༄༅། །ཅི་ཞན་ལིན་གྱི་ལོ་ཙཱའི་དགོངས་པ།
རྩོམ་པ་པོ།:པད་མ་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-06-11 10:20:39
ཀློག་གྲངས།:
༄༅། །ཅི་ཞན་ལིན་གྱི་ལོ་ཙཱའི་དགོངས་པ།
ཞེ་ཐེན་ཀྲེན་གྱིས་བརྩམས།
པད་མ་ཚེ་རིང་གིས་བསྒྱུར།
པད་མ་ཚེ་རིང་གིས་བསྒྱུར།
ཚང་མས་མཁྱེན་གསལ་ལྟར། སྐུ་ཞབས་ཅི་ཞན་ལིན་ནི་སྐད་བརྡ་རིག་པ་བ་དང་ཕྱི་རྒྱལ་རྩོམ་རིག་གི་མཁས་པའི་དབང་པོ་རེད། ཁོང་དབྱིན་སྐད་དང་འཇར་སྐད། ཧྥ་རན་སའི་སྐད་ལ་བྱང་ཆུབ་པ་མ་ཟད། སཾསྐྲིཏའི་ཡི་གེ་དང་པྲ་ཀྲྀ་ཏའི་ཡི་གེ་ལའང་རྒྱུས་མངའ་ཆེ། དེར་མ་ཟད་ཐུའུ་ཧུའོ་ལོའི་ཡི་གེ(吐火罗文)སོགས་གནའ་བོའི་རྒྱ་གར་གྱི་ཡི་གེ་ལའང་གསལ་ཆ་ཡོད། ཁོང་གིས་རྒྱ་གར་གྱི་ལོ་རྒྱུས་དང་། ཀྲུང་གོ་དང་རྒྱ་གར་གྱི་རིག་གནས་འབྲེལ་བའི་ལོ་རྒྱུས་དང་། ལེགས་སྦྱར་ཡི་གེའི་རྩོམ་རིག་ཞིབ་འཇུག་སོགས་ཁྱབ་ཁོངས་མང་པོར་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད། ཡིན་ན་ཡང་། ཅི་ཞན་ལིན་ནི་ད་དུང་ཕུལ་དུ་བྱུང་བའི་རྩོམ་རིག་ལོ་ཙཱ་བ་ཞིག་ཀྱང་ཡིན་ཏེ། ཁོང་ལ་ལོ་ཙཱའི་ལག་ལེན་ཕུན་སུམ་ཚོགས་པ་དང་ལོ་ཙཱའི་བརྩམས་ཆོས་གྲགས་ཅན་ཡང་ཤིན་ཏུ་མང་བ་དང་། རྩོམ་རིག་ལོ་ཙཱའི་ཐད་དུ་གཞན་དང་མི་འདྲ་བའི་མྱོང་ཚོར་དང་ལྟ་ཚུལ་ཁྱད་པར་ཅན་ཡང་མཆིས་སོ། །
སློབ་འབྲིང་གི་དུས་སྐབས་ནས་བཟུང་། ཅི་ཞན་ལིན་གྱིས་རྩོམ་རིག་ལོ་ཙཱའི་བྱ་བ་ལ་ཚོད་ལྟ་བགྱིད་མགོ་བརྩམས་པ་དང་། ཕྱི་གླིང་གི་རྩོམ་པ་བོ་ཁ་ཅིག་གི་ལྷུག་རྩོམ་བསྒྱུར་བའི་ཁྲོད་དུ་ཨེ་རི་སིའི་རྩོམ་མཁན་གྲགས་ཅན་ཐོས་ཀི་ནེའུ་ཧྥོའུ(屠格涅夫)ཡི་བརྩམས་ཆོས་ཀྱང་འདུས། 1930ལོར་ཆིན་ཧྭ་སློབ་ཆེན་ལ་རྒྱུགས་འཕྲོད་ནས་ནུབ་ཕྱོགས་རྩོམ་རིག་ལ་སློབ་གཉེར་བྱེད། དེ་དུས་དབྱིན་ཡིག་གཙོ་བོར་བཟུང་ཞིང་འཇར་ཡིག་དང་ཧྥ་ཡིག་ཞོར་དུ་སྦྱངས། དུས་མཚུངས་སུ་ཁྲིན་ཡུས་ཁུ(陈寅恪)ཡི་ཆོས་གཞུང་ལོ་ཙཱ་ཞེས་པ་ཡང་བདམས་སྦྱོང་བྱེད། ཁོང་གི་རྩོམ་རིག་ལོ་ཙཱའི་སྤྲོ་སེམས་ནི་ཇེ་ཆེ་ནས་ཇེ་ཆེར་སོང་ཞིང་དགུང་ལོ་བགྲེས་པའི་བར་དུ་རྒྱུན་བསྐྱངས།
ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། སྐུ་ཞབས་ཅི་ཞན་ལིན་གྱིས་དབྱིན་ཡིག་དང་འཇར་ཡིག ལེགས་སྦྱར་ཡི་གེ་སོགས་ཀྱི་རྩོམ་རིག་བརྩམས་ཆོས་སྡུག་རུས་ཆེན་པོས་ལོ་ཙཱ་བྱེད་པ་དང་། སྤེལ་འགོད་དང་པར་དུ་བསྐྲུན་པའི་བསྒྱུར་རྩོམ་ནི་ཡིག་གྲངས་ས་ཡ་བཞིར་ཉེ་བ་ཙམ་བཞུགས་ཏེ། དཔེར་ན་སློབ་དཔོན་ནག་མོ་ཁོལ་གྱི་ཟློས་གར་ཤཀུནྟལཱ་དང་། ལུགས་ཆེན་པོའི་གཏམ་རྒྱུད་ལྔ་བ། རཱ་མ་ཎའི་རྟོགས་བརྗོད། འཇར་མན་གྱི་བུད་མེད་རྩོམ་པ་བོ་ཨན་ནཱ་ཞི་ཀོ་སིའི་སྒྲུང་ཐུང་ཕྱོགས་བསྒྲིགས་སོགས་ཡོད་ལ། འདི་ལས་ཁོང་གི་ལོ་ཙཱའི་ལས་དོན་གྱི་གྲུབ་ཆ་གཙོ་བོ་ནི་རྒྱ་གར་རྩོམ་རིག་ཡིན་པ་དང་། སྒོས་སུ་རྒྱ་གར་གྱི་གནའ་བོའི་རྩོམ་རིག་གི་བརྩམས་ཆོས་གྲགས་ཅན་ཡིན་པ་ཤེས་ཐུབ། དེ་དག་གི་ཁྲོད་དུ་ལོ་རྒྱུས་སྙན་རྩོམ་རིང་མོ«རཱ་མ་ཎའི་རྟོགས་བརྗོད»རྒྱ་ཡིག་ཏུ་བསྒྱུར་བ་ལ་སྙན་གྲགས་ཤིན་ཏུ་ཆེ་སྟེ། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཡི་གེར་བསྒྱུར་ཡོད་པའི་རྒྱ་གར་གྱི་དཔའ་བོའི་བྱུང་བ་བརྗོད་པའི་སྙན་ངག་རིང་མོ་གཉིས་ཀྱི་ཡ་གྱལ་འདི་ཉིད་སྡེ་ཚན་བདུན་དང་དེབ་བརྒྱད་ཀྱིས་གྲུབ་ཅིང་། སྤྱིའི་རིང་ཚད་ལ་ཤོ་ལོ་ཀ་ཉིས་ཁྲི་ཡོད་པ་དང་། རྒྱ་སྐད་དུ་བསྒྱུར་ཚེ་ཧ་ལམ་ཚིག་རྐང་ཁྲི་དགུ་དང་ཡིག་འབྲུ་ཁྲི་སུམ་བརྒྱ་ཡོད། འོན་ཀྱང་ཀྲུང་གོ་རུ་ཡུན་རིང་པོར་འགྱུར་དེབ་བྱུང་མེད། སྐུ་ཞབས་ཅི་ཞན་ལིན་གྱིས་དགུང་ལོ་དྲུག་ཅུའི་སྐབས་སུ་རིག་གསར་སོགས་ཡམ་ཡོམ་ཤིན་ཏུ་ཆེ་བའི་དུས་ལ་འཁེལ་ཞིང་། རང་ཉིད་ཀྱི་ལས་དབང་ལ་ངེས་པ་ཅི་ཡང་མེད་ནའང་། ཞུམ་མེད་ཀྱི་སྙིང་སྟོབས་དང་ལྷོད་མེད་ཀྱི་བརྩོན་པ་བསྟེན་ནས་བགྲང་བྱ་བཅུ་ཡི་རིང་འཛམ་གླིང་གི་རིག་པའི་གར་སྟེགས་སུ་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་སྙན་ངག་རིང་མོ་འདི་ཉིད་རྒྱ་ཡིག་ཏུ་བསྒྱུར་ཐུབ་པ་ནི་བསམས་ཤིང་བསམས་ཤིང་ངོ་མཚར་བའི་གནས་སོ། །
«རཱ་མ་ཎའི་རྟོགས་བརྗོད»རྒྱ་ཡིག་ཏུ་བསྒྱུར་བ་འདི་ཀྲུང་གོ་དང་རྒྱ་གར་བར་གྱི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་ཁྲོད་ཀྱི་དོན་ཆེན་ཞིག་ཏུ་རྩི་ཞིང་། ཀྲུང་གོ་དང་རྒྱ་གར་གང་དུའང་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་ལ། འདིའི་དབང་གིས་རྒྱ་གར་སྲིད་གཞུང་གིས་ད་དུང་སྐུ་ཞབས་ཅི་ཞན་ལིན་ལ་བྱ་དགའི་གཟེངས་བསྟོད་ཀྱང་གཟབ་ཅིང་རྒྱས་པ་གནང་ཡོད་དོ། །
ཡུན་རིང་གི་ལོ་ཙཱའི་ལག་ལེན་ཕུན་སུམ་ཚོགས་པ་ལ་བརྟེན་ནས། ཅི་ཞན་ལིན་གྱིས་ལོ་ཙཱའི་མྱོང་ཚོར་ཁྱད་པར་ཅན་མང་པོ་གསོག་འཇོག་གནང་ཞིང་། ལོ་ཙཱ་དང་འབྲེལ་བའི་ལྟ་ཚུལ་ཟབ་ཅིང་གནད་དུ་ཕིགས་པ་མང་པོ་ཡང་ཆགས་ཡོད། ཁོང་གིས་ལོ་ཙཱའི་ཆེད་རྩོམ་མང་པོ་བརྩམས་མེད་ནའང་། ཁོང་གིས་བཀོད་ཟིན་པའི་དཔྱད་རྩོམ་ཐར་ཐོར་ཏེ་དཔེར་ན་ལོ་རབས40པར་བྲིས་པའི«ལོ་ཙཱ་གླེང་བ»ཞེས་པ་དང«ལེགས་སྦྱར་ཡི་གེའི་རྩོམ་རིག་རྐྱང་བའི་ལོ་ཙཱ» དེ་མིན་བསྒྱུར་རྩོམ་མང་པོའི་མགོ་བརྗོད་དང་མཇུག་བྱང་སོགས་ལས་ཀྱང་ཁོང་གི་ལོ་ཙཱའི་སྐོར་གྱི་རྟོགས་པ་ཟབ་མོ་དེ་ཤེས་ཐུབ།
གཅིག བརྒྱུད་སྒྱུར་ལ་མི་འཐད་པའི་ཚུལ་མཛད་པ།
བརྒྱུད་སྒྱུར་ཞེས་པ་ནི་མ་ཡིག་གཞིར་འཛིན་པ་མིན་པར། འགྱུར་དེབ་ཀྱི་ཐོག་ནས་ལོ་ཙཱ་བྱེད་པ་ལ་ཟེར། “ཉིས་སྒྱུར”འདིའི་རིགས་དུས་རབས20པའི་དུས་མགོར་རྩོམ་རིག་ལོ་ཙཱ་ཀྲུང་གོའི་ས་རུ་ཐོག་མར་མགོ་བརྙེས་པ་ནས་དུས་རབས20པའི་ལོ་རབས་སུམ་ཅུ་དང་བཞི་བཅུར་ཐུག་གི་བར། ཀྲུང་གོའི་ལོ་ཙཱའི་སྡེ་རུ་སྔར་བཞིན་དར་ཁྱབ་ཆེ་ལ། དེ་དུས་ལོ་ཙཱ་བ་མི་ཉུང་བ་ཞིག་གིས་ལྗར་ཡིག་གམ་དབྱིན་ཡིག་སོགས་ལ་བརྟེན་ནས་ཨེ་རི་སིའམ་སྐད་རིགས་གཞན་གྱི་རྩོམ་རིག་བརྩམས་ཆོས་བརྒྱུད་སྒྱུར་བྱས་པ་ཡིན།
