༄༅།།མཚོ་སྔོན་ཞིང་ཆེན་རིམས་འགོག་ཚོད་འཛིན་བཀོད་འདོམས་ཁང་གི་གསར་འགྱུར།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཙོ་ལྷོ་བོད་ཡིག་སྨྱན་གསར། དུས་ཚོད།:2020-02-01 15:49:17 ཀློག་གྲངས།:
ཟླ1པོའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་འགོག་བཅོས་ཚོད་འཛིན་ཐག་གཅོད་བཀོད་འདོམས་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་ནས། ཞིང་ཆེན་ཡོངས་ནས་ནད་ངོས་འཛིན་བྱས་པའི་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་ཕོག་པའི་ནད་པའི་ནད་ཡམས་རིག་པའི་རྟོག་ཞིབ་གནས་ཚུལ་དང་། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན་གནས་ཚུལ། ནད་པར་ཉེ་ས་ནས་ཐུག་མྱོང་མཁན་གྱི་གནས་ཚུལ་དང་ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་ཕོག་པའི་ནད་པའི་སྨན་བཅོས་མྱུར་སྐྱོབ་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།
2020ལོའི་ཟླ1པོའི་ཚེས30ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་། ཟི་ལིང་གྲོང་ཁྱེར་དུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་ཕོག་པའི་ནད་པ་བརྒྱད་ངོས་བཟུང་བ་དང་། ནད་པ་ཐོག་མ་དེ་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ངོས་བཟུང་ལ། ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ནད་པ་གསུམ་ངོས་བཟུང་བ་དང་། ཟླ་དང་པོའི་ཚེས་ཉེར་བདུན་ཉིན་ནད་པ་གཉིས་ངོས་བཟུང་ལ། ཟླ་དང་པོའི་ཚེས་སུམ་ཅུ་ཉིན་ནད་པ་གཉིས་ངོས་བཟུང་།
ཟླ་དང་པོའི་ཚེས་སུམ་ཅུ་ཉིན་གྱི་དུས་ཚོད་བཅུ་བཞིའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་ཕོག་པར་ངོས་བཟུང་བའི་ནད་པ་བརྒྱད་སྨན་ཁང་དུ་བླངས་ནས་སྨན་བཅས་བྱས་པ་དང་། ཚང་མ་ཕྱི་ནས་ཡོང་བའི་ནད་པ་རེད། དེའི་ནང་གི་ནད་པ་བདུན་ལ་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་རུ་སྨན་བཅོས་བྱེད་བཞིན་པ་དང་། ནད་པ་གཅིག་ལ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་རུ་སྨན་བཅོས་བྱེད་བཞིན་ཡོད། ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་རུ་ཡོད་པའི་ངོས་བཟུང་བའི་ནད་པ་བདུན་གྱི་ཁྲོད་ནས་དྲུག་ནི་སྤྱིར་བཏང་གི་ནད་པ་ཡིན་ལ། གཅིག་ནི་ནད་པ་ལྕི་མོ་རེད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་རུ་ཡོད་པའི་ནད་པ་གཅིག་པོ་ནི་སྤྱིར་བཏང་གི་ནད་པ་རེད།
