་ལྟ་བུར་ངོས་འཛིན་ནས། ཉམས་མྱོང་ཅན་གྱི་རྒན་རྒོན་དག་སྐུ་འཚོ་བཞུགས་སྐབས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མ་བཏང་བར། སྲོལ་རྒྱུན་གྱི་སྒྲ་སྙན་རིག་གནས་སྦྱོང་སྤྱོད་སྤེལ་གསུམ་ཧུར་ཐག་གནང་བཞིན་མཆིས།  
དུས་རབས་ཉེར་གཅིག་འདིར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཅན་དང་། འཛམ་གླིང་གྲོང་ཚོ་ཅན། རིག་གནས་སྣ་མང་ཅན་བཅས་ཀྱི་ཕྱོགས་སུ་གྱུར་དང་འགྱུར་མུས་ཡིན་པས། བོད་མི་རིགས་ཀྱི་སྒྱུ་རྩལ་རིག་གནས་ཀྱི་དན་རྟགས་ལྟར་དུ་སྣང་བའི་སྒྲ་སྙན་འདི་རྒྱུན་འཛིན་དང་དར་སྤེལ་གང་འདྲ་གཏོང་དགོས་མིན་ཐད། པད་མ་ཚེ་རིང་ལགས་ཀྱིས། གཅིག་ནས། སྒྱུ་རྩལ་བ་རང་ཉིད་ཀྱི་ལུས་ཐོག་ནས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་ཐུབ་པ་བྱེད་པ་དང་། གཉིས་ནས། སྲོལ་རྒྱུན་རིག་གནས་ཀྱིས་གཤོག་པ་གཡས་པ་དང་། དེང་རབས་རིག་གནས་ཀྱིས་གཤོག་པ་གཡོན་མ་བྱས་ཏེ། སྲོལ་རྒྱུན་རིག་གནས་ཐོག་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་གསར་གཏོད་སྣོན་དགོས་ཞེས་གསུངས།
ཁོང་ལ་ཐོབ་པའི་བྱས་རྗེས་གཟེང་རྟགས།
ཁོང་གི་ཕྱིས་འབྱུང་འཆར་གཞི།
1.སྤྱི་ལོ2020ཟླ6པའི་གོང་། ཞིབ་འཇུག་སློབ་མའི་ཆེས་འགག་རྩར་གྱུར་བའི་སློབ་ཐོན་དཔྱད་རྩོམ་དེ་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་ནས་སྤུས་ཚད་ལྡན་པའི་ངང་ལེགས་འགྲུབ་ཐུབ་པ་བྱ་རྒྱུ།
2.ཁོང་དང་གྲོགས་མཆོག་ཤེས་རབ་ནས་མཉམ་སྡེབ་ཐོག་གཉེར་བའི་དབྱངས་གསལ་སྒྲ་སྙན་གླིང་མུ་མཐུད་གཉེར་སྐྱོང་བྱ་རྒྱུ།
3.འབུམ་རམས་པའི་ཡིག་རྒྱུགས་གྲ་སྒྲིག་ལེགས་པོ་བྱ་རྒྱུ།
4.སྤྱི་ལོ2020ལོའི་ཟླ1པོའི་ཚེས1ཉིན་ཕ་ཡུལ་ངམ་རིང་དུ་དངོས་སུ་བཙུགས་པའི་ཕྱོགས་བསྡུས་རིན་མེད་སློབ་གྲྭ་སྟེ། བྱིས་པའི་སྒྲ་སྙན་སྦྱོང་ས་དང་། བུད་མེད་ཀྱི་བདེ་ཐང་སློབ་གསོ། ཁ་ལོ་བའི་རྒྱ་སྐད་སྦྱོང་བརྡར་སོགས་ལ་མུ་མཐུད་སེམས་ནུས་གང་ཡོད་བཏོན་ནས་གཉེར་སྐྱོང་བྱ་རྒྱུ་སོགས་རེད།
མདོར་ན། ཁོང་གི་མ་འོངས་འཆར་འགོད་ནི་དམངས་ཁྲོད་སྒྱུ་རྩལ་རིག་གནས་དང་ལྷག་པར་དུ་སྒྲ་སྙན་དཀྲོལ་གཏོང་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ལས་དང་ཁ་བྲལ་ཐབས་མེད་པ་ཞིག་རེད་འདུག
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།