ངོས་དང་པོ > ལོ་ཙཱ། > ལོ་ཙཱའི་གཞུང་ལུགས། > འདྲ་རྒྱུ་སྨྲ་བའི་མཐོང་སྣེ་ལས«རྩོམ་རིག་གཞུང་ལུགས་འཇུག་སྒོ»ཡི་བརྡ་ཆད་ལོ་ཙཱའི་ཐབས་ལམ་ཅུང་ཙམ་བཤད་པ།
འདྲ་རྒྱུ་སྨྲ་བའི་མཐོང་སྣེ་ལས«རྩོམ་རིག་གཞུང་ལུགས་འཇུག་སྒོ»ཡི་བརྡ་ཆད་ལོ་ཙཱའི་ཐབས་ལམ་ཅུང་ཙམ་བཤད་པ།
རྩོམ་པ་པོ།:སྤེན་པ་གཡུ་སྒྲོན།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-05-28 09:10:49
ཀློག་གྲངས།:
གླེང་གཞི།
«རྩོམ་རིག་གཞུང་ལུགས་འཇུག་སྒོ»ནི་རིག་གཞུང་ཐད་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྩོམ་རིག་གཞུང་ལུགས་ཀྱི་དཔེ་དེབ་ཅིག་ཡིན་པའི་ཆ་ནས། དེའི་བརྡ་ཆད་དག་ཡང་དག་པར་བོད་ཡིག་ཏུ་བསྒྱུར་ཐུབ་མིན་ནི་བོད་ཀྱི་ཀློག་པ་པོ་རྣམས་ཀྱིས་ནུབ་ཕྱོགས་རྩོམ་རིག་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལོན་མིན་གྱི་གནད་འགག་ལྟ་བུར་གྱུར་ཡོད། འདྲ་རྒྱུ་སྨྲ་བས་ལོ་ཙཱའི་ཐབས་ལམ་ལ་དབྱེ་ཞིབ་བྱེད་པར་མཐོང་སྣེ་གསར་པ་གཅིག་འདོན་སྤྲོད་བྱས་པས། ལོ་ཙཱའི་བརྒྱུད་རིམ་ཁྲོད་བརྡ་ཆད་འདྲ་རྒྱུའི་ཁྱབ་སྤེལ་གྱི་ཆོས་ཉིད་གསལ་སྟོན་དང་། ཡིག་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱེད་པར་ཕན་ཐོགས་ཆེ།

དང་པོ། གཞུང་ལུགས་མདོར་བསྟན།
༡ འདྲ་རྒྱུ་སྨྲ་བ།“འདྲ་རྒྱུ་སྨྲ་བ་ནི་ཏར་ཝུན་གྱི་འཕེལ་འགྱུར་སྨྲ་བར་བརྟེན་ནས་བྱུང་བའི་རིག་གནས་འཕེལ་འགྱུར་གྱི་སྣང་ཚུལ་འགྲེལ་བཤད་བྱེད་པའི་གཞུང་ལུགས་ཤིག་ཡིན་ཞིང་། རིག་པའི་གཞུང་ལུགས་དེས་འདྲ་རྒྱུ་ནི་རིག་གནས་ཁྱབ་སྤེལ་བྱེད་པའི་གཞི་རྩའི་སྡེ་ཚན་ཡིན་པ་དང་། ལད་ཟློས་བྱས་པ་བརྒྱུད་མི་དང་མིའི་བར་བརྒྱུད་སྤྲོད་བྱེད་ཐུབ་པར་ངོས་འཛིན་བྱེད།” གཞི་རྒྱུ་དེ་སྐྱེ་དངོས་འཕེལ་འགྱུར་ཁྲོད་དུ་འདྲ་བཟོ་དང་ཁྱབ་སྤེལ། གཞན་འགྱུར་བཅས་བྱེད་པ་དང་འདྲ་བར། འདྲ་རྒྱུ་ཡང་བརྒྱུད་རིམ་དེ་དག་བརྒྱུད་དགོས་པར་མ་ཟད། “ཁོར་ཡུག་ལ་འཕྲོད་པ་དག་འཚོ་གནས་བྱེད་ཐུབ་པ”ཡི་རྩ་དོན་བརྩི་སྲུང་བྱས་ཏེ། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཤད་ཡོད།
༢ ལོ་ཙཱ་འདྲ་རྒྱུ་སྨྲ་བ།
ལོ་ཙཱ་འདྲ་རྒྱུ་སྨྲ་བ་ནི་འདྲ་རྒྱུ་སྨྲ་བའི་འབྲེལ་ཡོད་གཞུང་ལུགས་དེ་ལོ་ཙཱའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་བཀོལ་བ་དང་། ལོ་ཙཱའི་བྱ་བ་དེ་འདྲ་རྒྱུ་ཁྱབ་སྤེལ་བྱེད་པའི་བརྒྱུད་རིམ་ཞིག་ཏུ་བརྩི་བ་ཡིན། བསྒྱུར་བྱའི་མ་ཡིག་ནང་གི་འདྲ་རྒྱུ་དེ་གང་དུ་སྒྱུར་བྱེད་བུ་ཡིག་གི་ཡུལ་ཁམས་ཁྲོད་འདྲ་བཟོ་དང་ཁྱབ་སྤེལ་བྱེད་པ་ཡིན། དེའི་ནང་སྐད་བརྡའི་འདྲ་རྒྱུ་དང་། རིག་གནས་ཀྱི་འདྲ་རྒྱུ། ལོ་ཙཱའི་ཐབས་ལམ་གྱི་འདྲ་རྒྱུ་སོགས་རིགས་མི་འདྲ་བ་མང་པོ་འདུས་ཡོད་པས། ལོ་ཙཱའི་ཞིབ་འཇུག་དང་། ལོ་ཙཱའི་སློབ་ཁྲིད། ལོ་ཙཱའི་ལག་ལེན་སོགས་ཕྱོགས་མང་པོར་མཐོང་སྣེ་གསར་པ་དང་རིགས་ལམ་གསར་པ་མཁོ་འདོན་བྱས་ཡོད།
གཉིས་པ། «རྩོམ་རིག་གཞུང་ལུགས་འཇུག་སྒོ»ཡི་བརྡ་ཆད་ཀྱི་ཁྱད་ཆོས།
༡ ཆེད་ལས་རང་བཞིན།
«རྩོམ་རིག་གཞུང་ལུགས་འཇུག་སྒོ»ཡི་ནང་རྩོམ་རིག་གཞུང་ལུགས་ཀྱི་གྲུབ་མཐའ་དང་དོན་སྤྱི་མང་པོ་ཞིག་འདུས་ཡོད། དེའི་བརྡ་ཆད་དེ་དག་ལ་ཆེད་ལས་རང་བཞིན་ཆེན་པོ་ལྡན་པས། བརྡ་ཆད་དེ་དག་ནི་རྩོམ་རིག་གཞུང་ལུགས་མ་ལག་གི་ལྟེ་བའི་གྲུབ་ཆ་ཡིན་ལ། རྩོམ་རིག་གི་སྣང་ཚུལ་དང་། རྩོམ་རིག་གསར་རྩོམ། རྩོམ་རིག་དཔྱད་བརྗོད་སོགས་ཀྱི་གནད་དོན་ཡང་དག་པའི་སྒོ་ནས་ཞིབ་བརྗོད་དང་འགྲེལ་བཤད་བྱེད་པར་བཀོལ་བ་ཡིན། དཔེར་ན། “解构”ལ“ལྷུ་གཏོར”དང“结构”ལ“སྒྲིག་གཞི”སོགས་སུ་སྒྱུར་བའི་ཐ་སྙད་དེ་དག་ཚང་མར་དམིགས་བསལ་གྱི་རིག་གཞུང་གི་གོ་དོན་ཡོད་པས་རྩོམ་རིག་གཞུང་ལུགས་ཀྱི་ཤེས་བྱ་གསོག་འཇོག་ཡོད་མཁན་གྱིས་མ་གཏོགས་གོ་བ་ལོན་མི་ཐུབ།
