ངོས་དང་པོ > ཆེད་དོན། > མི་སྣ་བཅར་འདྲི། > ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་ལོ་ཙཱ་བ་ཆེན་མོ་ཨོ་རྒྱན་ལགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་རགས་བཀོད།
ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་ལོ་ཙཱ་བ་ཆེན་མོ་ཨོ་རྒྱན་ལགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་རགས་བཀོད།
རྩོམ་པ་པོ།:ཚུལ་ཁྲིམས་བཟང་པོ།
ཡོང་ཁུངས།:གངས་ལྗོངས་ཉི་གཞོན།
དུས་ཚོད།:2025-05-28 08:15:01
ཀློག་གྲངས།:
མེས་པོའི་སྲོལ་བཟང་རྒྱུད་ལ་བཅངས་པའི་སྐད་གཉིས་སྨྲ་བ།
ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་ལོ་ཙཱ་བ་ཆེན་མོ་ཨོ་རྒྱན་ལགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་རགས་བཀོད།
ཚུལ་ཁྲིམས་བཟང་པོས་བྲིས་ཤིང་ཨོ་རྒྱན་གྱིས་པར་མཁོ་འདོན་བྱས།
སྔོན་འགྲོའི་ཞུ་མཆིད།
ཁྱེད་རྣམ་པས་དྲང་སྲོང་གྲོག་མཁར་པས་མཛད་པའི«རཱ་མ་ཎའི་རྟོགས་བརྗོད»དང་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»གཉིས་སྔར་ནས་བོད་ལ་ཆ་ཚང་བསྒྱུར་ཟིན་པར་འདོད་དམ། ང་རང་སློབ་གྲྭ་འགྲིམས་པ་ནས་བསྟན་བཅོས་འདི་གཉིས་ཀྱི་མཚན་བྱང་རྒྱུན་དུ་ཐོས་ཤིང་རྣ་བར་འཇགས་པར་མ་ཟད། རྒྱུག་ཤོག་སྟེང་དུ་རྩོམ་པ་པོ་དང་རྩོམ་ཡུལ་སོགས་ཀྱི་ཐད་ཀྱི་གདམ་གསེས་བཀོད་པའང་མང་། འོན་ཀྱང་བསྟན་བཅོས་དངོས་ཞིབ་ཏུ་ཀློག་པ་དང་བོད་འགྱུར་མའི་སྐོར་ལ་ཞིབ་འཇུག་བྱེད་པའི་གོ་སྐབས་མ་བྱུང་། 2018ལོའི་ཟླ6པའི་ཚེས6ཉིན་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས་སུ«རཱ་མ་ཎའི་རྟོགས་བརྗོད་བོད་འགྱུར་མ་ཆ་ཚང་པར་དུ་བསྐྲུན་པ»ཞེས་པའི་གསར་འགྱུར་ཞིག་མཐོང་བས། ད་གཟོད་བསྟན་བཅོས་འདི་ཉིད་གཞི་ནས་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་ལོ་ཙཱ་བ་ཨོ་རྒྱན་ལགས་ཀྱིས་བོད་ཡིག་ཏུ་ཆ་ཚང་བསྒྱུར་ཡོད་པ་རྒྱུས་ལོན་བྱུང་།

ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་ཀྱི་ལོ་ཙཱ་བ་ཆེན་མོ་ཨོ་རྒྱན་ལགས།
གཞན་ཡང་ལོ་འགའི་གོང་དུ་ཡོངས་འཛིན་དྲ་བའི་ཐོག་ནས2009ལོའི་ཟླ4པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»བོད་འགྱུར་མའིPDFཆ་ཚང་ལག་སོན་བྱུང་ཞིང་། འགོ་བརྗོད་དུ་ཨ་ལགས་དོར་ཞིས“སྔོན་ཆད་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས་སཾསྐྲྀཏ་ལས་བྱ་ལེན་མ་བསྒྱུར་བ་བསྒྱུར་འཕྲོར་ལུས་འདུག་པ་དེ་གྱོང་ཆེ་མོད། ད་ལྟ་རྒྱ་ཡིག་གི་སྟེང་ནས་ལོ་ཙཱ་བ་ཨོ་རྒྱན་གྱིས་ཚུར་བསྒྱུར་བ་འདི་ཡང་རྒྱ་གར་ནས་དར་བའི་སྙན་ངག་དང་ཟློས་གར་གྱི་བསྟན་བཅོས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་སྲོལ་གྱི་ཁྱད་ཆོས་ཚིག་གི་བརྗོད་སྟངས་དང་། སྙན་ངག་གི་རྒྱན་སྦྱོར་ཚུལ། དོན་གྱི་ཉམས་འགྱུར་འདོན་སྟངས། རྒྱ་གར་གྱི་གནའ་དུས་ཀྱི་ཡུལ་སྲོལ་དད་མོས་གོམས་འདྲིས་དང་འཚོ་བ་རོལ་སྟངས་སོགས་ཇི་ལྟ་བ་བཞིན་ཐོན་འདུག་པས་འགྱུར་ལེགས་ཤོས་སུ་གདེང་འཇོག་བྱེད་པར་འོས”ཞེས་གསུངས་འདུག་པས། བསྟན་བཅོས་འདི་ཡང་ལོ་ཙཱ་བ་ཨོ་རྒྱན་ལགས་ཀྱིས་བོད་ཡིག་ཏུ་ཆ་ཚང་བསྒྱུར་བར་ཤེས་རྟོགས་བྱུང་། སྤྱིར་དགེ་རྒན་ཨོ་རྒྱན་ཁོང་དངོས་སུ་མ་མཇལ་ཀྱང་། ཁོང་གིས་ལོ་ཙཱ་གནང་བའི་དཔེ་དེབ་དང་རིག་གཞུང་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་ཁག་ཅིག་མཇལ་བས། བཅར་འདྲི་བྱ་རྒྱུའི་འདུན་པ་རབ་ཏུ་སྐྱེས། ད་ཐེངས་སྟབས་ལེགས་པ་ཞིག་ལ་དགེ་རྒན་དཀོན་མཆོག་རྡོ་རྗེས་འོས་སྦྱོར་གནང་བར་རྒྱུད་བཅར་འདྲི་བྱེད་པའི་གོ་སྐབས་ཐོབ་ཅིང་། གུས་པས་རྒྱ་ཆེའི་ཀློག་པ་པོའི་ཚབ་བྱས་ནས་བཅར་འདྲི་བྱས་པ་གཤམ་གསལ་ལྟར་རོ། །