ཉིན་བཅུ་ཙམ་གྱི་རིང་ལ། ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་སྒོ་བསྟེན་ཁང་དུ་བསྡོམས་པས་མི་ལྔ་བརྒྱ་དང་ཉི་ཤུས་ནད་ལ་བརྟག་པ་དང་། དེའི་ནང་གི་མི་བརྒྱ་དང་རེ་བདུན་ཝུའུ་ཧན་ནས་ཡོང་བ་རེད། ནད་པ་བཅུ་དགུ་ནད་ཁང་དུ་ལོགས་སུ་བཀར་བ་དང་དེའི་ནང་གི་ནད་པ་བཅུ་ལོགས་སུ་འགར་མཚམས་བཞག་ཟིན་ལ། ནད་པ་བདུན་ལ་ཏོག་དབྱིབས་ནད་དུག་གསར་པ་ལས་འགོས་པའི་གློ་ཚད་ཕོག་པར་ངོས་བཟུང་ཡོད། ནད་པ་གཉིས་ལ་སྨན་ཁང་ནས་ལྟ་ཞིབ་བྱེད་བཞིན་ཡོད། ཚེ་ལས་འདས་པའི་ནད་པ་མེད་ལ་སྨན་ཁང་ནས་དྲག་སྐྱེད་བྱུང་སྟེ་ཕྱིར་བུད་པའི་ནད་པ་ཡང་མེད། ནད་པ་ཐོག་མ་ཁྲིན་ག་གེ་མོར་ནད་དེ་ཕོག་པར་ངོས་འཛིན་སྐབས་ལོ་སར་གྱི་སྐབས་ཡིན་པས། རྒྱ་ཆེའི་སྨན་བཅོས་དང་ནད་གཡོག་མི་སྣས་ཁྱིམ་མི་ལྷན་འཛོམས་ཀྱི་གོ་སྐབས་དོར་ནས་དུས་ཚོད་ཉེར་བཞིའི་རིང་ནད་པར་ལྟ་སྲུང་བྱས།
སྨན་ཁང་གི་དབུགས་ལམ་དང་བརྟག་བཤེར། ནད་ཡམས་ལྕི་མོའི་སྨན་བཅོས་སོགས་ཐད་ཀྱི་ཆེད་མཁས་པས་ནད་པ་རྣམས་ཀྱི་ནད་ལ་མཉམ་དུ་བརྟག་ནས་སྨན་བཅོས་ཇུས་གཞི་གཏན་འབེབས་བྱས། མིག་སྔར་སྤྱིར་བཏང་གི་ནད་པ་དྲུག་གི་གནས་ཚུལ་གཏན་འཇགས་ཡིན། ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་སྨན་ཁང་དུ་བླངས་པའི་ནད་པ་ཀིའུ་ག་གེ་མོ་སྨན་ཁང་དུ་ཐོན་སྐབས་ནད་གཞི་ཚབས་ཆེ་བའི་ཁར་ཁྲག་རྩ་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་ཡོད་ལ། གློ་བའི་འདབ་མ་དང་ཆ་མང་པོར་ནད་ཏུག་འགོས་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ནད་བརྟག་སྨན་བཅོས་ཇུས་གཞི་ལྟར། ཆེད་མཁས་པས་མཉམ་དུ་བརྟག་རྗེས་ནད་པ་དེ་ནད་པ་ལྕི་མོར་ངོས་བཟུང་ལ། དེ་ནི་རང་ཞིང་གི་ནད་པ་ལྕི་མོར་ངོས་བཟུང་བའི་མི་ཐོག་མ་ཡིན་པ་དང་། སྨན་ཁང་གིས་ཁྱད་སྟོབས་གཅིག་བསྡུས་དང་སྟོབས་ཤུགས་ཅི་ཡོད་ཀྱིས་སྨན་བཅོས་མྱུར་སྐྱོབ་བྱེད་རྒྱུ་རེད།
ཆེད་མཁས་པས་ཚོགས་འདུའི་སྟེང་ཟི་ལིང་ནི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པ་དང་། བརྒྱ་ཆའི་གཅིག་གི་ས་རྒྱ་རུ་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་བསྡད་ཡོད་ལ། མདོ་དབུས་མཐོ་སྒང་གི་མི་གྲངས་ས་ཡ་ལས་བརྒལ་བའི་ལྟེ་གནས་གྲོང་ཁྱེར་གཅིག་པུ་དང་མིའི་རིགས་ཀྱི་འགུལ་སྐྱོད་བྱེད་ཤུགས་ཆེས་ཆེ་བའི་ས་ཁུལ་ཡིན། ཟི་ལིང་ནི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་པ་དང་། ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་འཛོམས་ས་ཡིན་ལ། འགྲིམ་འགྲུལ་འཕྲིན་གཏོང་གི་ལྟེ་གནས་དང་ཡུལ་སྐོར་བསྡུ་འགྲེམ་གྱི་ལྟེ་གནས་ཡིན་པས། ལྕགས་ལམ་དང་གཞུང་ལམ། མཁའ་ལམ་བཅས་ཕྱོགས་བཞིར་མཚམས་བརྒྱད་ལ་བརྐྱངས་ཡོད་ལ། མི་སྣ་དང་དངོས་རྫས་ཞིན་ཅང་དང་བོད་ལྗོངས། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོར་སྐྱེལ་འདྲེན་བྱེད་ས་ཡིན་པས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དཀའ་ངལ་ཅུང་ཆེ་བ་དང་གནོན་ཤུགས་ཡང་ཧ་ཅང་ཆེ་བ་གསལ་འདེབས་བྱས།      འཕྲོད་བསྟེན་ནད་ཡམས་ཚོད་འཛིན་སྡེ་ཁག་གིས་གྲོང་ཁྱེར་གྱི་སྡོད་དམངས་དང་ས་ཆ་སོ་སོ་ནས་ཡོང་བའི་གྲོགས་པོ་རྣམ་པས་འགོག་སྲུང་གི་འདུ་ཤེས་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་། འཕྲོད་བསྟེན་བདེ་ཐང་གི་འདུ་ཤེས་བརྟན་པོར་བཅངས་པ། རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་ཚན་རིག་དང་མཐུན་པར་འགོག་བཅོས་བྱས་ཏེ། ཚེ་སྲོག་གི་བདེ་ཐང་དང་མཛེས་སྡུག་གི་ཁྱིམ་གཞིས་ལ་མཉམ་དུ་སྲུང་སྐྱོབ་བྱེད་རྒྱུའི་འབོད་སྐུལ་བཏང་ལ། ལྷག་པར་དུ་ཝུའུ་ཧན་སོགས་ནས་ཕྱིར་ཟི་ལིང་དུ་ལོག་པའི་མི་སྣས་ཟི་ལིང་དུ་འབྱོར་རྗེས་མྱུར་དུ་སྡེ་བ་དང་ཡང་ན་སྡོད་ཁུལ་དུ་ཐོ་འགོད་བྱ་རྒྱུ་དང་། རང་འགུལ་སྒོས་ཁྱིམ་ནས་ཉིན་བཅུ་བཞིའི་རིང་ལོགས་སུ་བསྡད་དེ་ཉིན་རེ་བཞིན་རང་གི་ལུས་དྲོད་ལ་བརྟག་རྒྱུ་ལས། གཉེན་ཉེ་གྲོགས་པོར་སྐོར་མི་རྒྱག་པ་དང་། མི་གཞན་དང་འབྲེལ་འདྲིས་མི་བྱེད་རྒྱུ། གལ་ཏེ་ལོགས་སུ་འདུག་སྐབས་ཚ་རྒྱག་པ་དང་ཡང་ན་གཞན་པའི་ལུས་ཕུང་མི་བདེ་བའི་ཚོར་བ་བྱུང་ཚེ། ངེས་པར་དུ་ཁ་བཏུམས་བརྒྱབ་སྟེ་ཚ་ནད་སྒོ་བསྟེན་སྨན་ཁང་དུ་སྨན་པར་བསྟེན་དགོས། དེས་མི་ཚད་ཁྱིམ་མིའི་འགོག་སྲུང་བྱ་བ་བཟང་པོར་བསྒྲུབ་སྟེ་སྤྱི་ཚོགས་བྱ་འགུལ་ཁྲོད་མི་ཞུགས་པ་དང་། ཁྱིམ་ནས་འགྲུལ་བར་སྣེ་ལེན་མི་བྱེད་པ། ཁང་པའི་ནང་དུ་མཁའ་དབུགས་རྒྱུ་བར་བྱེད་པ། ཁྱིམ་སྤྱོད་ཅ་ལག་ལ་ཉིན་རེ་བཞིན་དུ་དུག་སེལ་བྱེད་པ་བཅས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཀྲི་མེན་གྱིས་སྒྲོག་སྤེལ་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཅེ་དང་། ཟི་ལིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལིས་ཝེ། ཞིང་ཆེན་མི་དམངས་སྨན་ཁང་བཞི་པའི་འགོ་གཙོ་ཞི་ཨེ་ཆི་བཅས་སྒྲོག་སྤེལ་ཚོགས་འདུར་ཞུགས་པར་མ་ཟད་གསར་འགོད་པའི་དྲི་བར་ལན་བཏབ།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།