༢ རིག་གནས་ཀྱི་ཁུར་ཐེག་རང་བཞིན།
རྩོམ་རིག་གཞུང་ལུགས་ཁྲོད་ཀྱི་བརྡ་ཆད་མང་པོ་ཞིག་ལ་ནུབ་ཕྱོགས་རིག་གནས་ཀྱི་རྒྱབ་ལྗོངས་ཤེས་བྱ་ཕུན་སུམ་ཚོགས་པོ་ཡོད་པ་དང་། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་དང་། ལོ་རྒྱུས་དང་རྩོམ་རིག་སོགས་ཀྱི་འཕེལ་རིམ་མཚོན་ཡོད། དཔེར་ན། “心理分析”(སེམས་ཁམས་དབྱེ་ཞིབ)ཅེས་པའི་བརྡ་ཆད་འདི་ལྟ་བུ་ནི་ཧྥུ་རུག་དྷིའི་སེམས་ཁམས་ཀྱི་གཞུང་ལུགས་དང་འབྲེལ་བ་དམ་ཟབ་ཡོད། བརྡ་ཆད་དེ་སེམས་ཁམས་རིག་པའི་ཁྱབ་ཁོངས་སུ་སྤྱོད་པ་མ་ཟད། རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་བཅས་ཀྱི་ནང་དུ་ཡང་རྒྱ་ཁྱབ་ཏུ་སྤྱོད་པ་དེས་ནུབ་ཕྱོགས་རིག་གནས་ཁྲོད་མིའི་རིགས་ཀྱི་སེམས་ཁམས་ལ་གཏིང་ཟབ་པའི་འཚོལ་ཞིབ་བྱེད་པའི་རྒྱུན་སྲོལ་ཡོད་པ་དེ་ཡང་མཚོན་ཡོད།
༣ མིང་གཅིག་དོན་མང་གི་རང་བཞིན།
བརྡ་ཆད་ཁ་ཤས་ལ་རྩོམ་རིག་གཞུང་ལུགས་ཀྱི་སྐད་ཆའི་ཁོར་ཡུག་མི་འདྲ་བའི་འོག་ཏུ་གོ་དོན་མི་འདྲ་བ་ཡོད་པ་འདིས། ལོ་ཙཱའི་དཀའ་ཁག་ཇེ་ཆེར་འགྲོ་བཞིན་ཡོད། དཔེར་ན། “再现”ཞེས་པ་དེ་རྩོམ་རིག་གཞུང་ལུགས་ཁྲོད“བསྐྱར་མཚོན”ཞེས་རྩོམ་རིག་བརྩམས་ཆོས་ཀྱི་དངོས་ཡོད་འཇིག་རྟེན་ལ་ལད་ཟློས་བྱེད་པ་ནན་བཤད་བྱེད་ཐུབ་ལ། “མཚོན་བྱེད”ཅེས་པས་གཙོ་བོ་སྐད་ཆའི་བརྡ་རྟགས་ཀྱི་དོན་སྙིང་གི་འཛུགས་སྐྲུན་དང་ཁྱབ་གདལ་བྱ་རྒྱུ་དེ་སྟོན་པ་ཡིན། དེས་ན་ལོ་ཙཱ་བ་གང་དེས་སྐད་བབ་ལ་བསྟུན་ནས་བརྡ་ཆད་ཀྱི་གོ་དོན་ལ་གོ་བ་ཡང་དག་པར་ལེན་དགོས།

«རྩོམ་རིག་གཞུང་ལུགས་འཇུག་སྒོ»ཡི་དཀར་ཆག