སྐུ་ཞབས་ཅི་ཞན་ལིན་གྱིས་གསལ་བོར་མཁྱེན་ཡོད་པ་ནི། ད་ལྟའི་དུས་ལ་ཐོན་རུང་། བརྒྱུད་སྒྱུར་ནི་གཡོལ་ཐབས་མེད་དེ། རྒྱུ་མཚན་ནི་འཛམ་གླིང་དུ་སྐད་རིགས་ཧ་ཅང་མང་བས། སུ་ཞིག་གིས་ཀྱང་ཡོངས་སུ་རྫོགས་པ་ཤེས་ཐབས་བྲལ་བའི་ཕྱིར། རྒྱལ་ཁབ་ཚུགས་པ་ནས་བཟུང་། རང་རྒྱལ་གྱི་ཕྱི་ཡིག་སློབ་ཁྲིད་ལ་སྔོན་མེད་ཀྱི་འཕེལ་རྒྱས་ཆེན་པོ་བྱུང་བ་མ་ཟད། ཕྱི་ཡིག་གི་ཤེས་ལྡན་མི་སྣ་ཁྲི་ཕྲག་བརྒལ་བ་བསྐྱངས་ཡོད་ནའང་། འཛམ་གླིང་གི་སྐད་རིགས་བརྒྱ་སྟོང་ཤེས་མཁན་གྱི་ལོ་ཙཱ་བའི་དཔུང་སྡེ་ཞིག་གཟུགས་རྒྱུ་ནི་དཔེ་མི་སྲིད་ལ། ང་ཚོས་ནི་སྔར་བཞིན་རྒྱལ་ཁབ་དང་མི་རིགས་སོ་སོའི་རྩོམ་རིག་བརྩམས་ཆོས་ཡོད་དོ་ཅོག་ཐད་ཀར་མ་ཡིག་གི་སྟེང་ནས་བསྒྱུར་རྒྱུ་དེ་ཡང་དཔེ་ག་ལ་སྲིད། ད་ལྟར་རྒྱལ་ཁབ་བམ་མི་རིགས་མི་ཉུང་བའི་རྩོམ་རིག་སྟེ་དཔེར་ན་ཡ་གླིང་ཤར་ལྷོའི་རྒྱལ་ཁབ་ཆུང་ཆུང་ཁ་ཤས་དང་ཧྥེ་གླིང་གི་མི་རིགས་རྩོམ་རིག་སྐོར་ཞིག ཐ་ན་ཡོ་རོབ་ཤར་མ་དང་ཡོ་རོབ་བྱང་མའི་རྒྱལ་ཁབ་འགའ་ཤས་ཀྱི་རྩོམ་རིག་དག་ནི་སྔར་བཞིན་སྐད་རིགས་གཞན་ལ་བརྟེན་ནས་བརྒྱུད་སྒྱུར་མི་བྱེད་ཐབས་མེད་རེད། འོ་ན་ཅི་ཞན་ལིན་ལགས་ཀྱིས་ཤིན་ཏུ་གཟབ་ནན་དང་བློ་ཐག་རྦད་བཅད་ཀྱི་ངང་ནས་བརྒྱུད་སྒྱུར་ལ་ངོ་རྒོལ་མཐའ་གཅིག་ཏུ་མཛད་པ་དང་། ཁོང་གིས་ཚན་རིག་དང་མཚན་ཉིད་རིག་པའི་བརྩམས་ཆོས་ནི་བྱ་ཐབས་བྲལ་བའི་སྐབས་སུ་བརྒྱུད་སྒྱུར་བྱེད་ཆོག་ཀྱང་། རིག་རྩལ་བརྩམས་ཆོས་ནི་རྩ་བ་ནས་མི་ཆོག་པར་བཞེད་པ་ལ་རྒྱུ་མཚན་གཙོ་བོ་གཉིས་ཡོད་དེ།
༡ བློ་རྩིང་བོས་གྱ་ཚོམ་དུ་བསྒྱུར་བར་ངོ་རྒོལ་བྱེད་པ།
ལོ་ཙཱ་བ་ཕུལ་དུ་བྱུང་བ་ཞིག་གིས་འབད་པ་ཆེན་པོ་བྱེད་ཀྱང་། ལོ་ཙཱ་ལས་རྩོམ་རིག་ལོ་ཙཱའི་མཇུག་འབྲས་ནི་ལྷག་ཏུ་མ་རྩོམ་དང་བར་ཁྱད་ངེས་ཅན་རེ་འབྱུང་སྲིད། འོན་ཏེ་དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་སུམ་ཅུའི་སྐབས་སུ་བློ་རྩིང་བོས་གྱ་ཚོམ་དུ་སྒྱུར་བའི་ལོ་ཙཱ་བ་ཁག་ཅིག་ཐོན་པ་དང་། ཁོ་ཚོས་ཨེ་རི་སིའི་ཡི་གེ་ནས་བསྒྱུར་ཡོང་བ་ཡིན་ཟེར་བའི་སྐབས་དེར་ཤིན་ཏུ་དར་ཁྱབ་ཆེ་བའི་བརྩམས་ཆོས་ཏེ། དཔེར་ན་ཕུའུ་ལི་ཧན་ནོ་ཧྥུ་དང(普力汉诺夫)ལུའུ་ནཱ་ཁྲ་ཨེར་སི་ཅེ(卢那察尔斯基)སོགས་ཀྱི་རིག་རྩལ་གཞུང་ལུགས་ཀྱི་དཔེ་དེབ་སྐོར་ཞིག་པར་དུ་བསྐྲུན། ཀློག་མཁན་རྣམས་ཀྱིས་བསྒྱུར་དེབ་འདི་དག་ལ་ལྟ་དུས་ལྷའི་ཡི་གེར་ལྟ་བ་བཞིན་གོ་རྒྱུ་ཅི་ཡང་མེད། སྐུ་ཞབས་ཅི་ཞན་ལིན་གྱིས་འདིའི་རྒྱུ་མཚན་གསལ་བོར་རྟོགས་ཡོད་དེ། བསྒྱུར་དེབ་འདི་ཀུན་ལྗར་ཡིག་ནས་ཚུར་བསྒྱུར་ཡོང་བ་ཡིན་ལ། ལྗར་པན་གྱི་ལོ་ཙཱ་བས་ཐོག་མར་སྒྱུར་དུས་ཀྱང་མ་ཡིག་གི་ནང་དོན་ཇི་བཞིན་གོ་མེད་པ་འདྲའོ། །ཅི་ཞན་ཞིན་གྱིས་ངོ་རྒོལ་བྱས་པའང་གྱ་ཚོམ་དུ་བསྒྱུར་བ་འདིའི་རིགས་ཡིན་ལ། མ་གཞིར་སྐད་རིགས་དང་པོར་བསྒྱུར་དུས་ནས་མ་རྟོགས་ལོག་རྟོག་གི་དྲི་མས་གས་ཡོད་པ་དང་། ཁྱོད་ཀྱིས་ད་དུང་ལོ་ཙཱ་བ་སྔོན་མས་ཀྱང་གསར་བོར་ཤེས་མེད་པར་བསྒྱུར་བའི་དེབ་དེ་གཞིར་བཟུང་ནས་བསྒྱུར་ན། ཀློག་པ་པོར་གནོད་བསྐྱལ་བའམ་ཀློག་པ་པོར་ཆེས་ཆེར་འགན་མ་ཁུར་བ་མིན་ནམ།
