བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་དུས་དེབ་གསར་དུ་སྤེལ།

རྩོམ་པ་པོ།: ཡོང་ཁུངས།:ཁམས་པའི་བརྙན་འཕྲིན། དུས་ཚོད།:2025-06-03 08:14:42 ཀློག་གྲངས།:
       ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གིས་གཙོ་སྒྲུབ་བྱས་པ་དང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཏ་ལའི་ལོ་མ་ཞིབ་འཇུག་ཁང་གིས་འགན་སྒྲུབ་བྱས་པའི«བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག»ཅེས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་དུས་དེབ་གསར་གཏོད་བགྲོ་གླེང་ཚོགས་འདུ་ལྷ་ས་གྲོང་ཁྱེར་ནས་འཚོགས་པ་རེད།
       བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་འགོ་འཛིན། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཞའོ་ཉིང་གིས«བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག»དུས་དེབ་གསར་དུ་བཏོན་པ་ཡིས་རྒྱལ་ཁབ་ཕྱི་ནང་ནས་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་གི་ཆེད་ལས་དུས་དེབ་མེད་པའི་སྟོང་ཆ་བསྐངས་ཤིང་། དེ་ཡིས་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ནི་ཆེད་ལས་ཅན་དང་མ་ལག་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་དུས་རིམ་གསར་པར་སླེབས་པར་མཚོན་ཡོད་ཅེས་བཤད།
       ཉིས་སྟོང་བཅུ་གསུམ་ལོར་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་གླིང་གིས་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་ལ་སྒོ་བྱང་བཀལ་བ་དང་། ཉིས་སྟོང་བཅུ་བཞི་ལོ་ནས་བཟུང«བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག»ཅེས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔེ་ཆ་ཉི་ཤུ་ཙམ་པར་སྐྲུན་བྱས་ཤིང་། དེ་དག་གི་ནང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ་བརྒྱ་དང་དགུ་བཅུ་ཙམ་བཀོད་ལ། ལྗོངས་ཡོངས་ཀྱི་མཐོ་རིམ་སློབ་ཆེན་དང་ཞིབ་འཇུག་སྡེ་ཁག གཞན་ཡང་རྒྱལ་ནང་གི་ཞིབ་འཇུག་ལས་ཁུངས་གཙོ་བོ་ཁག་ཅིག་གི་རིག་གཞུང་མཁས་པའི་དཔྱད་འབྲས་གསར་པ་གཅིག་བསྡུས་ཀྱིས་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་མཁས་པས་གདེང་འཇོག་གང་ལེགས་ཐོབ། ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་གཉིས་པར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱབ་སྐྱོར་ཆེན་པོར་བརྟེན་ནས་དུབ་དེབ་འདི་གསར་དུ་འདོན་སྤེལ་བྱེད་པའི་ཆོག་མཆན་དངོས་སུ་ཐོབ་ཅིང་། ལོ་ཕྱེད་ཀྱི་དུས་དེབ་ལ་གཏན་འཁེལ་བྱས། ད་ལྟ་ཐོག་མའི་དུས་དེབ་དངོས་སུ་དཔར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་ཡོད།
       «བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག»གི་གཙོ་སྒྲིག་པ་ཚེ་དབང་རིག་འཛིན་ལགས་ཀྱིས་དུས་དེབ་འདི་ཡིས་ཏ་ལའི་ལོ་མའི་ཡིག་ཆ་བསྡུ་སྒྲིག་དང་ཞིབ་འཇུག་བྱེད་པ་དང་། གསར་དུ་རྙེད་པའི་ཏ་ལའི་ལོ་མའི་ཡིག་ཆ་ཁྱབ་སྤེལ་བྱས་ཏེ། རྒྱ་ཡིག་དང་བོད་ཡིག ལེགས་སྦྱར་གྱི་ཡི་གེ་སོགས་ཡིག་རིགས་སྣ་མང་གི་ཡིག་ཆ་ཞིབ་བསྡུར་ལ་སྐུལ་སྤེལ་དང་། ཏ་ལའི་ལོ་མའི་དཔེ་ཆ་ཉམས་གསོའི་ལག་རྩལ་དང་། གྲངས་ཀ་ཅན་གྱི་གྲུབ་འབྲས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཁྱབ་སྤེལ་རྒྱ་ཆེར་གཏོང་བའི་རྒྱལ་སྤྱིའི་ཉམས་མྱོང་སོགས་མཉམ་རོལ་བྱ་རྒྱུ་ཡིན་ཞེས་བཤད།
       ཉིན་དེར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་། པེ་ཅིན་སློབ་ཆེན། པེ་ཅིན་ཕྱི་སྐད་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀུའེ་ཀྲོའུ་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་དང་ཞིབ་འཇུག་སྡེ་ཁག་གི་ཆེད་མཁས་པ་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།