གསུམ་པ། འདྲ་རྒྱུ་སྨྲ་བའི་མཐོང་སྣེའི«རྩོམ་རིག་གཞུང་ལུགས་འཇུག་སྒོ»ཡི་ལོ་ཙཱའི་ཐབས་ལམ།༡ ཐད་སྒྱུར་དང་དོན་སྒྱུར་གྱི་ཐབས་ལམ།
ཐད་སྒྱུར་དང་དོན་སྒྱུར་གཉིས་ནི་ཡིག་སྒྱུར་བྱེད་ཐབས་གལ་ཆེན་གཉིས་ཡིན་པས། གནའ་ནས་ད་བར་མི་རིགས་སོ་སོའི་མཁས་པ་རྣམས་ཀྱིས་དེ་གཉིས་ལ་ངོས་འཛིན་བྱེད་སྲོལ་དང་། ལག་ལེན་ཁྲོད་དུ་གང་ཞིག་ལེགས་ཤོས་སུ་བརྩི་ཚུལ་སོགས་ཀྱི་བཞེད་པ་མི་འདྲ་བ་མང་པོ་ཡོད། འདིར་ཡང་བོད་ཀྱི་རིག་གནས་ཁྲོད་ལྟོས་བཅས་ཀྱི་གོ་དོན་འདྲ་མཚུངས་ཀྱི་བརྡ་ཆད་ཡོད་པར་མ་ཟད་ཚིག་གྲུབ་ཀྱི་རྣམ་པ་ཡང་གཅིག་མཚུངས་ཡིན་ཚེ། བརྡ་ཆད་དེ་དག་སྒྱུར་བར་ཐད་སྒྱུར་གྱི་ཐབས་ལམ་སྤྱད་ན་བསྒྱུར་བྱའི་མ་ཡིག་གི་བརྡ་ཆད་ཀྱི་རྣམ་པ་དང་གོ་དོན་སོར་འཇོག་ཐུབ་པར་མ་ཟད། ཡང་དག་པའི་སྒོ་ནས་འདྲ་རྒྱུ་ཁྱབ་སྤེལ་བྱེད་པར་ཡང་ཕན་པ་ཡོད། དཔེར་ན། “叙事”ཞེས་པ“དོན་བརྗོད”ལ་ཐད་སྒྱུར་བྱས་ཡོད་ཅིང་། བོད་སྐད་ནང་གི་མཚོན་ཚུལ་གྱི་བྱེད་ནུས་དོ་མཉམ་ཡིན་པས་ཀློག་པ་པོས་གོ་བ་ལེན་ཐུབ། དེ་ཡང་ཐད་སྒྱུར་གྱི་ཐབས་ལམ་གྱིས་ཡང་དག་པའི་སྒོ་ནས་མ་ཡིག་གི་བརྡ་དོན་མཚོན་མི་ཐུབ་པའི་སྐབས་སུ་དོན་སྒྱུར་གྱི་ཐབས་ལམ་ཡང་སྤྱད་ཆོག་པ་ཡིན་ཏེ། དཔེར་ན། “潜意识”ཞེས་པ“བག་ལ་ཉལ་པའི་ཤེས་པ”རུ་དོན་སྒྱུར་བྱས་ཡོད་ཅིང་། རྩོམ་ཆོས་མི་འདྲ་བ་ཕན་ཚུན་བར་གྱི་འབྲེལ་བ་དང་ཤུགས་རྐྱེན་དག་འགྲེལ་བརྗོད་བྱས་པ་བརྒྱུད། སྒྱུར་བྱེད་བུ་ཡིག་གི་ཀློག་པ་པོས་ཐ་སྙད་དེའི་གོ་དོན་ལ་རྒྱུས་ལོན་བྱེད་ཐུབ་ལ། བོད་སྐད་ནང་འདྲ་རྒྱུ་མཐུན་སྒྱུར་གཏོང་ཐུབ།
༢ སྣོར་སྒྱུར་དང་བརྗེ་སྤོར་གྱི་ཐབས་ལམ།
