གསེར་སྐྱེམས་ཀྱི་རབས་ལ་དཔྱད་པ།

རྩོམ་པ་པོ།:མཁའ་འབུམ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-16 14:33:36 ཀློག་གྲངས།:
༄༅། །བོན་གྱི་ཡིག་ཚང་གསེར་སྐྱེམས་ཀྱི་རབས་ཞེས་པའི་སྐོར་ལ་དཔྱད་པ།
མཁའ་འབུམ་བཀྲ་ཤིས།

ནང་དོན་གནད་བསྡུས། རྩོམ་ཡིག་འདིར་བོན་གྱི་ཡིག་ཚང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་ཞེས་པ་དེའི་ནང་གི་གསེར་སྐྱེམས་ཀྱི་རབས་དཔྱད་གཞིར་བཟུང་སྟེ། བརྩམས་ཆོས་གང་དེའི་ནང་དོན་དང་། ཚིག་སྦྱོར་གྱི་ཁྱད་ཆོས། སྒྱུ་རྩལ་གྱི་མཚོན་ཐབས་བཅས་ལ་དཔྱད་པར་བརྒྱུད་ནས། ཡིག་ཚང་འདི་ལ་སྙན་ངག་མེ་ལོང་མ་དར་སྔོན་གྱི་བོད་ཀྱི་གནའ་བོའི་རྩོམ་རིག་གི་ཁྱད་ཆོས་ཆེ་བའི་ལྟ་ཚུལ་བཏོན་འདུག
བརྡ་ཆད་གཙོ་བོ། བོན་གྱི་ཡིག་ཚང་། གསེར་སྐྱེམས་ཀྱི་རབས། རྩོམ་རིག་གི་ཁྱད་ཆོས།

       འདིར་སྐབས་སུ་བབས་པའི་བརྗོད་གཞི་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་ལས་གསེར་སྐྱེམས་ཀྱི་རབས་ཞེས་པ་འདི་ནི༢༠༠༦ལོའི་དབྱར་ཁར་བོད་ལྗོངས་མཚོ་སྨད་རྫོང་གཏམ་ཤུལ་ཁུལ་གྱི་དགའ་ཐང་འབུམ་པ་ཆེར་གྲགས་པའི་མཆོད་རྟེན་ཞིག་ལས་རྙེད། དེ་ཡང་པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་རྩོམ་སྒྲིག་མཛད་ཅིང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་གནའ་དཔེ་རྩ་ཆེན་ཞིག་རེད། རྩོམ་སྒྲིག་པས་མཚམས་སྦྱོར་བྱས་པ་ལྟར་ན། དཔེ་རྙིང་དེ་དག་གི་རྩོམ་པ་པོའི་མཚན་ནམ་མཛད་དུས་སམ་ཡང་ན་ཡི་གེ་བ་སུ་ཡིན་པ་ཁ་ཚོན་གཅོད་དཀའ་ཡང་། དེ་དག་གི་ཐ་སྙད་དང་ཡིག་གཟུགས་ལ་དཔྱད་ཚེ། ཡིག་རྙིང་ཕལ་ཆེ་བ་ནི་བསྟན་པ་ཕྱི་དར་གྱི་སྐབས་ཏེ་དུས་རབས་བཅུ་གཅིག་གམ་ཡང་ན་དེའི་རྗེས་སུ་བྱུང་བར་བཞེད་ལ། ནང་དོན་གྱི་ཐད་ནས་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་། གཟུངས་སྔགས་ལ་སོགས་པའི་ཡིག་ཆ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་བའི་གསེར་བྲིས། གཞན་ཡང་བོན་དཔེ་འགའ་ཤས་དང་གནའ་བོའི་སྨན་དཔྱད་ཀྱི་ཡི་གེ་སོགས་ཡིན་པར་བཤད། ཁོ་བོས་དེ་ལ་ལན་གཅིག་མཇལ་བས་གནའ་དཔེ་དེ་དག་ལས་གསེར་སྐྱེམས་ཀྱི་རབས་ལ་ནང་དོན་དང་། ཚིག་གི་སྦྱོར་བ། སྒྱུ་རྩལ་གྱི་མཚོན་ཐབས་སོགས་ཕྱོགས་གང་ཅིའི་ཐད་ནས་དཔྱད་གཞིའི་རིན་ཐང་གིས་ཕྱུག་པར་མཐོང་ཞིང་། དེ་ལ་ནུས་ཚོད་ཀྱིས་དཔྱད་པ་ཕྲན་ཙམ་བྱ་སྙམ་པའི་ཀུན་སློང་གིས་བསྐུལ་ཏེ་གླེང་བར་བྱ་བ་ལ།
དགའ་ཐང་འབུམ་པ་ཆེ་མཆོད་རྟེན།
དང་པོ། ཡིག་ཚང་གི་ནང་དོན།