ལས་གྲོགས་རྣམས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཡིག་ཆ་ལོ་ཙཱ་བྱེད་བཞིན་པ།
དྲི་བ་དྲིས་ལན།གསར་འགོད་པ། རྒན་ལགས་སྐུ་ཁམས་བཟང་། བྱ་བའི་བྲེལ་ཟིང་འོག་ངེད་གངས་ལྗོངས་ཉི་གཞོན་གྱི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ། དེས་ན་བཅར་འདྲི་དངོས་སུ་འགོ་བརྩམ་རྒྱུ་ཡིན། དང་ཐོག་ཁྱེད་ཀྱི་སློབ་སྦྱོང་དང་ལས་ཀའི་རྒྱུད་རིམ་རགས་བསྡུས་ཤིག་གསུང་རོགས།
ཨོ་རྒྱན། འོ་ལགས་སོ། །ང་རང་གིས་རིམ་བཞིན་བིས་མདོ་བཅའ་སྡོད་སློབ་ཆུང་དང་ཡ་རྫི་བོད་ཡིག་སློབ་འབྲིང་། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ། མཚོ་སྔོན་མི་རིགས་སློབ་གླིང་སོགས་འགྲིམས་ནས་བོད་ཡིག་དང་རྒྱ་ཡིག །རྩིས་རིག །དངོས་ལུགས། རྫས་འགྱུར་སོགས་སློབ་གྲྭའི་བསླབ་བྱའི་རིམ་པ་མཐའ་དག་ལ་སློབ་གཉེར་བྱས་པ་ཡིན། 1995ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་མཚོ་སྔོན་མི་རིགས་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་ལས་བགོས་བྱས་བྱུང་། དེ་རུ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་འཁྲབ་གཞུང་ལོ་ཙཱ་དང་མི་སྣར་སྐད་སྦྱོར་གྱི་ལས་ཀ་བྱས། དེ་ནས་ལོ་གསུམ་གྱི་རྗེས་སུ་སླར་ཡང་མཚོ་སྔོན་མི་རིགས་སློབ་གླིང་དུ་རྒྱུགས་འཕྲོད་དེ་ལོ་ངོ་གསུམ་གྱི་རིང་ལ་ཞིབ་འཇུག་སློབ་མའི་སྦྱང་བྱ་མཐའ་དག་ལ་སློབ་གཉེར་བྱས་པ་ཡིན། 2001ལོར་སློབ་མཐར་ཕྱིན་ནས་པེ་ཅིན་དུ་ཡོད་པའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་སུ་ལས་ཀར་ཞུགས་ཏེ་ད་ལྟའི་བར་དུ་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་རྒྱ་བོད་ལོ་ཙཱའི་ལས་ཀ་ལྷུར་བླངས་པ་ཡིན།

ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ལོ་ཚོགས་ལ་ཞུགས་ཏེ་རྒྱལ་ཁབ་ཕྱི་ནང་གི་གཞོན་དར་ལོ་ཙཱ་བ་དང་མཉམ་དུ་ལོ་ཙཱའི་སྐོར་བགྲོ་གླེང་བྱེད་བཞིན་པ།
གསར་འགོད་པ། ཁྱེད་ཀྱིས་བགྲང་བྱ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་སུ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གཙོ་བོའི་གསུང་རྩོམ་དང་རྒྱལ་ཁབ་རིམ་པའི་ཚོགས་འདུ་གཙོ་བོའི་ཡིག་ཆ་གང་མང་བོད་ཡིག་ཏུ་བསྒྱུར་འདུག །དེས་ན་སྲིད་དོན་དང་འབྲེལ་བའི་གཞུང་ཡིག་བོད་དུ་ལོ་ཙཱ་བྱེད་པར་དོ་སྣང་བྱ་ཡུལ་ག་འདྲ་ཡོད་པ་དང་། ལོ་ཙཱ་བ་ཕུལ་བྱུང་སྐྱེད་སྲིང་བྱ་བར་རེ་བའམ་དགོངས་ཚུལ་ག་འདྲ་ཡོད་དམ། ཁྱེད་ཀྱིས་ཕྱག་ལས་གནང་བའི་ཉམས་མྱོང་དང་སྦྲགས་ནས་དགོངས་ཚུལ་མདོར་བསྡུས་ཤིག་གསུང་རོགས།ཨོ་རྒྱན། ཁྱེད་ཀྱི་འདི་ལ་ནང་གསེས་དྲི་བ་གཉིས་འདུག །དྲི་བ་དང་པོ་སྲིད་དོན་དང་འབྲེལ་བའི་གཞུང་ཡིག་བོད་དུ་ལོ་ཙཱ་བྱ་བར་དོ་སྣང་བྱ་ཡུལ་གང་ཡོད་ཅེ་ན། སྤྱིར་ལོ་ཙཱ་བྱེད་པ་ལ་མ་ཡིག་དང་མཐུན་ཞིང་འགྱུར་ཡིག་དང་བསྟུན་དགོས་པ་སྨོས་མ་དགོས། རྩ་དོན་འདི་གཞི་བཞག་བྱས་ཐོག་སྲིད་དོན་དང་འབྲེལ་བའི་གཞུང་ཡིག་ལོ་ཙཱ་བྱེད་པ་ལ། གཅིག་ནས་ཆད་ལྷག་མེད་པ་ཇི་མ་ཇི་བཞིན་དུ་བསྒྱུར་རྒྱུ་ཤིན་ཏུ་གལ་ཆེ། གཉིས་ནས་ལོ་ཙཱ་བ་རང་གི་དགའ་སྐྱོ་ཆགས་སྡང་གི་ཆ་མ་འདྲེས་པ་བྱ་དགོས། གསུམ་ནས་ཡུལ་ལུང་ཕྱོགས་རེ་བ་དང་བྱེ་བྲག་པའི་རྗེས་སུ་མ་འབྲངས་བར་བོད་ཡོངས་ཀྱི་སྐད་སྤྱི་ལ་ཁྱབ་ཅིང་ཡིག་ཐོག་གི་བསྟན་བཅོས་ཚད་ལྡན་གྱི་བརྗོད་སྟངས་དང་བསྟུན་དགོས། བཞི་ནས་ཐ་སྙད་བཀོལ་སྟངས་ཀྱི་ཐད་དུ་སྔོན་ནས་བསྟན་བཅོས་ཚད་ལྡན་དང་ཚིག་མཛོད་ཚད་ལྡན་གྱི་ནང་དུ་བཀོད་ཡོད་ཚེ་དེ་ལུགས་ལྟར་བེད་སྤྱོད་གཏང་རྒྱུ། ལྔ་ནས་ཐ་སྙད་གསར་པ་ལ་ལ་ཡུལ་ལུང་ཕྱོགས་རེ་བ་ལ་སྔར་ནས་ཡོད་ཀྱང་ས་གནས་ཁ་ཤས་ལ་མེད་ཚེ། ཡུལ་ལུང་ཕྱོགས་རེ་བའི་ཐ་སྙད་དེ་བེད་སྤྱོད་དང་ཁྱབ་གདལ་དུ་གཏོང་བ་ལས་ཐ་སྙད་གསར་པ་གཏན་འབེབས་བྱ་མི་དགོས། དྲུག་ནས་གལ་སྲིད་ཐ་སྙད་གསར་པ་ཞིག་ཡུལ་ལུང་ཕྱོགས་རེ་བ་དང་བསྟན་བཅོས་ཚད་ལྡན། ཚིག་མཛོད་སོགས་སུ་གཏན་ནས་མེད་ཚེ་གསར་བཟོ་བྱ་དགོས་ཏེ། གསར་བཟོ་བྱེད་པར་བོད་རང་གི་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་ཞིང་སྤྱི་ཡོངས་ཀྱིས་གོ་ཐུབ་པ་བྱ་དགོས། བདུན་ནས་ཐ་སྙད་གསར་པ་ཞིག་སྔོན་ནས་མདོ་དབུས་ཁམས་ཀྱི་སྐད་དུ་ཡོད་ཀྱང་ཕན་ཚུན་མ་མཐུན་ཚེ། དེ་གཙོ་བོ་དབུས་གཙང་སྐད་དང་བསྟུན་དགོས་ཏེ། སྔོན་གྱི་ལོ་རྒྱུས་དང་རིག་གནས་དར་ཚུལ་སོགས་ཕྱོགས་གང་ཐད་ནས་དབུས་གཙང་ནི་དམིགས་བསལ་བ་ཞིག་ཡིན།
དྲི་བ་གཉིས་པ་ནི་ལོ་ཙཱ་བ་ཕུལ་བྱུང་སྐྱེད་སྲིང་བྱ་བར་རེ་བ་དང་བསམ་ཚུལ་ཅི་འདྲ་ཡོད་ཟེར་བ་དེ་རེད་འདུག །ལོ་ཙཱ་བ་ཕུལ་དུ་བྱུང་བ་ཞིག་སྐྱེད་སྲིང་བྱ་དགོས་ཚེ། ངས་ད་ལྟའི་བར་དུ་ཡིག་སྒྱུར་བྱས་པའི་ཉམས་མྱོང་དང་སྦྲགས་ནས་བལྟས་ན། ཐོག་མར་གང་ལ་དགའ་ན་དེ་ལ་མཁས་ཞེས་པའི་དཔེ་ལྟར་ལས་ཀ་དེ་ལ་དགའ་མོས་ཡོད་དགོས་ཏེ། དགའ་མོས་ཡོད་ཚེ་འཕེལ་རྒྱས་ཀྱང་མགྱོགས། གཉིས་ནས་དཔེར་ན་རྒྱ་ཡིག་ནས་བོད་ཡིག་ལ་ལོ་ཙཱ་བྱེད་མཁན་ཞིག་ཡིན་ཚེ། རྒྱ་ཡིག་གི་ཆུ་ཚད་ངེས་ཅན་ལྡན་ཞིང་མ་ཡིག་གི་ནང་དོན་དཔྱིས་ཕྱིན་པ་གོ་ཐུབ་པར་མ་ཟད་རྒྱའི་རིག་གནས་ལ་ཆ་རྒྱུས་ཡོད་པ་དང་། དེ་བཞིན་བོད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་ཅིང་བོད་ཀྱི་རིག་གནས་ལ་ཆ་རྒྱུས་ཆེ་བ། ལྷག་པར་དུ་སུམ་རྟགས་དག་གསུམ་ཡག་པོ་ཤེས་དགོས། གསུམ་ནས་ལོ་ཙཱ་བ་ལས་དང་པོ་བ་ཞིག་ཡིན་ཚེ་ལོ་ཙཱ་བྱེད་སྐབས་ཚིག་མཛོད་ཡང་དང་བསྐྱར་དུ་བཙལ་དགོས་ཏེ། ཡིག་སྒྱུར་འགོ་བརྩམས་པ་ནས་ལེ་ལོ་དང་སུན་སྣང་མེད་པར་ཚད་ལྡན་གྱི་ཚིག་མཛོད་ནས་ཐ་སྙད་དག་ཅི་འདྲ་བསྒྱུར་ཡོད་པ་རེ་རེ་བཞིན་བཙལ་བ་དང་། གོམས་གཤིས་ཡག་མོ་དེ་ཆགས་རྗེས་བསྒྱུར་བྱའི་ཐ་སྙད་ལ་ངེས་ཆ་བྱུང་སྟེ་བློ་ལ་འཇགས་ནས་ཚིག་མཛོད་སྤྱོད་རྒྱུ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་སྲིད། གསུམ་ནས་ལོ་ཙཱ་བ་ཞིག་ཡིན་ཚེ་བསྒྱུར་བྱའི་ནང་དོན་རྣམ་པ་སྣ་ཚོགས་ཡོད་སྲིད་པས། དུས་རྒྱུན་དུ་དཔེ་ཀློག་མང་ཙམ་བྱ་དགོས་པར་མ་ཟད། རིག་གནས་ཀྱི་ཁྱབ་ཁོངས་སྣ་ཚོགས་དང་དཔེ་ཆ་རྣམ་པ་སྣ་ཚོགས་བཀླགས་ནས་ཤེས་བྱ་གསོག་འཇོག་བྱ་རྒྱུ་ཤིན་ཏུ་གལ་ཆེ་ལ། ལྷག་པར་དུ་ཡིག་སྒྱུར་གྱི་གཞུང་ལུགས་ལ་སློབ་སྦྱོང་མང་ཙམ་བྱ་དགོས། བཞི་ནས་ཡིག་སྒྱུར་ཐད་ལག་ལེན་མང་ཙམ་བྱ་དགོས་ཏེ། རྩོམ་ཡིག་ཐ་རེ་ཐོ་རེ་ཙམ་བསྒྱུར་ནས་ལོ་ཙཱ་བ་ཕུལ་བྱུང་ཞིག་ཡོང་མི་ཐུབ། ཡིག་སྒྱུར་གྱི་གྲངས་ཀ་དང་རྣམ་གྲངས་སོགས་ཚད་ངེས་ཅན་ལ་སླེབས་རྗེས་ད་གཟོད་གཞན་དང་མི་འདྲ་བའི་ཉམས་མྱོང་འཐོབ་རྒྱུ་ཡོད།