༢ ཕུགས་ཀྱི་འདུན་མ་ལྟ་བུའི་ཚད་མཐོན་པོ་ཞིག་ལ་སྙེག་པ།
སྐུ་ཞབས་ཅི་ཞན་ལིན་གྱིས་བརྒྱུད་སྒྱུར་ལ་ངོ་རྒོལ་བྱས་པའི་རྒྱུ་རྐྱེན་གཞན་ཞིག་ནི་ཁོང་གིས་རྩོམ་རིག་ལོ་ཙཱའི་ཁྱབ་ཁོངས་སུ་ཕུགས་ཀྱི་འདུན་མ་ལྟ་བུའི་ཚད་མཐོན་པོ་ཞིག་ལ་སྙེག་པ་ཡིན་ཏེ། ཕྱི་རྒྱལ་གྱི་རྩོམ་རིག་ལ་སྔར་ནས་ཞིབ་འཇུག་བགྱིད་མཁན་གྱི་ཕྱི་རྒྱལ་རྩོམ་རིག་སྨྲ་བ་ཞིག་དང་། སྒྱུར་ལུགས་ལ་ཤིན་ཏུ་གཟབ་ནན་མཛད་པའི་ལོ་ཙཱ་བ་ཞིག་ལ་མཚོན་ན། རྩོམ་རིག་བརྩམས་ཆོས་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་འགྱུར་ལྡོག་ངེས་ཅན་འབྱུང་བ་ལ་ཁོང་རང་རྒྱུས་མངའ་ཡོད་པ་དང་། ཁོང་གིས«ཐོག་ཁང་དམར་པོའི་རྨི་ལམ»དཔེར་བླངས་ནས་བཤད་པ། “དཔེར་ན་ང་ཚོ་ཚང་མས«ཐོག་ཁང་དམར་པོའི་རྨི་ལམ»བཀླགས་ཡོད་པ་བཞིན། དེའི་ནང་གི་ཞིབ་འབྲིའི་རྩལ་མཐོ་ཞིང་བྲོ་བ་ཤིན་ཏུ་ཟབ་པས་ཧ་མི་ལས་པ་གཅིག་ཀྱང་མེད། གལ་ཏེ་ང་ཚོས་དབྱིན་ཡིག་གི་འགྱུར་དེབ་ལ་ལྟ་ན། གཏམ་རྒྱུད་དེ་རྣམས་ཡིག་རིགས་གཞན་ཞིག་གིས་བསྐྱར་དུ་བྲིས་ཡོད་པའི་ཚོར་བ་ཙམ་ལས། མ་ཡིག་གི་ཚིག་གི་ཕྲེང་བར་ཉར་བའི་བྲོ་བ་རྣམས་ནི་ཇི་ལྟར་བཙལ་ཀྱང་མཐོང་རྒྱུ་མི་འདུག”ཅེས་བརྗོད་དོ།། ལོ་ཙཱ་ལས་རྩོམ་རིག་ལོ་ཙཱ་ནི་ལྷག་ཏུ་འདི་འདྲ་ཞིག་ཡིན་ཏེ། ལོ་ཙཱ་བས་འབད་འབུངས་ཇི་ཙམ་བྱས་ཀྱང་། མ་ཡིག་གི་བྲོ་བ་འཛིན་པ་ལ་ཤེད་ཤུགས་ཇི་ཙམ་བཏོན་རུང་། ལོ་ཙཱའི་བརྒྱུད་རིམ་ཁྲོད་ཆ་འཕྲིན་འབོར་བའམ་འཕར་བ། ཡང་ན་ངོ་བོ་གཞན་དུ་འགྱུར་བ་སོགས་ནི་ངེས་ཅན་དུ་འབྱུང་སྲིད། མ་ཡིག་ནས་ཐད་ཀར་བསྒྱུར་ནའང་འདི་འདྲའི་གནད་དོན་འབྱུང་ན། བརྒྱུད་སྒྱུར་ལ་ནི་ལྟ་སྨོས་ཀྱང་ཅི་དགོས། དེའི་དབང་གིས་ཁོང་གིས་ང་ཚོ་ལ་ཏན་ཏན་ཏིག་ཏིག་གིས་བསྒྱུར་བྱའི་མ་ཡིག་སྦྱང་བར་སྐུལ་མ་མཛད་པ་དང་། ཁོང་རང་ཉིད་ཀྱིས་ཀྱང་དངོས་སུ་འདི་ལྟར་བྱེད་ཀྱིན་འདུག གནའ་བོའི་རྒྱ་གར་གྱི་རྩོམ་རིག་ལ་ཞིབ་འཇུག་བྱ་ཕྱིར། ཁོང་གིས་ལེགས་སྦྱར་ཡི་གེ་བསླབས་པ་མ་ཟད། པྲ་ཀྲྀ་ཏའི་ཡི་གེ་དང་ཐུའུ་ཧུའོ་ལོའི་ཡི་གེ་སོགས་གནའ་བོའི་རྒྱ་གར་གྱི་སྐད་རིགས་ཤེས་མཁན་དཀོན་པ་དག་ཀྱང་ལེགས་པར་སྦྱངས། ཁོང་གིས་སྐད་རིགས་འདི་དག་ལ་བརྟེན་ནས་གནའ་བོའི་རྒྱ་གར་གྱི་རྩོམ་རིག་ལ་ཐད་ཀར་རྒྱུས་ལོན་དང་ཤེས་རྟོགས། ཞིབ་འཇུག་བྱེད་པ་ཡིན་ལ། ཡང་སྐད་རིགས་འདི་དག་ལས་ཐད་ཀར་གནའ་བོའི་རྒྱ་གར་གྱི་རྩོམ་རིག་བརྩམས་ཆོས་རྣམས་རྒྱ་སྐད་དུ་བསྒྱུར་ཏེ་ཀྲུང་གོའི་ཀློག་མཁན་ཚོར་ངོ་སྤྲོད་བྱས།
གཉིས། ཐད་སྒྱུར་བྱ་དགོས་པའི་འདོད་ཚུལ་བསྟན་པ།