       སྤྱིར་གསེར་སྐྱེམས་ཀྱི་རབས་ཞེས་པར་ཚིག་ངོས་ནས་འགྲེལ་ཚེ། གསེར་ཞེས་པ་ནི་གསེར་དངུལ་གཡུ་གསུམ་གྱི་གསེར་དང་། གཞན་ཞེ་སར་གོ་བ་ཡང་ཡོད་དེ། དཔེར་ན་རྒྱལ་པོའི་ཞལ་ལ་གསེར་ཞལ་དང་། བཀའ་ཡིག་ལ་གསེར་ཡིག་ཅེས་པ་ལྟ་བུ། སྐྱེམས་ཞེས་པ་ནི་བཏུང་བྱའི་ཞེ་ས་སྟེ། བོན་ལུགས་ལས་སྐྱེམས་ནི་ཆང་ལ་གོ་བར་གསུང་མཁན་ཡང་འདུག་སྟེ། དཔེར་ན་བོན་ལུགས་ཡི་དམ་དབལ་ཕུལ་གྱི་གཞུང་ལས། འབྲུ་བཅུད་སྐྱེམས་འཕང་རོ་མཆོག་བརྒྱ་དང་ལྡན། །སྐྱེ་མེད་འཆི་མེད་བདུད་བརྩིའི་སྨན་དང་སྦྱར། །ཡོན་ཏན་ཀུན་འབྱུང་དངོས་གྲུབ་བསྙེམས་པའི་རྫས། །[1]ཞེས་དང་། གཞན་བརྩམས་ཆོས་འདིའི་མགོར་ཡང་། གསེར་སྐྱེམས་ཀྱི་རབས་ལ། །ཆང་གྱི་མེས་པོ་བའ། །[2]ཞེས་པ་སོགས་ལས་སྐབས་འདིར་སྐྱེམས་ཞེས་པ་ནི་ཆང་ལ་གོ་བ་ཡིན་པར་ཐེ་ཚོམ་གང་ཡང་མི་འདུག་གོ དེ་བཞིན་དུ་རབས་ཞེས་པ་ནི་རྒྱུད་དམ་ལོ་རྒྱུས་ལ་གོ་དགོས་ཏེ། དཔེར་ན་སྐྱེས་རབས་དང་རྒྱལ་རབས་ལྟ་བུ། སྒྲིག་པ་པོས་གསེར་སྐྱེམས་ཀྱི་རབས་ཞེས་པ་ནི་ལྷ་ལ་སོགས་པར་མཆོད་པ་འབུལ་རྒྱུའི་སྐྱེམས་ཆང་དང་གསེར་དང་མཚུངས་བའི་ཚིག་གི་རྒྱུན་ཡིན་པར་བཤད་མོད།[3] ཁོ་བོའི་བསམ་པར་གསེར་སྐྱེམས་ཀྱི་རབས་ཞེས་པ་ནི་ལྷ་དང་ཡི་དམ་སྲུང་མ་སོགས་ལ་མཆོད་པ་དབུལ་རྒྱུའི་སྐྱེམས་ཆང་ལ་ཞེ་སའི་ཚིག་གསེར་སྦྱར་པས་གསེར་སྐྱེམས་ཞེས་པར་གྲུབ་ལ། གསེར་དང་ཆང་གཉིས་ཀྱི་ཡོན་ཏན་དང་ཁྱད་ཆོས་ལ་བསྔགས་བརྗོད་མཛད་པའི་ཚིག་གི་རྒྱུན་ཡིན་པས་ན་གསེར་སྐྱེམས་ཀྱི་རབས་ཞེས་གྲུབ་པར་འདོད། འདིར་གསེར་སྐྱེམས་ཀྱི་རབས་ཞེས་པ་དེར་ནང་དོན་གྱི་ཆ་ནས་གཙོ་བོ་རིགས་གསུམ་དུ་འདུ་ཆོག་པར་སྙམ་སྟེ། དེ་ནི་ཆང་གི་འབྱུང་ཁུངས་དང་ཕན་ནུས། གསེར་གྱི་འབྱུང་ཁུངས་དང་ཕན་ནུས། གསེར་དང་ཆང་གཉིས་གཞི་གཅིག་ཏུ་སྦྱར་བ་བཅས་སོ། །
       དེ་ཡང་ཐོག་མར་ཆང་གི་འབྱུང་ཁུངས་དང་ཕན་ནུས་བཤད་པ་ལ་ཆང་གྱི་མེས་པོ་བའ། །གནམ་འཁུན་དང་བས་བགྱི། །ཆང་གྱི་ཕྱི་མོ་བ་ས་ཁུན་དང་བས་བགྱི། །ཕ་དང་ཡབ་གྱི་མཚན་ལྷ་ཆུ་རྔམ་བས་བགྱི། །མ་དང་ཡུམ་གྱི་མཚན། །རྨུ་ཆུ་དང་བས་བགྱི། །ཞེས་པས་ཆང་གི་འབྱུང་ཁུངས་དང་ཡབ་ཡུམ་གྱི་མཚན་སོགས་གསལ་བར་བརྗོད་ཡོད་པ་དང་། མཆུ་ལ་རག་པས་རང་རིག་གནམ་ཤེས་ཡོད། །ལྕེ་ལ་རག་པས་གྲོ་གྲུག་དྲན་བ་སྐྱེས། །ཁོང་དུ་བབ་པས་གདུང་བའ་མྱང་ངན་སྐྱེས། །དཔྲལ་དུ་དྲོས་པས་ང་ཕོད་རློམ་སེམས་སྐྱེས། །རིངས་པ་ཀུན་ཡང་དལ་བྱོར་ཕུན་སུམ་ཚོགས། །རྨུགས་པ་ཀུན་ཡང་། །སྨྲ་བའི་རྔོས་གྲུབ་ཐོབ། །ཞལ་ངོ་ཆེ་བས་ཡུལ་དང་མཁར་ཡང་བྲའ། །མྱི་སྟོང་རྟ་སྟོང་འདིས་ཟ་བར་འགྱུར། །ཆང་ལས་ཡོན་ཏན་དེ་དྲ་སྟེ། །[4]ཞེས་ཆང་གིས་མིའི་དྲན་པ་གསལ་བར་བྱེད་པ་དང་། སྐོམ་པའི་གདུང་བ་སེལ་བ། དཔའ་སྤོབས་རྒྱས་བ། ངག་གི་དངོས་གྲུབ་སྩོལ་བ་སོགས་ཡོན་ཏན་དང་ཕན་ནུས་དུ་མ་ཡོད་པར་གྲགས།
གསེར་སྐྱེམས་རབས་ཀྱི་མ་ཡིག