མཆན་བཀོད་ནི་བརྡ་ཆད་ཀྱི་རྒྱབ་ལྗོངས་རིག་གནས་དང་གཞུང་ལུགས་ཀྱི་འབྱུང་ཁུངས་སོགས་ཀྱི་ཆ་འཕྲིན་འགྲེལ་བཤད་བྱེད་པར་བཀོལ་བ་ཡིན། དཔེར་ན། “原型”ཅེས་པར“དཔེ་མཚོན”དང“霸权”ཅེས་པར“དབང་སྒྱུར”ཞེས་བསྒྱུར་ན་འགྱུར་ཡིག་གི་ཀློག་པ་པོ་ཕལ་ཆེ་བས་གོ་བ་ལེན་དཀའ་བས། ཞབས་མཆན་སོགས་ཀྱི་ཐབས་ལམ་སྤྱད་དེ“དཔེ་མཚོན”གྱི་འབྱུང་ཁུངས་ནི་ཅུང་ཀི(荣格)ཡི་སེམས་ཁམས་རིག་པའི་ནང་དོན་ཡིན་པ་དང“དབང་སྒྱུར”ནི་ཀེ་ལན་ཞི(葛兰西)ཡི་ཆབ་སྲིད་མཚན་ཉིད་རིག་པའི་ནང་དོན་ཡིན་པ་གསལ་བཤད་བྱས་ཏེ་ཀློག་པ་པོ་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་བརྡ་ཆད་ཀྱི་འདྲ་རྒྱུར་གོ་བ་བསྐྱེད་དགོས། གཞན་བརྗེ་སྤོར་གྱི་ཐབས་ལམ་ནི་བོད་སྐད་ནང་གོ་བདེ་ཤེས་སླ་བའམ་རྒྱུན་སྤྱོད་ཀྱི་མིང་གིས་བསྒྱུར་བྱའི་མ་ཡིག་གི་བརྡ་ཆད་བརྗེ་བར་གོ་དགོས། དཔེར་ན་སྐད་བབ་མི་འདྲ་བའི་རྐྱེན་གྱིས“成长小说”ཅེས་པ“རྣམ་ཐར”ཞེས་བོད་སྐད་ཀྱི་རྒྱུན་སྤྱོད་མིང་ཚིག་ལ་བརྗེས་ན་བརྡ་ཆད་དེ་སྒྱུར་བྱེད་བོད་སྐད་ནང་གོ་བདེ་ཡིན་ལ་འདྲ་རྒྱུའི་མཚོན་ཚུལ་དང་ཁྱབ་སྤེལ་ལ་ཕན་ཐོགས་ཡོད་པ་ཡིན།
༣ རིགས་འགྲེ་དང་གསར་སྤེལ་གྱི་ཐབས་ལམ།
རིགས་འགྲེའི་ཐབས་ལམ་ནི་བསྒྱུར་བྱའི་མ་ཡིག་གི་ཁྲོད་ཀྱི་བརྡ་ཆད་ཀྱི་གོ་དོན་དང་སྒྱུར་བྱེད་བོད་སྐད་དུ་སྒྱུར་བའི་ཡུལ་ཁམས་རིག་གནས་ཁྲོད་ཀྱི་ཆ་འདྲ་བའི་གོ་དོན་བཙལ་ནས་རིགས་འགྲེའི་ཐབས་ལམ་སྤྱད་ནས་ལོ་ཙཱ་བྱེད་ཆོག་པར་ཟེར། དཔེར་ན། “悲剧”ཞེས་པར་རིགས་འགྲེ་བྱས་ནས“སྐྱོ་གར”ཞེས་བསྒྱུར་བ་ནི། ཀློག་པ་པོ་རྣམས་ཀྱིས་སྔར་ཡོད་ཀྱི་གོ་བ་དེར་བརྟེན་ནས་སྒྱུར་བྱེད་ཀྱི་སྐད་ཆའི་བརྡ་སྤྲོད་དང་མཐུན་པ། དོན་ལ་འབྱོར་བ། བརྗོད་བདེ་བས་དང་ལེན་བྱེད་བདེ་བ་ཡིན། གལ་ཏེ་སྒྱུར་བྱེད་བོད་སྐད་ཁྲོད་གོ་དོན་ཆ་འདྲ་བ་མེད་ཚེ་བརྡ་ཆད་གསར་སྤེལ་བྱེད་ཆོག་པ་ཡིན་ཏེ། དཔེར་ན། “解构”ཅེས་པར་