ལོ་ཙཱའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང་དུས་རབས་གཅིག་གི་ཕྱེད་ཀ་ལས་ལྷག་པའི་ལོ་ཙཱའི་མྱོང་བརྒྱུད་ལྡན་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཅི་ཞན་ལིན་གྱིས་རྩོམ་རིག་ལོ་ཙཱའི་དཀའ་ཁག་གསལ་བོར་མཁྱེན་ཡོད་དེ། མ་ཡིག་གི་གོ་དོན་ཅི་བཞིན་བསྟན་དགོས་པ་མ་ཟད། འགྱུར་ཡིག་ཀྱང་ཁ་གསལ་ཞིང་འབྲེལ་ཆགས་པ་ཞིག་ཡིན་དགོས་ལ། འགྱུར་ཡིག་ཀློག་པ་དེ་མ་ཡིག་ཀློག་པ་དང་ཁྱད་མེད་པ་ལྟ་བུ་ཞིག་དགོས་སོ། །འདིའི་དབང་གིས་ལོ་ཙཱ་དང་འབྲེལ་བའི་དཔེ་འཇོག་ཀྱང་སྐོར་ཞིག་བྱུང་ཡོད་དེ། དཔེར་ན་ལ་ལས་ལོ་ཙཱ་ནི་གཡོག་པོ་གཅིག་ལ་བདག་པོ་གཉིས་ལྟ་བུ་ཡིན་པར་བཤད་པ་དང་། ལོ་ཙཱས་མ་ཡིག་གི་རྩོམ་པ་བོར་རྒྱབ་འགལ་བྱ་མི་ཉན་ལ། འགྱུར་ཡིག་གི་ཀློག་པ་པོའི་བློར་ཡང་འབབ་ཏུ་འཇུག་དགོས་ཟེར། ཡང་ལ་ལས་ལོ་ཙཱ་ནི་རྐང་སྒྲོག་བཅིངས་ནས་བྲོ་འཁྲབ་པ་ལྟ་བུར་འདོད་དེ། བྲོ་འཁྲབ་ན་ལོས་ཆོག་མོད། འོན་ཀྱང་ཡིད་ལ་གང་ཤར་བྲོ་ཡི་སྟངས་སྟབས་སུ་བསྒྱུར་ག་ལ་རུང་སྟེ། འཁྲབ་ཚུལ་ངེས་ཅན་རེ་ཡོད་པ་དེ་རྩི་སྲུང་བྱ་དགོས་པས་སོ། གང་ལྟར་གཡོག་པོ་གཅིག་ལ་བདག་པོ་གཉིས་ཡིན་ན་འདྲ། རྐང་སྒྲོག་བཅིངས་ནས་བྲོ་འཁྲབ་པ་ཡིན་ན་འདྲ། ལོ་ཙཱ་བ་ཡིན་ཕྱིན་ནམ་ཡང་འདོད་ཕྱོགས་མི་འདྲ་བ་རེ་ཡོད་དེ། ལ་ལས་མ་ཡིག་གཙོ་བོར་འཛིན་ཅིང་ལ་ལས་འགྱུར་ཡིག་གལ་ཆེན་པོར་རྩི། ལ་ལས་རྐང་སྒྲོག་གི་འཆིང་བ་དང་དུ་བླངས་ཤིང་ལ་ལ་དེ་ལས་ཐར་ཐབས་བྱེད། འདོད་ཕྱོགས་མི་འདྲ་བ་འདི་གཉིས་ལས་རྩོམ་རིག་ལོ་ཙཱའི་སྔོན་ནས་ཡོད་པའི་བྱེད་ཐབས་གཙོ་བོ་གཉིས་ཏེ། ཐད་སྒྱུར་དང་དོན་སྒྱུར་གྲུབ་པ་ཡིན་ནོ། །
རང་རྒྱལ་གྱི་ལོ་ཙཱའི་ལོ་རྒྱུས་སུ་ཐད་སྒྱུར་དང་དོན་སྒྱུར་གཉིས་ཀྱིས་མཐའ་ལ་ལྷུང་ཐལ་ཆེ་བའི་ངང་ཚུལ་བསྟན་ཡོད་དེ། ཐད་སྒྱུར་གཙོ་བོར་འཛིན་མཁན་རྣམས་ཀྱིས་མ་ཡིག་ལ་བསྟུན་ཆེས་པས། འགྱུར་ཡིག་ནི་རྣམ་ཤེས་མེད་པའི་བེམ་རོ་བཞིན་གསོན་ཉམས་མེད་ཅིང་གོ་དཀའ་བ་དང་། དོན་སྒྱུར་གཙོ་བོར་འདོད་མཁན་ཚོས་ནི་ཅི་དགར་སྒྱུར་བ་ཤས་ཆེ་བས། འགྱུར་ཡིག་བཀླག་བདེ་བར་བཏང་ཡང་མ་ཡིག་ལ་བསྟུན་པ་མི་འདང་ངོ་། །འོན་ཀྱང་དུས་རབས་སྔོན་མའི་ལོ་རབས50ནས་བཟུང་། རང་རྒྱལ་གྱི་ལོ་ཙཱའི་ཆུ་ཚད་རིམ་གྱིས་གོང་དུ་འཕེལ་བས། དོན་སྒྱུར་དང་ཐད་སྒྱུར་གཉིས་ཚ་གྲང་ལྟར་འགལ་བར་མི་འཛིན་པར་ཕྱོགས་གཉིས་ཀའི་ལེགས་ཆ་གཅིག་ཏུ་བསྡུས་ནས། འགྱུར་ཡིག་དེ་མ་ཡིག་དང་མཐུན་པ་མ་ཟད། ཚིག་སྦྱོར་ཡང་འབྲེལ་ཆགས་པ་ཞིག་ཏུ་གྱུར་ཡོད།
ཡིན་ནའང་། ཅི་ཞན་ལེན་ལགས་ཀྱིས་བཞེད་པའི“ཐད་སྒྱུར”ཞེས་པའི་དོན་དེ་སྤྱིར་བཏང་གི་ལོ་ཙཱའི་བྱེད་ཐབས་ཙམ་ལ་མི་གོ་བ་དང་། སྐད་བརྡ་རིག་པར་ཐོས་བསམ་ཟབ་ཅིང་ཡོན་ཚད་མཐོན་པོར་སླེབས་པའི་མཁས་པ་ཞིག་གི་ངོས་ཐད་དུ། ཁོང་གིས་རྟག་ཏུ་དོ་སྣང་བྱེད་པ་ནི་ལོ་ཙཱའི་བརྒྱུད་རིམ་ཁྲོད་མ་ཡིག་ལ་ཅི་ཐུབ་ཀྱིས་བསྟུན་པའམ་མ་ཡིག་གི་བསྟན་དོན་ལ་བརྩི་བཀུར་བྱ་རྒྱུ་ཙམ་མ་ཡིན་པར། ལོ་ཙཱ་ལ་བརྟེན་ནས་འགྱུར་ཡིག་ཇི་ལྟར་འཕེལ་རྒྱས་སུ་གཏང་རྒྱུ་སྟེ། རང་རེའི་རྒྱ་སྐད་འདི་འཐུས་ཚང་དུ་གཏོང་བའི་དོན་གནད་དེ་ཡིན། ཁོང་གིས་རང་རྒྱལ་གྱི་རྒྱ་སྐད་ཀྱི