       བར་དུ་གསེར་གྱི་འབྱུང་ཁུངས་དང་ཕན་ནུས་བཤད་པ་ལ་གསེར་གྱི་མེས་པོ་བ་དགར་པོ་ཤེལ་ལེ་དུང་། །གསེར་གྱི་ཕྱི་མོ་བ། །བྱེ་མ་བདལ་དྲོ་ལགས། །ཕ་དང་ཡབ་ཀྱི་མཚན། །བཟང་ཤོད་གསེར་པོ་ཆེན། །མ་དང་ཡུམ་གྱི་མཚན་སྟོང་གྱི་སྤྱི་བཏུད་མ། །དེ་གཉིས་བཤོས་དང་ནམས་ཀྱི་སྲས། །གསེར་ཆུང་ས་ལེ་སྦྲམ། །[5]ཞེས་པས་གསེར་གྱི་འབྱུང་ཁུངས་དང་ཡབ་ཡུམ་གྱི་མཚན་གསལ་བར་བཀོད་ཅིང་། བྱེ་མ་བཙོ་སྦྱང་བྱས་ནས་གསེར་ས་ལེ་སྦྲམ་བྱུང་བའི་ཁུངས་སོགས་བསྟན་ཡོད་པ་དང་། བརླང་ལ་ལྗ་བས་གར་ཡང་ཕྱོགས་རིས་ཐུབ། །མཉེན་ལ་དེས་པས་ཀུན་དང་མཐུན་བར་ཤེས། །འདོད་རྒུ་བསྒྱུར་དུ་བཏུབ་པས་ཅིར་ཡང་སྤྲུལ་བའི་སྐུ། །དར་ལ་ཡིག་གི་བྲིས་པས་རྫུ་འཕྲུལ་ཅིར་ཡང་སྟོན། །རླན་དང་ཆུ་ལ་མྱི་འཇིགས་རིན་ཆེན་གཏེར་གྱི་རབ། །མེ་དང་ཞུགས་ལ་མི་འཇིགས་བས། །རིན་ཆེན་གཏེར་གྱི་རབ་ཡང་ཡན། །ཁ་དོག་ཀུན་དང་ལྡན་བས་སུ། །རྒྱལ་འཕྲན་ཀུན་ཀྱི་ཀོར་དུ་ཆེ། །ཞེས་པས་གསེར་གྱིས་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པ་དང་ཆུ་དང་མེ་ལ་མི་འཇིགས་ཤིང་ཁ་དོག་ཀུན་དང་ལྡན་པའི་ཡོན་ཏན་དང་ཕན་ནུས་སོགས་བརྗོད་ཡོད།
       མཇུག་མཐར་གསེར་དང་ཆང་གཉིས་ཀྱི་ཡོན་ཏན་གཞི་གཅིག་ཏུ་སྦྱར་བ་ལ། ཆང་དང་གསེར་དུ་སྦྱར་པས་སུ། །གཉི་ཟླ་བས་ན་མདོག་ཡང་གསལ། །རི་རབ་པས་ནི་ལྷུན་ཡང་བསྟུག །ས་གཞི་བས་ནི་བྱིན་ཡང་ཆེ། །རྒྱ་མཚོ་བས་ནི་གཏིང་ཡང་ཟབ། །འད་དབུལ་ཞིང་བསྔོ་བ་ན། །འཛམ་བུ་གླང་བཞིའི། །ལྷ་དྲེ་གཉན་པོ་ལ་དབུལ་ཞིང་བསྔོ་བོ། །གསེམ་སྐྱེམས་འད་བཞེས་ལ། །མ་ཉོ་མ་མཐུར་ཅིག །[6]ཅེས་པས་གསེར་དང་ཆང་གཉིས་གཞི་གཅིག་ཏུ་འདྲེས་པ་ན་ཉི་ཟླ་ལས་ཀྱང་མདོག་གསལ་བ་དང་། རི་རབ་ལས་ཀྱང་ལྷུན་སྡུག་པ། ས་གཞི་ལས་ཀྱང་བྱིན་ཆེ་བ། རྒྱ་མཚོ་ལས་ཀྱང་གཏིང་ཟབ་པའི་ཕན་ནུས་དང་ཡོན་ཏན་དུ་མ་བརྗོད་ཡོད།
གཉིས་པ། ཚིག་སྦྱོར་གྱི་ཁྱད་ཆོས།
       སྤྱིར་བརྩམས་ཆོས་གང་ཞིག་ཡིན་རུང་ཚིག་གི་སྦྱོར་བ་ནི་མི་ཞིག་གི་ཕྱིའི་མཛེས་པ་དང་འདྲ་བར་ཚིག་སྦྱོར་སྙན་ཞིང་འཇེབས་པ་ཞིག་ཡིན་ཚེ་དེས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཐུབ་པ་ཡིན། འདིར་གསེར་སྐྱེམས་ཀྱི་རབས་ལ་ཚིག་སྦྱོར་གྱི་ཐད་ནས་ཁྱད་ཆོས་འབུར་དུ་ཐོན་པ་གསུམ་ཡོད་པར་འདོད་དེ། དེ་ནི་ཡིག་རྙིང་གི་ཁྱད་ཆོས་མངོན་པར་གསལ་པ་དང་དབྱངས་འགྲོས་ཀྱི་མཛེས་པས་ཕྱུག་པ། ནི་སྒྲ་བརྣན་པའི་ནུས་པ་ཐོན་སྟོབས་ཆེ་བ་གསུམ་ཡིན་པར་འདོད།
       གཅིག ཡིག་རྙིང་གི་ཁྱད་ཆོས་མངོན་པར་གསལ་བ།
       གོང་དུ་ངོ་སྤྲོད་ཞུས་ཟིན་པ་ལྟར་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་དཔེ་རྙིང་ཕལ་ཆེ་བ་ནི་བསྟན་པ་ཕྱི་དར་གྱི་སྐབས་ཏེ་དུས་རབས་བཅུ་གཅིག་པའམ་ཡང་ན་དེའི་རྗེས་སུ་བྱུང་བར་བཞེད་མོད།[7] ཡིན་ཡང་དེ་དག་ལས་གསེར་སྐྱེམས་ཀྱི་རབས་འདི་ནི་བཙན་པོའི་དུས་སྐབས་སུ་བྱུང་བར་འདོད་དེ། རྒྱུ་མཚན་ནི་བརྩམས་ཆོས་སུ་གི་གུ་ལྡོག་པ་ཅན་དང་། བྱེད་འབྲེལ་གྱི་ཕྲད་ཀྱི་དང་གྱི་གཉིས་རེས་མོས་སུ་སྦྱར་བ། རྗེས་འཇུག་འ་ཡིག་དངོས་སུ་ཐོན་པ་དང་ར་མགོ་ཅན་ཡང་འགའ་རེ་བྱུང་ཡོད་དེ། དཔེར་ན་གི་གུ་ལྡོག་པ་ཅན་ནི་གནམ་འཁུན་དང་བས་བགྱི། །ཞེས་པའི་དང་དང་། རིན་ཆེན་གཏེར་གྱི་རབ་ཡང་ཡན། །ཞེས་པའི་ཡན། གཉི་ཟླ་བས་ན་མདོག་ཡང་གསལ། །ཞེས་པའི་ན་དང་། ས་གཞ་བས་ནི་བྱིན་ཡང་ཆེ། །ཞེས་པའི་གཞ། དེ་བཞིན་དུ་འད་དབུལ་ཞིང་བསྔོ་བ་ན། །འཛམ་བུ་གླང་བཞིའི། །ཞེས་པའི་འད་དང་དགོང་གི་ན་དང་གླང་ལ་སོགས་པས་མཚོན་ནོ། །
       བྱེད་འབྲེལ་གྱི་ཕྲད་ཀྱི་དང་གྱི་གཉིས་རེས་མོས་སུ་སྦྱར་བ། དཔེར་ན། ཆང་གྱི་མེས་པོ་བའ། །ཞེས་པའི་གྱི་དང་། ཕ་དང་ཡབ་གྱི་མཚན་ལྷ་ཆུ་རྔམ་བས་བགྱི། །ཞེས་པའི་གྱི། རྒྱལ་ཕྲན་ཀུན་ཀྱི་ཀོར་དུ་ཆེ། །ཞེས་པའི་ཀྱི་དང་། ཆང་གྱིས་བགྱི་བ་ཐམས་ཅད་གྱེས་བའི་རྒྱུ། །ཞེས་པའི་གྱིས། ལ་སོགས་པས་མཚོན་ནོ། །
       དེ་བཞིན་དུ་རྗེས་འཇུག་འ་ཡིག་དངོས་སུ་ཐོན་པ་ནི་ཆང་གྱི་མེས་པོ་བའ། །ཞེས་པའི་བའ་དང་། ཞལ་ངོ་ཆེ་བས་ཡུལ་དང་མཁར་ཡང་བྲའ། །ཞེས་པའི་བྲའ་དང་། ར་མགོ་ཅན་རེ་གཉིས་བྱུང་བ་ནི་རྨུགས་པ་ཀུན་ཡང་སྨྲ་བའི་རྔོས་གྲུབ་ཐོབ། །ཅེས་བའི་རྔོས་གྲུབ(དངོས་གྲུབ)དང་། འདོད་རྒུ་བསྒྱུར་དུ་བཏུབ་པས་ཅིར་ཡང་སྤྲུལ་བའི་སྐུ། །ཞེས་པའི་འདོད་རྒུ(འདོད་དགུ་)ལྟ་བུས་མཚོན་ནོ། །
       གཉིས། དབྱངས་འགྲོས་ཀྱི་མཛེས་པས་ཕྱུག་པ།
       བརྩམས་ཆོས་ཧྲིལ་པོའི་ངོས་ནས་བལྟས་ན། ཚིག་རྐང་ཕལ་ཆེ་བ་ནི་ཚེག་བར་ལྔ་ཅན་དང་དགུ་ཅན། བཅུ་ཅན་ཡིན་ལ། འགའ་རེ་ནི་ཚེག་བར་བདུན་ཅན་དང་བརྒྱད་ཅན་ཡིན། དེ་ཡང་ཆང་གི་འབྱུང་ཁུངས་བརྗོད་དུས་ཚིག་རྐང་ཕལ་ཆེ་བ་ནི་ཚེག་བར་ལྔ་ཅན་ཡིན་ཏེ། དཔེར་ན་ཆང་གྱི་མེས་པོ་བའ། །གནམ་འཁུན་དང་བས་བགྱི། །འབྲུ་བཅུད་གདར་སྦྱར་བས། །ཞལ་ཟས་ཀུན་གྱི་མཆོག །ཅེས་པ་སོགས་དང་། ཆང་གི་ཡོན་ཏན་བརྗོད་དུས་ཚེག་བར་དགུ་ཅན་མང་སྟེ། དཔེར་ན་མཆུ་ལ་རག་པས་རང་རིག་གནམ་ཤེས་ཡོད། །ལྕེ་ལ་རེག་པས་གྲོ་གྲུག་དྲན་པ་སྐྱེས། །ཁོང་དུ་བབ་པས་གདུང་བའ་མྱང་ངན་སྐྱེས། །དཔྲལ་དུ་དྲོས་པས་ང་ཕོད་རློམ་སེམས་སྐྱེས། །[8]ཞེས་པ་ལྟ་བུའོ། །བརྩམས་ཆོས་ཧྲིལ་པོའི་ཚིག་རྐང་གི་ཚེག་བར་ལ་དབྱེ་ཞིབ་ཕྲན་ཙམ་བགྱིས་ཚེ། ཆང་དང་གསེར་གྱི་འབྱུང་ཁུངས་བརྗོད་དུས་ཕལ་ཆེ་བར་ཚེག་བར་ལྔ་ཅན་དང་། ཆང་དང་གསེར་གྱི་ཡོན་ཏན་དང་ཕན་ནུས་བརྗོད་དུས་མང་ཆེ་བ་ནི་ཚེག་བར་དགུ་ཅན་རེད། དེ་བཞིན་དུ་གསེར་དང་ཆང་གཉིས་གཞི་གཅིག་ཏུ་སྦྱར་ཏེ་ཆེ་བ་བརྗོད་པའི་ཚིག་རྐང་དག་ནི་ཕལ་མོ་ཆེ་ཚེག་བར་བདུན་མ་ཅན་ཡིན།
       གསུམ། ནི་སྒྲ་བརྣན་པའི་ནུས་པ་ཐོན་སྟོབས་ཆེ་བ།