གསར་སྤེལ་གྱི་ཐབས་ལམ་བེད་སྤྱད་ནས“ལྷུ་གཏོར”ཞེས་བསྒྱུར། འདིར་མཚོན་བྱའི་དོན་གྱི་དགོས་མཁོ་ལྟར་དུ། སྔར་མེད་པའི་མིང་གསར་བཟོ་བའམ་གསར་སྤེལ་གྱི་ཐབས་ལམ་དེ་ནི་བརྡ་ཆད་ལོ་ཙཱའི་དགོས་མཁོ་སྐོང་བྱེད་དང་། སྐད་ཆ་ལ་ཚེ་སྲོག་གསར་པ་སྐྱེད་པའི་གསོས་སྨན་ལྟ་བུ་ཞིག་ཀྱང་ཡིན། དེས་ན་བོད་ཀྱི་མིང་གི་སྒྲུབ་ལུགས་དང་། ཇི་ལྟར་སྤྱོད་ལུགས་བཅས་དང་མཐུན་པར་བྱས་ན་བོད་སྐད་རིག་གཞུང་བརྡ་ཆད་ཕུན་སུམ་ཚོགས་པོར་གཏོང་ཐུབ་ལ། འདྲ་རྒྱུ་སྨྲ་བ་བོད་སྐད་ཁྲོད་རྩ་བ་ཚུགས་རྒྱུར་ཆ་རྐྱེན་བཟོ་ཐུབ་བོ། །
དཔྱད་གཞིའི་ཡིག་ཆ།
A.བོད་ཡིག་སྐོར།
[1] རྡོ་རྗེ་རིན་ཆེན། «རྩོམ་རིག་གཞུང་ལུགས་གནད་བསྡུས» [M].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ8པ།
[2] སྟོབས་རྒྱལ། «རྩོམ་རིག་རྣམ་བཤད» [M].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པ།
[3] འཕྲིན་ལས་ཆོས་གྲགས། «བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ» [M].པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི་ཟླ2པ།
[4] བྱམས་ཕྲུག་བན་དེ་མཁར། «བོད་ཀྱི་རྩོམ་གཞུང་གི་རྒྱུན་དང་མཐོངས»[M].ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2023ལོའི་ཟླ12པ།
[5] «རྒྱ་བོད་ཤན་སྦྱར་གྱི་མིང་མཛོད» [s].པེ་ཅིན། ཀྲུང་དབྱང་མི་རིགས་སློབ་གླིང་། 1972ལོ།
B.རྒྱ་ཡིག་སྐོར།
[1]卡勒 著;李平 译;《文学理论入门》[M]. 南京,译林出版社, 2019.
[2]何雪林;《模因论与社会语用》[J].《现代外语》 2003(2);P200-209.
[3]罗倩;《模因论时域下的应用翻译研究与实践》[M].北京,汕头大学出版社,2018.
[4][美]安德鲁·切斯特曼 著;傅敬民,译;《翻译模因论》[M].上海,上海外语教育出版社,2020.
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།