་འཕེལ་རིམ་ལ་ཕྱིར་ལྟ་བྱས་ཏེ། ཕྱི་སྐད་ཀྱིས་སྔོན་གྱི་ཡིག་སྐད་ལ་ཐོན་པའི་ནུས་པ་གསལ་བོར་བསྟན་ཡོད་དེ། དཔེར་ན་རྒྱ་གར་ནས་ཐ་སྙད་གསར་བ་མང་པོ་གཡར་ཡོང་བ་དང་། ཐ་ན་བརྡ་སྤྲོད་ཀྱི་ཕྱོགས་ནས་ཀྱང་ཕྱི་སྐད་ཀྱི་ཤན་ཞུགས་ཡོད་དེ། ཁོང་གིས། “ལེགས་སྦྱར་ཡི་གེའི་ཞིབ་ཚགས་དང་ལྐོག་གྱུར། ལན་རེར་བསྐྱར་ཟློས་ཐལ་དྲགས་པའི་མཚོན་ཐབས་དེ་དག་ཀྱང་རྒྱ་ཡིག་ཏུ་རྗེས་ཤུལ་ཡོད་ལ། དཔེར་ན་སུའུ་ཧྲི(苏轼)ཡི་རྩོམ་ལ་ལར་ནང་ཆོས་ཀྱི་གསུང་རབ་ལོ་ཙཱའི་ཤུགས་ཞུགས་ཡོད་པ་ལྟ་བུ་རེད”ཟེར། ཡང་ཁོང་གིས་ཉེ་རབས་ནས་བཟུང་རང་རེ་རྣམས་ཀྱིས་ཡོ་རོབ་དང་མེ་གླིང་། ལྗར་པན་གྱི་དཔེ་ཆ་མང་དུ་བསྒྱུར་བ་ལས་རང་རྒྱལ་གྱི་སྐད་ཆ་དང་ཡི་གེ། རྩོམ་ལུས་དང་མཚོན་ཐབས་སོགས་ལ་ཐེབས་པའི་ཤུགས་རྐྱེན་དཔེ་རུ་དྲངས་ནས་ཐད་སྒྱུར་གྱི་བཟང་ཆ་ལ་དཔྱད་བརྗོད་བྱས་པ་དང་། ཡོ་རོབ་ཅན་གྱི་བརྡ་སྤྲོད་ལུགས་ཉུང་ཙམ་རིམ་གྱིས་ནང་འདྲེན་བྱ་དགོས་པར་ཡང་འདོད་དོ། །
དུས་མཚུངས་སུ། ཅི་ཞན་ལིན་གྱིས་ཐད་སྒྱུར་ཁྲོད་ཀྱི་ཡོ་རོབ་ཅན་གྱི་ཚིག་སྦྱོར་སྤེལ་སྟངས་དེ་དག་ལ་གུ་ཡངས་དང་བཟོད་གསོལ་ཆེན་པོ་མཛད་ཡོད་དེ། རྒྱུ་མཚན་གཅིག་ནི་ཁོང་གིས་མ་ཡིག་ལ་ཉེ་བར་བསྟུན་པའི་ལོ་ཙཱ་འདིའི་རིགས་ཀྱིས་རྒྱ་སྐད་དུ་ཡོ་རོབ་ཀྱི་ཚིག་སྦྱོར་སྤེལ་ཚུལ་ཅུང་ཟད་ཅིག་གཞུག་ཐུབ་པའི་རེ་བ་བྱེད་པ་དང་། དེ་ལྟར་བྱས་ན་ང་ཚོའི་ཅུང་ཞིབ་ཚགས་མིན་པའི་བརྡ་སྤྲོད་ལུགས་དེ་རིམ་གྱིས་ཞིབ་ཚགས་ཅན་དུ་བསྒྱུར་ཐུབ་ལ། རང་རེའི་སྐད་ཆ་དང་རྩོམ་ལུས་སོགས་གོང་དུ་སྤེལ་བར་ཡང་ཕན་པ་ཆེན་པོ་ཡོད། རྒྱུ་མཚན་གཞན་ཞིག་ནི། ཁོང་གིས“ཡོ་རོབ་ཀྱི་ཚིག་སྦྱོར་སྤེལ་སྟངས་འགའ་ཤས་ཐོག་མར་རིག་དུས་མི་ལོབས་པ་ལྟ་བུར་སྣང་ཡང་། མཐོང་བ་མང་ན་རིམ་བཞིན་གོམས་འགྲོ་བར”འདོད།
འོན་ཏེ་ཅི་ཞན་ལིན་ལགས་ཀྱིས་བསྟན་པའི“ཐད་སྒྱུར”ཞེས་པ་དེ་ཡི་གེ་རེ་རེའི་ངོས་ཐད་དུ་ཕར་བསྟུན་པར་སྒྱུར་བ་དེ་འདྲ་ཞིག་ལ་གཏན་ནས་མི་གོ་སྟེ། ཁོང་གིས་བཞེད་པ་ནི། “རྒྱ་སྐད་ཀྱི་གོམས་སྲོལ་དང་མཐུན་པའི་ཆ་རྐྱེན་འོག བརྡ་སྤྲོད་ལུགས་ཞིབ་ཚགས་ཡིན་པའི་ཕྱི་རྒྱལ་གྱི་ཚིག་སྦྱོར་སྤེལ་སྟངས་སྐོར་ཞིག་ནང་འདྲེན་བྱས་ཏེ། རང་རེའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་རྗོད་ལུགས་ཕུན་སུམ་ཚོགས་པའི་སྐད་ཆ་འདི་ཉིད་སྔར་བས་གྱ་ནོམ་ཞིང་། སྔར་བས་སྐྱེ་སྟོབས་རྒྱས་པ། སྔར་བས་རང་ཅག་གི་དགོས་མཁོ་བསྐང་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ”དེ་ཡིན། ཁོང་གིས་ད་དུང་། “ཀྲུང་གོའི་སྐད་ཆའི་ལོ་རྒྱུས་སུ། ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་དུ་སངས་རྒྱས་ཆོས་ཀྱི་གསུང་རབ་བསྒྱུར་བ་དང་། ཉེ་བའི་ལོ་ངོ་བརྒྱ་ཡས་མས་ཀྱི་སྔོན་ནས་བཟུང་ནུབ་ཕྱོགས་ཀྱི་བསྟན་བཅོས་རྣམས་ལོ་ཙཱ་བྱས་པས། རང་རེའི་སྐད་ཆ་ལ་འདི་ལྟ་བུའི་ནུས་པ་ཐོན་ཡོད་པར”ཡང་བཞེད་དོ། །