       ནི་སྒྲ་བརྣན་པ་ནི་གནའ་དེང་གི་བརྩམས་ཆོས་མང་པོར་ཚིག་གི་མཛེས་ཉམས་དོད་པ་དང་བརྗོད་དོན་འབུར་དུ་ཐོན་པ། ཚིག་སྔ་ཕྱི་མཐུད་སྦྱོར་བཅས་ཀྱི་ཐད་ལ་སྤྱད་པ་ཅུང་ཙམ་མང་བོར་འདུག་སྟེ། དཔེར་ན་སྟག་རི་གཉན་གཟིགས་སྐབས་ཀྱི་མགུར་གླུར། ཆབ་ཆབ་ན་ཕ་རོལ་ན། །ཡར་ཆབ་ན་ཕ་རོལ་ན། །མྱ་འི་ནི་མྱ་བུ་སྟེ། །ལྷ་འི་ནི་སྲས་པོ་བཞུགས། །ཞེས་པ་དང་མྱ་བཟང་ན་རྟ་བཟངས་ཤིག །ཉན་ཞིང་ན་ཕག་ཚལ་ན། །མཚན་ཞིང་ན་པྱིང་བར་མཆའ། །དགྲའ་འམ་ན་ཟིན་ཅི་འུ། །[9]ཞེས་པ་ལྟ་བུ། གཞན་སྲོང་བཙན་སྐབས་ཀྱི་འབངས་མགོ་ནག་པོ་ཡང་མཐོ་དམན་ན་བསྙམས། དཔྱའ་སྒྱུ་ན་བསྐྱུངས། དལ་དུ་ན་མཆིས། སྟོན་དཔྱིད་ན་བསྐྱལ། འཁོར་བར་ན་སྤྱད། འདོད་པ་ན་བྱིན། ཞེས་པ་ལྟ་བུ་སོགས་ལ་མཚོན་ན། ནི་སྒྲས་ཚིག་གི་འགྲོས་མཉམ་པ་དང་བརྗོད་དོན་འབུར་ཐོན་ཐད་བྱེད་ནུས་གལ་ཆེན་བྱུང་ཡོད་པ་བཞིན། གསེར་སྐྱེམས་ཀྱི་རབས་སུའང་། ཆང་དང་གསེར་དུ་སྦྱར་པས་སུ། །གཉི་ཟླ་བས་ན་མདོག་ཡང་གསལ། །རི་རབ་པས་ནི་ལྷུན་ཡང་བསྟུག །ས་གཞ་བས་ནི་བྱིན་ཡང་ཆེ། །རྒྱ་མཚོ་བས་ནི་གཏིང་ཡང་ཟབ། །[10]ཞེས་པའི་ནི་སྒྲས་ཚིག་གི་གཅོད་མཚམས་དང་སྙན་ཆའི་ཐད་ལ་ནུས་བ་གལ་ཆེན་ཐོན་ཡོད་ཅིང་། དོན་ལ་འདི་ནི་མེ་ལོང་ལུགས་ཀྱི་སྲོལ་རྒྱུན་སྙན་ངག་གི་སྡེབ་སྦྱོར་ཆ་ཡའི་གནད་དོན་རྐྱང་པ་ཙམ་མ་ཡིན་པར། བོད་པའི་རུས་རྐང་ལ་ཟུག་པའི་རྩོམ་རིག་གི་བརྡ་ཆད་དམིགས་སུ་བསལ་བ་ཞིག་ཡིན་ཕྱིར། བརྗོད་དོན་ནན་བཤད་དང་ཚིག་སྔ་ཕྱི་མཐུད་སྦྱོར་གྱི་ཐད་ལ་བྱེད་ནུས་གལ་ཆེན་ཐོན་ཡིན་ནོ། །
       གསེར་སྐྱེམས་ཀྱི་རབས་འདིའི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ནི་ཚིག་སྦྱོར་སྤེལ་སྟངས་ཏེ། བཀླགས་མ་ཐག་ཡིད་དབང་ཅིག་ཅིར་འཕྲོག་པའི་བརྩམས་ཆོས་འདིའི་དབྱངས་འགྲོས་ཀྱི་མཛེས་པ་རེད། དེ་ཡང་གཙོ་བོ་ཚིག་གི་གཅོད་མཚམས་གསལ་ལ་སྡེབས་ལེགས་པས་ཁ་ནས་བརྗོད་བདེ་ལ་ཡིད་དུ་འཛིན་སླ་བ། བཅད་ལྷུག་སྤེལ་མའི་ལམ་ནས་བརྩམས་པས་ཚིག་གི་འདེགས་འཇོག་གསལ་ལ་དབྱངས་ཀྱི་འགྲོས་མཉམ་པ། ནི་སྒྲས་ཚིག་གི་མཛེས་ཉམས་དོད་པ་དང་ཚིག་སྔ་ཕྱི་མཐུད་སྦྱོར་གྱི་ཐད་ལ་བྱེད་ནུས་འགངས་ཆེན་ཐོན་པ་སོགས། མདོར་ན་གདོད་མའི་དུས་ཀྱི་ངལ་རྩོལ་གླུ་ཚིག་དང་བཙན་པོའི་དུས་ཀྱི་མགུར་གླུའི་ཁྱད་ཆོས་ཡོངས་སུ་ཚང་ཡོད་ཅིང་། དེང་རབས་རང་མོས་སྙན་ངག་གི་མཛེས་ཉམས་དང་ཡང་ཤིན་ཏུ་མཐུན་ཆེ་བར་འདོད་དོ། །
གསུམ་པ། སྒྱུ་རྩལ་གྱི་མཚོན་ཐབས།
       བརྩམས་ཆོས་གང་ཞིག་ཡིན་རུང་དེ་ལ་བསྟན་དོན་ངེས་ཅན་རེ་ཡོད་ལ། བསྟན་དོན་དེ་མཚོན་པར་སྤྱད་པའི་ཐབས་ཤེས་ཀྱང་མི་འདྲ་བ་མང་ཙམ་འདུག །གསེར་སྐྱེམས་ཀྱི་རབས་ཞེས་པའི་བརྩམས་ཆོས་འདིའི་མཚོན་ཐབས་ཀྱི་ངོས་ནས་བརྗོད་ན། རྣམ་པ་གཅིག་ཏུ་རང་བཞིན་བརྗོད་པའི་རྒྱན་ཏེ་ཇི་མ་ཇི་བཞིན་ཏུ་མཚོན་པར་བྱེད་པ་མ་ཡིན་པར། དཔེ་དང་བསྡོངས་ནས་ལས་སླ་མོའི་ངང་ཀློག་པ་པོའི་ཡིད་ངོར་བསྟན་དོན་ལྗིད་ཏིག་གེར་བ་ཞིག་སྤྲད་ཡོད་པར་སྣང་། དེ་ཡང་མཚོན་ཐབས་ཀྱི་ཆ་ནས་གཙོ་བོ་ཕྱོགས་གསུམ་དུ་འདུ་ཆོག་པར་བསམ་སྟེ། སྒྲིག་གཞི་ཞིབ་ཅིང་ཚགས་དམ་པ་དང་སེམས་མེད་ཀྱི་དངོས་པོར་སེམས་ལྡན་ལྟར་དུ་སྒྲོ་བཏགས་མཛད་པ། དཔེ་དང་དཔེ་ཅན་གཉིས་ཀྱི་ཁྱད་ཆོས་གཞི་གཅིག་ཏུ་སྦྱར་བ་བཅས་སོ། །