ལེགས་སྦྱར་སྨྲ་བའི་དབང་པོ་སྐུ་ཞབས་ཅི་ཞན་ལིན་ལ་མཇལ་དུ་ཕྱིན་པ།
གསར་འགོད་པ། ཁྱེད་ཀྱིས་བསྒྱུར་བའི«རཱ་མ་ཎའི་རྟོགས་བརྗོད»ལ་སྔར་གྱི་ཏུན་ཧོང་ནས་ཐོན་པའི«རཱ་མ་ཎའི་རྟོགས་བརྗོད»དང་ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི«རཱ་མ་ཎའི་རྟོགས་བརྗོད»སོགས་དང་བསྡུར་ན་ཐུན་མིན་གྱི་ཁྱད་ཆོས་ག་འདྲ་ཡོད་དམ། ཁྱེད་ཀྱིས་བསྒྱུར་བའི«རཱ་མ་ཎའི་རྟོགས་བརྗོད»མཚམས་སྦྱོར་རགས་ཙམ་གནང་རོགས།ཨོ་རྒྱན། དྲི་བ་དང་པོའི་ལན་དུ། ཏུན་ཧོང་ཡིག་རྙིང་ནས་ཐོན་པའི«རཱ་མ་ཎའི་རྟོགས་བརྗོད»འདི་ཚང་མས་བོད་འགྱུར་མ་རེད་ཅེས་ལབ་ཀྱི་ཡོད་རེད་མོད། ད་ལྟའི་བར་དེའི་མ་ཡིག་གང་ཡིན་པ་དང་སྒྱུར་མཁན་ལོ་ཙཱ་བ་སུ་ཡིན་སོགས་གསལ་པོ་ཤེས་ཀྱི་མི་འདུག་ལ། འདི་འགྱུར་མ་ཡིན་མིན་ཐད་ལའང་དོགས་འདྲི་བྱེད་ཆོག་པ་ཞིག་རེད། མདོར་ན་ད་ལྟའི་མཐོང་ཡུལ་དུ་གྱུར་པའི་ཏུན་ཧོང་གི«རཱ་མ་ཎའི་རྟོགས་བརྗོད»ལ་གཏམ་རྒྱུད་ཀྱི་བྱུང་རིམ་མདོར་བསྡུས་ཙམ་ལས་མི་འདུག །གཞན་ཡང་ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི«རཱ་མ་ཎའི་རྟོགས་བརྗོད»ནི་བརྗོད་བྱ་རྒྱ་གར་གྱི«རཱ་མ་ཎའི་རྟོགས་བརྗོད»ཀྱི་གཏམ་རྒྱུད་ལ་སྦྱར་ཏེ་སྙན་ངག་གི་རྩལ་ཕུལ་དུ་བྱུང་བ་བཏོན་ནས་གསར་དུ་བརྩམས་པ་ཞིག་རེད་མ་གཏོགས། རྒྱ་གར་གྱི་བསྟན་བཅོས་ཇི་བཞིན་དུ་བསྒྱུར་བ་མ་རེད། བསྟན་བཅོས་གྲགས་ཅན་འདི་རང་རེ་བོད་ལ་གནའ་ནས་སྐད་གྲགས་ཆེ་ནའང་ཆ་ཚང་བོད་ལ་འགྱུར་མེད་པས། འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་སུ་ལ་ཡང་ཆ་རྒྱུས་ཡོད་པ་ཞིག་མ་བྱུང་བས། བདག་གིས་བསྟན་བཅོས་འདི་བོད་ལ་གལ་ཆེ་བར་མཐོང་སྟེ་སློབ་དཔོན་ཅི་ཞན་ལིན(季羡林)གྱིས་ལེགས་སྦྱར་སྐད་ནས་རྒྱ་ཡིག་ཏུ་བསྒྱུར་བའི«རཱ་མ་ཎའི་རྟོགས་བརྗོད»ལ་གཞི་བྱས་ནས་བོད་ཡིག་ཏུ་ཆ་ཚང་བསྒྱུར་བ་ཡིན་ལ། འདི་ལ་ནང་དོན་ཆ་ཚང་དང་གོ་སླ་བ། མ་ཡིག་རྒྱ་ཡིག་ལ་གཏུགས་པ་སོགས་ཀྱི་ཁྱད་ཆོས་ལྡན།
དྲི་བ་གཉིས་པའི་ལན་དུ། «རཱ་མ་ཎའི་རྟོགས་བརྗོད»དང་«བྷ་ར་ཏ་ཆེན་མོའི་གཏམ་རྒྱུད»གཉིས་ནི་གནའ་བོའི་རྒྱ་གར་གྱི་དཔའ་བོའི་བྱུང་བ་བརྗོད་པའི་སྙན་ངག་རིང་མོ་གཉིས་ཡིན། རྒྱ་གར་དུ«རཱ་མ་ཎའི་རྟོགས་བརྗོད»ལ་ཆེས་ཐོག་མའི་སྙན་ངག་ཏུ་བརྗོད་ཅིང་རྒྱ་གར་རྩོམ་རིག་དང་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་ཞིང་རྩོམ་རིག་དང་རིག་གནས་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་། རྟོགས་བརྗོད་ཀྱི་རྩོམ་པ་པོ་དྲང་སྲོང་གྲོག་མཁར་པ་ཡིན་པར་བཤད་ཅིང་། ཁོང་གིས་རྟོགས་བརྗོད་འདི་བརྩམས་པར་བརྟེན་རྒྱ་གར་རྩོམ་རིག་ལོ་རྒྱུས་ཐོག་གི་ཆེས་ཐོག་མའི་སྙན་ངག་མཁན་དུ་གྱུར། «རཱ་མ་ཎའི་རྟོགས་བརྗོད»དུས་ནམ་ཞིག་ལ་བརྩམས་པའི་སྐོར་ལ་མཁས་པ་མང་པོའི་ལྟ་ཚུལ་མི་མཐུན་ཏེ། རྒྱ་གར་གྱི་མཁས་པ་མང་པོ་ཞིག་གིས་རིག་བྱེད་བཞི་བརྩམས་པའི་རྗེས་ནས་བརྩམས་པར་འདོད་ལ། ཡོ་རོབ་ཀྱི་མཁས་པས་སྤྱི་ལོའི་སྔོན་གྱི་ལོ1500ནང་ཡིན་པར་འདོད། «རཱ་མ་ཎའི་རྟོགས་བརྗོད»ལ་སྡེ་ཚན་བདུན་ཡོད་ཅིང་། སྡེ་ཚན་དང་པོ་གཞོན་ནུའི་སྡེ་དང་། སྡེ་ཚན་གཉིས་པ་འཐབ་བྲལ་གྲོང་གི་སྡེ། སྡེ་ཚན་གསུམ་པ་ནགས་ཀྱི་སྡེ། སྡེ་ཚན་བཞི་པ་སྤྲེའུའི་སྡེ། སྡེ་ཚན་ལྔ་པ་མཛེས་པའི་སྡེ། སྡེ་ཚན་དྲུག་པ་གཡུལ་གྱི་སྡེ། སྡེ་ཚན་བདུན་པ་མཇུག་གི་སྡེ་བཅས་ཡིན་ལ། སྡེ་ཚན་དྲུག་པ་སྟོད་སྨད་གཉིས་སུ་ཕྱེ་སྟེ་པར་བསྐྲུན་བྱས་ཏེ་བསྡོམས་པས་སྡེ་ཚན་བདུན་དང་གླེགས་བམ་བརྒྱད་བཞུགས།

«རཱ་མ་ཎའི་རྟོགས་བརྗོད»རྒྱ་ཡིག་དང་བོད་ཡིག་པར་མ།(བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་འདོན་སྤྲོད་བྱས།)
གསར་འགོད་པ། ཁྱེད་ཀྱིས་སློབ་དཔོན་ནག་མོ་ཁོལ་གྱིས་མཛད་པའི«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»འདི་ཉིད་བོད་ཡིག་ཏུ་ཆ་ཚང་བསྒྱུར་འདུག །དེས་ན་བསྒྱུར་བའི་ཀུན་སློང་དང་གོ་རིམ། དེའི་ཐུན་མིན་གྱི་ཁྱད་ཆོས་མདོར་ཙམ་གསུང་རོགས།ཨོ་རྒྱན། བསྒྱུར་བའི་ཀུན་སློང་ནི་གཅིག་ནས་སྔོན་ཆད་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཞིབ་འཇུག་སློབ་མ་འགྲིམ་སྐབས། དགེ་འདུན་ཆོས་འཕེལ་གྱིས«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»གྱི་འགོ་བརྗོད་དང་ལེའུ་དང་པོ་བསྒྱུར་ཡོད་པ་དེ་མཇལ་བ་ཡིན། ཁོང་གི་འགྱུར་ཕུལ་དུ་བྱུང་ཞིང་ཚིག་སྦྱོར་སྙན་པས་ཡིད་དབང་རབ་ཏུ་འཕྲོག་ཀྱང་། འགྱུར་ཆ་ཚང་མེད་པར་ཡིད་ཤིན་ཏུ་ཕངས་ནས་བོད་ལ་ཆ་ཚང་ཞིག་ཡོད་ན་ཅི་མ་རུང་སྙམ་སྟེ་བསྒྱུར་རྒྱུའི་ཀུན་སློང་འགོག་མེད་དུ་སྐྱེས་བྱུང་། གཉིས་ནས་ས་པཎ་གྱིས་བོད་འདི་སྙན་ངག་ལ་བློ་མི་འཇུག་གསུངས་ཀྱང་། རྗེས་སུ་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བོད་ལ་སྙན་ངག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་རེད། དེ་བཞིན་ཁོ་བོའི་བསམ་པར་དེང་གི་ཆར་བོད་འདི་ཟློས་གར་ལ་བློ་མི་འཇུག་པ་འདུག་པས། ཟློས་གར་གྱི་བསྟན་བཅོས་འདི་དག་བོད་ཡིག་ལ་བསྒྱུར་ན་བོད་ཀྱི་རྩོམ་རིག་ལའང་ཕན་ཐོགས་པར་འགྱུར་རམ་སྙམ་ནས་བསྒྱུར་བ་ཡིན།
བསྒྱུར་བའི་གོ་རིམ་ནི་སྤྱིར་ཟློས་གར་འདི་བོད་ལ་བསྒྱུར་འདོད་ཀྱང་བསྒྱུར་བྱའི་མ་ཡིག་གི་ཆ་རྐྱེན་མི་འདུག །2000ལོར་སློབ་དཔོན་ཅི་ཞན་ལིན(季羡林)གྱིས་ལེགས་སྦྱར་སྐད་ནས་རྒྱ་ཡིག་ཏུ་བསྒྱུར་བའི«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»གྱི་མ་ཡིག་དེ་ལག་སོན་བྱུང་ཞིང་། དེ་ནས་ཚོད་ལྟའི་ཚུལ་དུ་ཚན་པ་རེ་གཉིས་བསྒྱུར་བ་ཡིན། 2001ལོར་སློབ་མཐར་ཕྱིན་དུས་ཀྲུང་གོའི་མི་རིགས་སྐད་སྒྱུར་ལྟེ་གནས་སུ་སླེབས་ཏེ་ཁོམ་སྐབས་དང་བསྟུན་ནས་མུ་མཐུད་དུ་ཡིག་བསྒྱུར་བྱས་པས། 2005ལོར་བོད་ཡིག་དུ་ཆ་ཚང་བསྒྱུར་ཚར་བ་དང་། དེ་ནས་ལོ་གསུམ་གྱི་རིང་དུ་པར་སྐྲུན་བྱེད་མ་ཐུབ་པར་ལུས་ཀྱང་། 2008ལོར་མི་རིགས་དཔེ་སྐྲུན་ཁང་ལ་སྤྲད་ཅིང་2009ལོར་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱུང་བ་རེད།
འགྱུར་འདིའི་ཐུན་མིན་གྱི་ཁྱད་ཆོས་ནི་གཅིག་ནས་སྤྱིར«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»འདི་ཉིད་སྔར་ནས་མཁས་དབང་དགེ་འདུན་ཆོས་འཕེལ་དང་སྐུ་ཞབས་དོན་གྲུབ་རྒྱལ་རྣམ་གཉིས་ཀྱིས་བོད་ལ་ཚན་པ་ཁ་ཤས་བསྒྱུར་ཡོད་ཀྱང་འགོ་རྔ་ཆ་ཚང་བསྒྱུར་མི་འདུག །ཁོ་བོས་གཞུང་འདི་ཆ་ཚང་བསྒྱུར་ཡོད། གཉིས་ནས་རྒྱ་འགྱུར་མའི་ནང་དུ་མི་མིང་དང་ས་མིང་། རྩི་ཤིང་གི་མིང་སོགས་སྒྲ་ཇི་བཞིན་དུ་སོར་བཞག་བྱས་འདུག་ཀྱང་། ངས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ལེགས་སྦྱར་སྐད་ཀྱི་ཆེད་མཁས་པ་ཧོང་པའོ་ཧྲེང(黄宝生)ལགས་ལ་བཀའ་འདྲི་ཞུས་ཏེ་ལེགས་སྦྱར་གྱི་མ་ཡིག་དེ་ལཱ་ཏིང་གི་གཟུགས་འགྱུར་ལྟར་དུ་བྲིས་རྗེས། ལཱ་ཏིང་གཟུགས་འགྱུར་སྟེང་ནས་བོད་ཡིག་ཏུ་བྲིས་ཏེ་ལེགས་སྦྱར་གྱི་འབྲི་སྟངས་དེ་ཇི་མ་ཇི་བཞིན་བོད་ཡིག་ཏུ་ཕབ་བསྒྱུར་བྱས་ཡོད། གསུམ་ནས་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བའི་འགོ་བརྗོད་དང་ལེའུ་དང་པོ་གཉིས་སོར་བཞག་བྱས་ཐོག །རྒྱ་ཡིག་གི་མ་ཡིག་དང་བསྡུར་ཚེ་ཁོང་གི་འགྱུར་ལ་ཆད་ལྷག་ཙག་ཙིག་དང་ཡིག་འབྲུ་རེ་གཉིས་ཐོད་མི་ཐུག་ས་འདུག་པས། དེའི་སྐོར་རྒྱ་ཡིག་དང་བསྟུན་ནས་ཁ་གསབ་དང་དག་བཅོས་བྱས་ཡོད། བཞི་ནས་དགེ་འདུན་ཆོས་འཕེལ་གྱི་ལེགས་སྦྱར་སྐད་ནས་བོད་ཡིག་ཏུ་བསྒྱུར་ཀྱང་ཁོ་བོས་མ་ཡིག་རྒྱ་ཡིག་ལ་བལྟས་ནས་བོད་ཡིག་ཏུ་བསྒྱུར་བ་ཡིན།

ལོ་ཙཱ་བ་ཨོ་རྒྱན་གྱིས་བསྒྱུར་བའི«བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»བོད་ཡིག་པར་མ།
གསར་འགོད་པ། མཁས་པ་ལ་ལས་ལོ་ཙཱ་ནི་རྐང་ལག་སྒྲོག་གིས་བཅིངས་ནས་གར་འཁྲབ་པ་དང་འདྲ་ཞེས་པ་དང་ལོ་ཙཱ་ནི་གསར་རྩོམ་ཐེངས་གཉིས་པ་ཡིན་ཞེས་གསུངས་པ་འདི་གཉིས་ལ་གོ་བ་ག་འདྲ་ལེན་དགོས་སམ།ཨོ་རྒྱན། དྲི་བ་དང་པོའི་ལན་དུ། ལོ་ཙཱ་ནི་རྐང་ལག་སྒྲོག་གིས་བཅིངས་ནས་གར་འཁྲབ་པ་དང་འདྲ་ཞེས་པའི་ཚིག་འདི་ལས་ཁོ་བོས་རྐང་ལག་སྒྲོག་གིས་བཅིངས་པ་དང་གར་འཁྲབ་པ་གཉིས་སོ་སོ་ཕྱེ་ནས་གོ་བ་ལེན་བཞིན་ཡོད། རྐང་ལག་སྒྲོག་གིས་བཅིངས་པའི་རྒྱུ་མཚན་ཅི་ཞེ་ན། འགྱུར་ནི་ངེས་པར་དུ་མ་ཡིག་གི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཉམས་དང་བསྟུན་དགོས་ཤིང་། མ་ཡིག་གི་ཚད་བཀག་འོག་ལོ་ཙཱ་བས་གང་འདོད་ལྟར་བསྒྱུར་མི་རུང་བས། རྐང་ལག་སྒྲོག་གིས་བཅིངས་པ་དང་གཉིས་སུ་མ་མཆིས། ཡིན་ནའང་གར་འཁྲབ་པ་ནི་ཚད་བཀག་ཡོད་ཀྱང་དེ་དང་མཐུན་པའི་ཆ་རྐྱེན་འོག་འགྱུར་ལ་རང་གི་རྩལ་བཏོན་ནས་མ་ཡིག་ཇི་བཞིན་དུ་བསྒྱུར་ཆོག་ཅིང་། བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་གར་འཁྲབ་པ་ལྟར་ཀློག་པ་པོའི་ཡིད་དབང་འགུག་པའི་ནུས་པ་ལྡན། ལོ་ཙཱ་ནི་རྐང་ལག་སྒྲོག་གིས་བཅིངས་ནས་གར་འཁྲབ་པ་དང་འདྲ་ཞེས་པའི་དཔེ་འདི་སྤྱིར་ལོ་ཙཱ་ཐམས་ཅད་དང་ལྷག་པར་དུ་གཞུང་ཡིག་དང་ཆབ་སྲིད་ཀྱི་ཡིག་ཆ། བཅའ་ཁྲིམས་ཀྱི་ཡིག་ཆ་ལྟ་བུ་ལ་སྦྱར་ན་ཧ་ཅང་འཕྲོད།
དྲི་བ་གཉིས་པའི་ལན་དུ། ལོ་ཙཱ་ནི་གསར་རྩོམ་ཐེངས་གཉིས་པ་ཡིན་ཞེས་པ་དེ་གཙོ་བོ་རྩོམ་རིག་བརྩམས་ཆོས་བསྒྱུར་བ་ལ་ཧ་ཅང་འཕྲོད་དེ། སྒྲུང་རྩོམ་དང་ལྷུག་རྩོམ། སྙན་ངག་སོགས་ལོ་ཙཱ་བྱེད་པའི་སྐབས་སུ་ལོ་ཙཱ་བས་མ་ཡིག་གི་རྩོམ་ཉམས་ཐོག་ནས་གསར་རྩོམ་བྱ་ཆོག་པ་དང་། ལོ་ཙཱའི་ལོ་རྒྱུས་ཐོག་འགྱུར་ཡིག་ལ་ལ་མ་ཡིག་ལས་ཀྱང་ལྷག་པའང་ཡོད་ཅིང་། འགྱུར་ཡིག་དེ་མ་ཡིག་ལས་ལྷག་པ་ཐོན་དགོས་ན། ལོ་ཙཱ་བས་གསར་རྩོམ་གྱི་ཆ་དེ་བླ་ལྷག་ཏུ་བཏོན་ནས། ཚིག་གི་བརྗོད་སྟངས་དང་ཉམས་འདོན་སྟངས་ཐད་ནས་ལོ་ཙཱའི་ནུས་པ་རྩལ་དུ་འདོན་དགོས།
གསར་འགོད་པ། དེང་སྐབས་ཐ་སྙད་གསར་པ་བོད་ཡིག་ཏུ་བསྒྱུར་བ་དང་གཅིག་གྱུར། གཏན་འབེབས། བེད་སྤྱོད་བཅས་ཀྱི་ཐད་ཁྱེད་ལ་དགོངས་ཚུལ་ག་འདྲ་ཡོད་དམ།