གསུམ། ལོ་ཙཱའི་ལོ་རྒྱུས་སྒྲིག་རྩོམ་ལ་མཐོང་ཆེན་མཛད་པ།
ལོ་ཙཱ་འདི་འཛམ་གླིང་གི་རྒྱལ་ཁབ་བམ་མི་རིགས་གང་དུའང་ལོ་རྒྱུས་ཡུན་རིང་ལྡན། ནུབ་ཕྱོགས་ཀྱི་ལོ་ཙཱའི་ལོ་རྒྱུས་དེ་སྤྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱ་སུམ་བརྒྱའི་གནའ་བོའི་གྷི་རིག་དང་གནའ་བོའི་རོ་མའི་དུས་རབས་སུ་འདེད་ཐུབ་སྟེ། དཔེར་ན་སྐྱེས་བུ་བདུན་ཅུས་གྷི་ཡིག་ཏུ་བསྒྱུར་བའི«དམ་པའི་གསུང་རབ»(《七十子希腊文本》)ལ་མཚོན་ན། ད་ལྟའི་བར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ལྟ་བུ་རེད། རང་རྒྱལ་གྱི་ལོ་ཙཱ་ལ་གལ་ཏེ་ཡི་གེར་བཀོད་པའི་ཀྲོའུ་རྒྱལ་རབས་ཀྱི་འབྲེལ་ཡོད་ཡིག་ཆ་གཞིར་བཟུང་ནས་བལྟས་ན། དེར་ཡང་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན། འོན་ཀྱང་དུས་ཡུན་རིང་བོ་ཞིག་ལ་མི་རྣམས་ཀྱིས་ལོ་ཙཱ་འདི་ལག་རྩལ་རང་བཞིན་གྱི་སྐད་ཡིག་རྗེ་སྒྱུར་གྱི་བྱ་བ་སླ་མོ་ཞིག་ཏུ་འདོད་པས། ལོ་ཙཱ་བ་དང་དེའི་བྱ་བཞག་ལ་ཡོད་འོས་ཀྱི་མཐོང་ཆེན་མ་བྱེད་པ་དང་། ཐ་ན་རྟག་ཏུ་སྣང་མེད་དུ་བཞག་པས། གནའ་ནས་ད་བར་ལོ་ཙཱའི་ཟིན་ཐོ་ཤིན་ཏུ་མང་པོ་མེད་ལ། ལོ་ཙཱའི་ཞིབ་འཇུག་ཀྱང་ཧ་ཅང་དཀོན་པོ་རེད།
ལྔ་བཞིའི་ལས་འགུལ་གྱི་སྔ་རྗེས་ནས་བཟུང་། རང་རྒྱལ་དུ་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་ལོ་ཙཱའི་རྗེས་ཀྱི་ལོ་ཙཱའི་མཐོ་རླབས་གཉིས་པ་འཕྱུར་བ་དང་། ལུའུ་ཞུན་སོགས་དེང་རབས་རྩོམ་རིག་སྨྲ་བ་གྲགས་ཅན་ཁག་ཅིག་ལས་འདིར་ཞུགས་པས། རྩོམ་རིག་ལོ་ཙཱའི་བྱ་བར་འཕེལ་རྒྱས་སྔ་ན་མེད་པ་བྱུང་ཞིང་། ལོ་ཙཱའི་ཞིབ་འཇུག་ལའང་སྔོན་མེད་ཀྱི་དོ་སྣང་ཆེན་པོ་བྱས། དེའི་སྐབས་སུ་མཁས་པ་ཚོས་ལོ་ཙཱའི་ཐད་ལ་ལྟ་ཚུལ་ཁྱད་དུ་འཕགས་པ་ཡང་མང་པོ་བཏོན། འོན་ཀྱང་ལོ་རབས་སུམ་ཅུ་པ་ནས་བདུན་ཅུ་བརྒྱད་ཅུའི་བར་དུ། ལོ་ཙཱར་ཞིབ་འཇུག་བགྱིད་མཁན་ཚོས་ཐོག་མཐའ་ཀུན་ཏུ་ལོ་ཙཱའི་ཚད་གཞི་དང་ཐབས་ལམ་ཁོ་ན་གཙིགས་སུ་འཛིན་པ་ལས། རང་རེའི་རིན་ཐང་གཞལ་དུ་མེད་པའི་ལོ་ཙཱའི་ཤུལ་བཞག་གི་རྒྱུ་དངོས་ཕྱོགས་སྒྲིག་དང་རྒྱུན་འཛིན་བྱ་རྒྱུའི་ཐད་ལ་དོ་ཁུར་བྱེད་མཁན་ཆེར་མ་བྱུང་། འདི་འདྲའི་གནས་བབས་ཤིག་གི་འོག་ཏུ། ཅི་ཞན་ལིན་གྱིས་ལོ་རབས་བརྒྱད་ཅུ་པའི་མགོ་ལ་རང་རྒྱལ་གྱི་ལོ་ཙཱའི་ཤུལ་བཞག་ལ་ཕྱོགས་སྡོམ་དང་རྒྱུན་འཛིན་བྱ་དགོས་པའི་ལྟ་ཚུལ་བཏོན་པ་ནི་ལོ་ཙཱའི་ཁྱུ་མཆོག་ཅིག་གི་གཞན་དང་མི་འདྲ་བའི་མིག་རྒྱང་ངམ་མཁྱེན་རྒྱ་རུ་གོ་རུང་ངོ་། །
ནན་གྱིས་བཤད་ན། ཅི་ཞན་ལིན་གྱིས་གནད་དོན་འདི་གླེངས་པའི་སྔ་རོལ་ཏུ་རང་རྒྱལ་ལ་ལོ་ཙཱའི་ལོ་རྒྱུས་ཆ་ཚང་བཀོད་པའི་དཔེ་དེབ་ཅིག་ད་དུང་མེད་ལ། ལོ་རབས80པ་ནས་བཟུང་ད་གཟོད་མཁས་པ་རེ་གཉིས་ཀྱིས་ལོ་ཙཱའི་ལོ་རྒྱུས་ཀྱི་ཁྱབ་ཁོངས་ལ་མཉམ་བཞག་ཡོད་དེ། དཔེར་ན་ཅི་ཞན་ལིན་དང་དུས་མཉམ་དུ་དགེ་རྒན་དབྱང་ཧུའེ(杨晦)ཡིས། “‘ལྔ་བཞི’ནས་དེ་རིང་གི་བར་བགྲང་བྱ་རེ་བཞི་སོང་ཡོད་ལ། འདིའི་རིང་གི་ལོ་ཙཱའི་ལོ་རྒྱུས་ལ་མི་མང་པོས་ཞིབ་འཇུག་བྱེད་ཀྱིན་འདུག