       གཅིག སྒྲིག་གཞི་ཞིབ་ཅིང་ཚགས་དམ་པ།
       བརྩམས་ཆོས་གང་ཞིག་ཡིན་རུང་སྒྲིག་གཞི་ནི་མིའི་རུས་སྒྲོམ་དང་འདྲ་སྟེ། སྒྲིག་གཞི་མེད་ན་ནི་རུས་པ་མེད་པའི་ལུས་པོ་ལྟར་ཁེར་ཚུགས་སུ་ལངས་ཐབས་བྲལ། དེ་བས་སྒྲིག་གཞི་ནི་བརྩམས་ཆོས་གང་དེའི་བསྟན་དོན་མཚོན་པར་མེད་དུ་མི་རུང་བའི་སྒྲོམ་གཞི་ལྟ་བུར་གྱུར་ཡོད། དེ་ཡང་གསེར་སྐྱེམས་ཀྱི་རབས་སུ་ཐོག་མའི་དགེ་བ་ཀླད་ཀྱི་དོན་ལ་གསེར་སྐྱེམས་ཀྱི་རབས་ལ། །ཞེས་ཐོག་མར་གང་བརྗོད་པར་བྱ་བའི་བསྟན་བཅོས་ཀྱི་མཚན་དོན་དངོས་སུ་སྨྲས་པ་དང་། བར་དུ་གཞུང་དོན་དངོས་གཞི་ལ། ཆང་གྱི་མེས་པོ་བའ། །ཞེས་པ་ནས་མ་ཉོ་མ་མཐུར་ཅིག །ཅེས་པའི་བར་དུ་གཞུང་དོན་ཡོངས་སུ་རྫོགས་པ་ཆ་ཚང་བར་བྱས་ཤིང་། དེ་ལ་ཆང་དང་གསེར་གྱི་ཕ་མེས་བྱུང་རབས་དང་ཕན་ནུས་ཡོན་ཏན་བསྟན་ཡོད། མཐའ་མ་མཇུག་དོན་ལ་གསེར་སྐྱེམས་ཀྱི་རབས་རྫོགས་སོ། །ཞེས་གཞུང་དོན་ཡོངས་སུ་རྫོགས་པ་ཆ་ཚང་བ་ཚིག་ཟིན་དུ་བསྟན་ཅིང་། རྒྱབ་སྣོན་གྱི་ཚུལ་དུ་ཨོཾ་ཨ་སོགས་སྔགས་ཡིག་ཉེར་གསུམ་བྲིས་ཡོད་པ་ནི་སྒྲིག་གཞིའི་ངོས་ནས་ཞིབ་ཅིང་ཚགས་དམ་པོ་ཡིན་ཏེ། སངས་རྒྱས་ཆོས་ལུགས་ཀྱི་རྩོམ་རིག་སྒྲིག་གཞི་སྟེ་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་ཏེ། སྦྱོར་དངོས་རྗེས་གསུམ་མམ་དམ་པ་གསུམ་གྱིས་རྒྱས་བཏབ་པའི་རྩོམ་རིག་གི་རྣམ་པ་དང་མཐུན་ཆེ་བ་ཡིན།
       གཉིས། སེམས་མེད་ཀྱི་དངོས་པོ་སེམས་ལྡན་ལྟར་དུ་བྱས་པ།
       སེམས་ལྡན་ཆོས་དངོས་གཞན་ཞིག་ཏུ། །སྒྲོ་བཏགས་སེམས་ལྡན་རབ་རྟོག་སྟེ། །སེམས་ལྡན་ཀྱི་དངོས་པོ་ཞིག་གི་ཁྱད་ཆོས་དངོས་ཇི་ལྟར་གནས་པ་དེ་ལས་རྣམ་པ་གཞན་དུ་སྒྲོ་བཏགས་པ་ཞིག་ནི་སེམས་ལྡན་རབ་རྟོག་ཡིན།[11]ཞེས་པ་ལྟར། བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་སེམས་མེད་ཀྱི་དངོས་པོར་སེམས་ལྡན་ལྟར་སྒྲོ་བཏགས་མཛད་པའི་བརྩམས་ཆོས་ནི་ཧ་ཅང་མང་པོ་ཡོད་དེ། དཔེར་ན་བྱ་སྤྲེལ་གཏམ་རྒྱུད་དང་མེ་ཏོག་ལྡུམ་རའི་ནང་གི་གླན་ཀ་ལྟ་བུའི་གནའ་དེང་གི་བརྩམས་སྒྲུང་དང་། སྤྲིན་གྱི་ཕོ་ཉ་དང་ཕོ་ཉ་གཞོན་ནུ་དོན་གྲུབ་ལྟ་བུའི་ཕྱི་ནང་གི་སྙན་རྩོམ་སོགས་ཀྱིས་མཚོན་ནོ། །དེ་བཞིན་དུ་གསེར་སྐྱེམས་ཀྱི་རབས་སུའང་སེམས་མེད་ཀྱི་དངོས་པོར་སེམས་ལྡན་ལྟར་དུ་སྒྲོ་བཏགས་མཛད་པའི་མཚོན་ཐབས་སྤྱད་ཡོད་པར་འདོད་དེ། དེ་ཡང་ཆང་གི་འབྱུང་ཁུངས་བཤད་དུས་ཆང་གྱི་མེས་པོ་བའ། །གནམ་འཁུན་དང་བས་བགྱི། །ཆང་གྱི་ཕྱི་མོ་བ། །ས་ཁུན་དང་བས་བགྱི། །ཕ་དང་ཡབ་གྱི་མཚན། །ལྷ་ཆུ་རྔམ་བས་བགྱི། །མ་དང་ཡུམ་གྱི་མཚན། །རྨུ་ཆུ་དང་བས་བགྱི། །བཤོས་དང་ནམས་ཀྱི་སྲས། །ཆང་སྲས་མཆེད་རྒུར་བལྟམ། །[12]ཞེས་པས་ཆང་ནི་གང་ཟག་མིའི་གཟུགས་སུ་བཀོད་ཅིང་། དེའི་མེས་པོ་ནི་གནམ་འཁུན་དང་བ་དང་། ཕ་དང་ཡབ་ནི་ལྷ་ཆུ་རྔམ་པ། མ་དང་ཡུམ་ནི་རྨུ་ཆུ་དང་བ་སོགས་སུ་བྱས་ཏེ། བདུད་རྩི་ཆང་ནི་ཡབ་དང་ཡུམ་གྱི་སྲས་མཆེད་ཡིན་པ་ལྟ་བུར་སྒྲོ་བཏགས་མཛད་ཡོད། དེ་དང་འདྲ་བར་གསེར་གྱི་འབྱུང་ཁུངས་བཤད་དུས་ཀྱང་གསེར་གྱི་མེས་པོ་བའ། །དགར་པོ་ཤེལ་ལེ་དུང་། །གསེར་གྱི་ཕྱི་མོ་བའ། །བྱེ་མ་བདལ་དྲོ་ལགས། །ཕ་དང་ཡབ་ཀྱི་མཚན། །བཟང་ཤོད་གསེར་པོ་ཆེན། །མ་དང་ཡུམ་གྱི་མཚན་སྟོང་གྱི་སྤྱི་བཏུད་མ། །དེ་གཉིས་བཤོས་དང་ནམས་ཀྱི་སྲས། །གསེར་ཆུང་ས་ལེ་སྦྲམ། །[13]ཞེས་པས་གསེར་ཡང་གང་ཟག་མིའི་གཟུགས་སུ་བཀོད་དེ་དེར་མེས་པོ་དང་ཡབ་ཡུམ་སོགས་ཡོད་པར་སྒྲོ་བཏགས་མཛད་ལ། གསེར་ཆུང་ས་ལེ་སྦྲམ་ནི་ཡབ་དང་ཡུམ་གྱི་སྲས་མཆེད་ཡིན་པ་ལྟར་དུ་བརྗོད་ཡོད།
       གསུམ། དཔེ་དང་དཔེ་ཅན་གཉིས་ཀྱི་ཁྱད་ཆོས་གཞི་གཅིག་ཏུ་སྦྱར་བ།
       བོད་ཀྱི་གནའ་རབས་བརྩམས་ཆོས་སུ་དཔེ་ལ་བརྟེན་ནས་དཔེ་ཅན་མཚོན་པར་བྱེད་པ་དང་། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་བར་སྟོན་པའི་བརྩམས་ཆོས་གང་མང་མང་ཞིག་འདུག་སྟེ། དཔེར་ན་སྟག་རི་གཉན་གཟིགས་སྐབས་ཀྱི་མགུར་གླུ། རྗེ་བདེན་གྱིས་ན་བཀོལ་དུ་དགའ། །སྒ་བདེན་གྱིས་ན་བསྟད་ན་དགའ། །[14]ཞེས་པ་ལྟ་བུར་མཚོན་ན་རྒྱལ་བོ་བདེན་པ་ནི་སྒ་བདེན་པའི་ཚུལ་ཏུ་བཀོད་པ་དང་། གྲི་གུམ་བཙན་པོའི་སྐབས་ཀྱི་ཡུལ་ཡབ་ཀྱི་རྗེ་མྱི་བཞུགས་ན། །པྱི་འབྲོག་གདེངས་པྱོལ་པྱོལ་གྱི་ཆ་འོ། །[15]ཞེས་པས་ཡུལ་གྱི་རྒྱལ་བོ་མི་བཞུགས་པ་ནི་ཕྱི་འབྲོག་པའི་ལྷས་ར་སྟོང་བའི་གཟུགས་སུ་བཀོད་ཡོད་པ་ལྟ་བུས་མཚོན། དེ་བཞིན་དུ་གསེར་སྐྱེམས་ཀྱི་རབས་སུ་ཐོག་མར་ཆང་གིས་མིའི་དྲན་པ་གསལ་བར་བྱེད་པ་དང་། སྐོམ་པའི་གདུང་བ་སེལ་བ། དཔའ་སྤོབས་རྒྱས་བ་དང་། ངག་གི་དངོས་གྲུབ་སྩོལ་པ་སོགས་ཆང་གི་ཡོན་ཏན་དང་ཕན་ནུས་དུ་མ་བརྗོད་རྗེས། དེ་དང་མཐུན་པའི་གསེར་གྱིས་འདོད་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པ་དང་། ཆུ་དང་མེ་ལ་མི་འཇིགས་ཤིང་ཁ་དོག་ཀུན་དང་ལྡན་པ་སོགས་ཀྱི་ཁྱད་ཆོས་དུ་མ་བརྗོད་ཅིང་དེ་དག་ཆང་གི་ཡོན་ཏན་དང་མཚུངས་ཆོས་སུ་བསྒྲུབས་རྗེས། མཇུག་མཐར་ཆང་དང་གསེར་གཉིས་ཀྱི་མཚུངས་ཆོས་དེ་དག་གཞི་གཅིག་ཏུ་འདྲེས་པ་ན་ཉི་ཟླ་བས་ནི་མདོག་གསལ་བ། རི་རབ་བས་ནི་ལྷུན་སྡུག་པ། ས་གཞི་བས་ནི་བྱིན་ཆེ་བ། རྒྱ་མཚོ་བས་ནི་གཏིང་ཟབ་པ་སོགས་འཇིག་རྟེན་ལས་འདས་བའི་ཡོན་ཏན་དུ་མ་དང་ལྡན་པར་བརྗོད་དོ། །
མཇུག་གི་གཏམ།