ཨོ་རྒྱན། ང་ཚོའི་ལས་ཁུངས་ལ་མཚོན་ན། ལོ་རེའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཡིག་ཆ་དང་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན། རྒྱལ་ཁབ་ཀྱི་འགོ་ཁྲིད་གཙོ་བོའི་གསུང་རྩོམ་སོགས་བོད་ཡིག་ཏུ་སྒྱུར་སྐབས། ཐ་སྙད་གསར་པ་མང་པོ་འབྱུང་བཞིན་ཡོད་པ་རེད། ང་ཚོས་དེ་དག་དང་ཐོག་ནང་ཁུལ་ནས་བསྒྱུར་བ་དང་། ཞུ་དག །གཅིག་གྱུར། གཏན་འབེབས་སོགས་བྱས་རྗེས་བེད་སྤྱོད་གཏོང་བཞིན་ཡོད་པར་མ་ཟད། ལོ་ལྟར་བོད་ཀྱི་ས་གནས་སོ་སོ་ནས་མཁས་པ་མང་པོ་གདན་འདྲེན་ཞུས་ནས་ཐ་སྙད་གཅིག་གྱུར་གྱི་ཆེད་མཁས་ཚོགས་འདུ་ཚོགས་ཀྱི་ཡོད་ལ། ཚོགས་འདུའི་ཐོག་གཏན་འབེབས་བྱས་པའི་ཐ་སྙད་དག་ཀུན་ལ་བསྒྲགས་ནས་ཁྱབ་གདལ་གཏོང་བཞིན་ཡོད་ཅིང་། ང་ཚོའི་ལས་ཁུངས་དང་མི་རིགས་དཔེ་སྐྲུན་ཁང་སོགས་ཀྱིས་དེ་ལྟར་བེད་སྤྱོད་གཏོང་བཞིན་ཡོད།
ཁོ་བོའི་བསམ་པར་ཐ་སྙད་གསར་པ་བོད་ཡིག་ཏུ་བསྒྱུར་བ་ལ་གནད་དོན་ཆེན་པོ་འགའ་འདུག་སྟེ། དང་པོ་ས་གནས་སོ་སོར་རང་གི་ཐ་སྙད་གཅིག་གྱུར་བྱེད་མཁན་གྱི་ལས་ཁུངས་རེ་ཡོད་དེ། རང་གི་ཁྱབ་ཁོངས་སུ་གཅིག་གྱུར་དང་གཏན་འབེབས་བྱེད་པ་ལས། ས་གནས་གཞན་པས་བསྒྱུར་བའི་ཐ་སྙད་དེ་ཙམ་དང་ལེན་བྱེད་ཐུབ་ཀྱི་མི་འདུག །དེ་ལྟར་ཡུན་རིང་འགོར་ཚེ་ཐ་སྙད་རེ་ལ་བོད་ཡིག་ཏུ་འགྱུར་རྣམ་པ་སྣ་ཚོགས་འབྱུང་སྲིད། གཉིས་ནས་དཔེར་ན་ས་གནས་སོ་སོའི་མཁས་པ་མང་པོ་གདན་གཅིག་ཏུ་འཛོམས་ནས་ཐ་སྙད་གསར་པ་གཅིག་གྱུར་སྐོར་གྲོས་མོལ་བྱེད་སྐབས། ལ་ལ་ས་ཆའི་ཕྱོགས་ཞེན་དང་ཆགས་སྡང་གི་དབང་དུ་སོང་ནས་སྤྱི་ལ་བསམ་མནོ་མི་གཏོང་མཁན་ཡང་འདུག །ང་ཚོས་ས་ཆའི་ཕྱོགས་ཞེན་དང་ལ་རྒྱ་སྤངས་ནས་གནས་ལུགས་ཡང་དག་གི་རྗེས་སུ་འབྲངས་ཏེ། ཚད་ལྡན་གྱི་བསྟན་བཅོས་དང་ཚིག་མཛོད་ལ་བསྟུན་ཞིང་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་མཐུན་པའི་ཐོག་སྤྱི་ཡོངས་ཀྱི་གཅིག་གྱུར་ལ་ཐུགས་བསམ་ཡང་ཡང་བཞེས་དགོས། གསུམ་ནས་ཐ་སྙད་གསར་པ་ཞུ་དག་དང་། གཅིག་གྱུར། གཏན་འབེབས་བྱེད་མཁན་གྱི་སྡེ་ཁག་རྣམས་བེད་སྤྱོད་གཏོང་མཁན་ཚོའི་རྗེས་ཆོད་ཀྱི་མི་འདུག་སྟེ། བེད་སྤྱོད་གཏོང་མཁན་གྱིས་ཡུན་རིང་བེད་སྤྱོད་བཏང་ནས་ཁྱབ་གདལ་ཕྱིན་རྗེས་གཞི་ནས་གཏན་འབེབས་བྱེད་མཁན་སྡེ་ཁག་གིས་གཏན་འབེབས་བྱས་པས་ཡང་བསྐྱར་དེ་གཞིར་བཟུང་ནས་དག་བཅོས་གཏང་དགོས་ཚེ། དེ་ལ་དཀའ་ཁག་ཆེན་པོ་ཡོད་ཅིང་། དག་བཅོས་དང་གཅིག་གྱུར། གཏན་འབེབས་བཅས་ཀྱི་ནུས་པའང་ཐོན་དཀའ་མོ་ཡིན། དཔེར་ན་གསར་འགྱུར་སྡེ་ཁག་ལྟ་བུ་ལ་མཚོན་ན་ཐ་སྙད་གསར་པ་ཞིག་ཐོན་པ་ན་མགྱོགས་མྱུར་སྒོས་བེད་སྤྱོད་གཏང་དགོས་པ་དང་། དཔེ་སྐྲུན་ཁང་གིས་དཔེ་དེབ་ཅིག་པར་སྐྲུན་འགྲེམས་སྤེལ་བྱས་རྗེས་ཡང་བསྐྱར་དག་བཅོས་གཏང་དགོས་ཚེ་དཀའ་ཁག་ཤིན་ཏུ་ཆེ། དེ་བས་ཐབས་བརྒྱ་ཇུས་སྟོང་གིས་ཐ་སྙད་གསར་པ་གཏན་འབེབས་བྱེད་པའི་བྱ་གཞག་འདི་ཐ་སྙད་བེད་སྤྱོད་གཏོང་བའི་སྔོན་ལ་བསྒྲུབ་གང་ཐུབ་བྱ་དགོས་སྙམ། །
གསར་འགོད་པ། མ་འོངས་པའི་བོད་ཀྱི་ལོ་ཙཱ་དང་ལོ་ཙཱའི་རིག་གཞུང་ཞིབ་འཇུག་ཐད་དགོངས་ཚུལ་ག་འདྲ་ཡོད།
ཨོ་རྒྱན། མི་རིགས་ཤིག་ལ་མཚོན་ན་ལོ་ཙཱ་ལ་བརྟེན་ནས་མི་རིགས་གཞན་པའི་སྔོན་ཐོན་གྱི་རིག་གནས་ནང་འདྲེན་བྱ་རྒྱུ་ཤིན་ཏུ་གལ་ཆེ་སྟེ། རང་གི་སྲོལ་རྒྱུན་གྱི་རིག་གནས་རྒྱུན་སྐྱོང་བ་དང་གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན་བྱེད་པ་གཉིས་ཟུང་དུ་སྦྲེལ་ན་རིག་གནས་དར་རྒྱས་གོང་འཕེལ་འགྲོ་རྒྱུ་ལ་ཕན་པ་ཆེན་པོ་ཡོད། དེ་བཞིན་ལོ་ཙཱའི་རིག་གཞུང་ཞིབ་འཇུག་ཀྱང་ཧ་ཅང་གལ་ཆེ་སྟེ། ལོ་ཙཱའི་རིག་གཞུང་གིས་ལོ་ཙཱའི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་། ལག་ལེན་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་མཐའ་དག་གཞུང་ལུགས་ལ་བརྟེན་ནས་ཐག་གཅོད་གཏང་དགོས་ཤིང་། དེ་བཞིན་ལོ་ཙཱའི་ལག་ལེན་ཁྲོད་ལོ་ཙཱའི་རིག་པའི་གཞུང་ལུགས་ཁ་བསྐངས་ནས་ཇེ་རྒྱས་ཇེ་ལེགས་སུ་གཏང་དགོས། མདོར་ན་ལོ་ཙཱའི་ལག་ལེན་དང་ལོ་ཙཱའི་རིག་གཞུང་གཉིས་གཅིག་ལ་གཅིག་བརྟེན་དང་གཅིག་རམ་གཅིག་འདེགས་བྱ་རྒྱུ་གལ་ཆེའོ། །

རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཡིག་ཆ་ལོ་ཙཱ་བྱེད་སྟངས་ཐད་བགྲོ་གླེང་བྱེད་བཞིན་པ།
ངོ་སྤྲོད་རགས་བསྡུས།ལོ་ཙཱ་བ་ཨོ་རྒྱན་ལགས་ནི1972ལོར་མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་བིས་མདོ་གཅི་འཁོར་སྡེ་བདུན་གྱི་ནང་ཚན་སྟེང་ཀ་ཞེས་པའི་གྲོང་ཚོ་རུ་འཁྲུངས། ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས་བོད་ཡིག་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀྲུང་གོའི་ཡིག་སྒྱུར་མཐུན་ཚོགས་ཀྱི་ཚོགས་མི། རྒྱལ་ཡོངས་བོད་སྐད་ཐ་སྙད་གསར་པ་བཀས་བཅད་ཆེད་མཁས་ཨུ་ལྷན་སྐབས་གསུམ་པའི་ཨུ་ཡོན་བཅས་ཡིན། ཁོང་གིས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྒྱལ་ཁབ་ཀྱི་འགོ་ཁྲིད་གཙོ་བོའི་གསུང་རྩོམ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཆེན་བསྡོམས་པས་ཐེངས་ཉི་ཤུ་ལྷག་གི་ཡིག་ཆ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཁྱོན་བསྡོམས་ཐེངས་ལྔའི་ཡིག་ཆ། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཕྱོགས་བསྒྲིགས»དེབ་ཉི་ཤུ་ལྷག །«ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གི་གནས་འཕྲིན»སྟེང་གི་རྩོམ་ཡིག་བརྒྱ་ཕྲག་ཡས་མས། «མི་རིགས་ཀྱི་རྩོམ་རིག»དང«མི་རིགས་བརྙན་པར»སོགས་དུས་དེབ་སྣ་ཚོགས་ཀྱི་རྩོམ་ཡིག་སོགས་བོད་རང་གི་སྐད་དང་ཡི་གེའི་ལམ་དུ་བསྒྱུར་བའམ་ཞུས་དག་གཏན་འབེབས་མཛད།
གཞན་ཡང་སློབ་ཞོར་དང་ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ་སྔ་རྗེས་སུ«མི་རིགས་ཀྱི་རྩོམ་རིག»དང«པོ་ཏ་ལ» «ཀྲུང་གོའི་བོད་ལྗོངས»སོགས་སུ་འགྱུར་རྩོམ་གང་མང་སྤེལ་བ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་ཉི་ཤུ་ལྷག«མི་རིགས་ཞིབ་འཇུག»དང«ཀྲུང་གོའི་བོད་རིག་པ» «བོད་ལྗོངས་ཡིག་ཚགས»སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་སྟེང་བཀོད། «དབྱིབས་རིག་ཞིབ་འགྲེལ»དང«ཚབ་རྩིས»སོགས་རྩིས་ཚན་གྱི་སྐོར་དང་། «བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར»དང«རཱ་མ་ཎའི་རྟོགས་བརྗོད།» «བོད་ལྗོངས་ཀྱི་རྩོམ་རིག» «བོད་ལྗོངས་ཀྱི་དཔལ་འབྱོར»སོགས་དེབ་བཅུ་བཞི་སྔ་ཕྱིར་པར་སྐྲུན་མཛད། གཞན་དང་མཉམ་འབྲེལ་གྱིས་སྒྲིག་རྩོམ་བྱས་པའི«མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར»དང་། «མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར»དང་། «བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར»ཞེས་པའི་དེབ་གསུམ་མི་རིགས་དཔེ་སྐྲུན་ཁང་གིས་སྔ་ཕྱིར་པར་བསྐྲུན་བྱས། །

ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་ཀྱི་ལོ་ཚོགས་ཐོག“གཞོན་དར་ལོ་ཙཱའི་ལས་སྒྲུབ་པ་ཕུལ་བྱུང་ཅན”ཞེས་པའི་བྱ་དགའ་ཐོབ་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།