དོན་དུ་འདིའི་རིང་གི་རྩོམ་རིག་ལོ་ཙཱའི་ལོ་རྒྱུས་ལའང་ཕྱོགས་སྡོམ་བྱེད་རིན་ཡོད་དེ། རྩོམ་པ་བོ་གང་དག་གི་བརྩམས་ཆོས་གང་དག་བསྒྱུར་བ་དང་། བསྒྱུར་བའི་ཚད་ག་འདྲ་ཡིན་པ་ཕྱོགས་སྡོམ་བྱ་དགོས་པ་མ་ཟད། ཆོས་ཉིད་ཅན་གྱི་དོན་གནད་གང་ཡོད་པ་དང་། གང་གང་གིས་བག་ཆགས་བཟང་པོ་བཞག་པ། གང་གང་གིས་ཤུགས་རྐྱེན་ངན་པ་ཐེབས་པ། གང་ཞིག་ནི་ཉེ་ལམ་བརྒྱུད་པ་དང་། གང་ཞིག་ནི་འཁྱོག་ལམ་བགྲོད་པ་ཡིན། རྩོམ་རིག་ལོ་ཙཱ་དང་རྩོམ་རིག་གསར་རྩོམ་གྱི་འབྲེལ་བ་ཅི་འདྲ་ཡིན་པ། རྩོམ་རིག་ལོ་ཙཱ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོའི་བར་གྱི་འབྲེལ་བ་ག་འདྲ་ཡིན་པ། གལ་སྲིད་འདིའི་ཕྱོགས་ལ་ཏན་ཏན་ཏིག་ཏིག་གིས་ཞིབ་འཇུག་བྱེད་མཁན་རེ་ཡོད་ན། རང་ཅག་གི་རྩོམ་རིག་ལོ་ཙཱ་བདེ་ལེགས་ངང་འཕེལ་རྒྱས་དང་། ཐ་ན་རང་ཅག་གི་རིག་རྩལ་བྱ་བཞག་ཡོངས་ཀྱི་འཕེལ་རྒྱས་ལའང་ཕན་པ་ངེས་ཅན་རེ་འབྱུང་བ་གདོན་མི་ཟའོ”ཞེས་བཤད་དོ། །
དགའ་འོས་པ་ཞིག་ནི། ཅི་ཞན་ལིན་གྱིས་རང་རྒྱལ་གྱི་ལོ་ཙཱའི་ཤུལ་བཞག་རྒྱུ་ནོམ་ལ་ཕྱོགས་སྒྲིག་ནན་ཏན་བྱ་དགོས་པའི་ལྟ་ཚུལ་བཏོན་པ་ནས་བཟུང་། རིག་གཞུང་གི་སྡེ་རུ་ལོ་ཙཱའི་ལོ་རྒྱུས་བྲི་བའི་ཐད་ལ་འབྲས་བུ་གཡུར་དུ་ཟ་བ་མང་པོ་བླངས་ཡོད་དེ། ཀྲུང་གོའི་ལོ་ཙཱའི་མཐུན་ཚོགས་ཀྱི«ལོ་ཙཱའི་རྒྱས་འཕྲིན»(翻译通讯)ཞེས་པའི་རྩོམ་སྒྲིག་ཁང་དང་ལུའོ་ཞིན་ཀྲང(罗新璋)གིས1984ལོར་དུས་མཉམ་དུ«ལོ་ཙཱ་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྡུས»དང«ལོ་ཙཱའི་དཔྱད་རྩོམ་ཕྱོགས་བསྒྲིགས»པར་དུ་བསྐྲུན། དེའི་རྗེས་སུ། མ་ཙུའུ་དབྱི(马祖毅)ཡིས་རང་རྒྱལ་གྱི་ལོ་ཙཱའི་ལོ་རྒྱུས་ཐོག་མ་སྟེ། «ལྔ་བཞིའི་སྔོན་གྱི་ཀྲུང་གོའི་ལོ་ཙཱའི་ལོ་རྒྱུས་མདོར་བསྡུས»པར་དུ་བསྐྲུན་པ་དང་། ཁྲེན་ཡུས་ཀང(陈玉刚)གིས«ཀྲུང་གོའི་རྩོམ་རིག་ལོ་ཙཱའི་ལོ་རྒྱུས»གཙོར་སྒྲིག་བྱས། དེ་ནས་ལོ་རབས་དགུ་བཅུ་པར་སླེབས་རྗེས། འདིའི་ཕྱོགས་ཀྱི་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་དུ་བྱོན་པ་དང་། ཡིག་གྲངས་སྔར་བས་མང་པའི«ཀྲུང་གོའི་ལོ་ཙཱའི་ལོ་རྒྱུས»དང«རྒྱའི་བསྟན་བཅོས་ཕྱི་སྐད་དུ་བསྒྱུར་བའི་ལོ་རྒྱུས།» «ཀྲུང་གོའི་ལོ་ཙཱའི་གཞུང་ལུགས་ཀྱི་ལོ་རྒྱུས»སོགས་ཐོན་པ་མ་ཟད། «ཀྲུང་གོའི་དེང་རབས་རྩོམ་རིག་ལོ་ཙཱའི་ལོ་རྒྱུས(1898-1949)» «ནུབ་ཕྱོགས་ཀྱི་ལོ་ཙཱའི་ལོ་རྒྱུས་མདོར་བསྡུས»སོགས་ཡོད་པ་དང་། ད་དུང་ཕྱི་རྒྱལ་གྱི་ལོ་ཙཱའི་གཞུང་ལུགས་ཆ་ཚང་བར་ཞིབ་འཇུག་དང་ངོ་སྤྲོད་བགྱིད་པའི་དེབ་ཚོགས་ཀྱང་སྔ་རྗེས་སུ་བྱོན་པས། རང་རྒྱལ་གྱི་རིག་གཞུང་གི་སྡེ་རུ་ལྟ་ན་སྡུག་ཅིང་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ཤིག་ཏུ་ཆགས་ཡོད་དོ། །
རྩོམ་ཁུངས། སྒང་ལམ་པའི་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།