       ས་པཎ་གྱི་མཁས་པ་ལ་འཇུག་པའི་སྒོ་ལས་དོན་འདུས་ཚིག་གསལ་བརྗོད་པ་བདེ། །ངག་ཉུང་ཚིག་སྙོམས་གཟུང་བ་སླ། །བསྡུས་དོན་ཉིད་ཀྱིས་གཞུང་གོ་བ། །དེ་འདྲ་གང་ཞིག་ཤེས་དེ་མཁས། །[16]ཞེས་པ་ལྟར་གསེར་སྐྱེམས་ཀྱི་རབས་འདི་ནི་ཚིག་ཉུང་ཞིང་དོན་འདུས་པ། གཅོད་མཚམས་གསལ་ལ་སྡེབས་ལེགས་པ། སྒྲིག་གཞི་ཞིབ་ཅིང་ཚགས་དམ་པ། མཚོན་སྟོབས་ཆེ་ལ་བསྟན་དོན་གཟུགས་བརྙན་བཞིན་མངོན་པ་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་གནའ་བོའི་རྩོམ་རིག་གི་ཁྱད་ཆོས་ཕུན་སུམ་ཚོགས་པའི་བོན་གྱི་ཡིག་རྙིང་ཞིག་རེད་དོ། །

མཆན་འགྲེལ།
[1] བོན་ལུགས་ཡི་དམ་དབལ་ཕུལ་གྱི་གཞུང་ཞེས་པའི་བོན་དཔེ་སྣ་རིང་དུ་གསལ།
[2][3] པ་ཚབ་པ་སངས་དབང་འདུས། གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཡིག་རྙིང་བདམས་བསྒྲིགས། ༢༠༠༧ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༣༡དང་གླེང་གཞིའི་ནང་གསལ།
[4][5] པ་ཚབ་པ་སངས་དབང་འདུས། གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཡིག་རྙིང་བདམས་བསྒྲིགས། ༢༠༠༧ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༣༡ནང་གསལ།
[6] པ་ཚབ་པ་སངས་དབང་འདུས། གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཡིག་རྙིང་བདམས་བསྒྲིགས། ༢༠༠༢ལོའི་ཟླ༤པའི་པར་ཐེངས་དང་པོ། ཤོག་ངོས༣༢དང་གླེང་གཞིའི་ནང་གསལ།
[8] པ་ཚབ་པ་སངས་དབང་འདུས། གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཡིག་རྙིང་བདམས་བསྒྲིགས། ༢༠༠༢ལོའི་ཟླ༤པའི་པར་ཐེངས་དང་པོ། ཤོག་ངོས༣༡ནང་གསལ།
[9] གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༥པའི་པར་ཐེངས་དང་པོ། ཤོག་ངོས༢༨པར་གསལ།
[10] པ་ཚབ་པ་སངས་དབང་འདུས། གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཡིག་རྙིང་བདམས་བསྒྲིགས། ༢༠༠༢ལོའི་ཟླ༤པའི་པར་ཐེངས་དང་པོ། ཤོག་ངོས༣༢ནང་གསལ།
[11] དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༩པའི་པར་ཐེངས་གཉིས་པ། ཤོག་ངོས༣༠༢ནང་གསལ།
[12][3] པ་ཚབ་པ་སངས་དབང་འདུས། གླང་རུ་ནོར་བུ་ཚེ་རིང་། གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་ཡིག་རྙིང་བདམས་བསྒྲིགས། ༢༠༠༧ལོའི་ཟླ༩པའི་པར་ཐེངས་གཉིས་པ། ཤོག་ངོས༣༡ནང་གསལ།
[14][2] གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༥པའི་པར་ཐེངས་དང་པོ། ཤོག་ངོས༢༧དང༢༠ནང་གསལ།
[16] ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན། མཁས་པ་འཇུག་པའི་སྒོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པའི་པར་ཐེངས་དང་པོ། ཤོག་ངོས༧༡ནང་གསལ།

རྩོམ་ཁུངས། ༢༠༢༣ལོའི«བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག»དུས་དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།