
པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཡོངས་འཛིན་རང་བྱུང་སྐད་བརྡ་སྒྲིག་གཅོད་ཚན་ཁག་ཏུ་གནས་ཚུལ་རྒྱུས་ལོན་བྱེད་པ།
སྤྱི་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཀྱིས་མཚོ་ལྷོ་ཁུལ་དུ་ཡོངས་འཛིན་བོད་ཡིག་དྲ་རྒྱའི་སྟེགས་བུ་འཛུགས་སྐྲུན་བྱ་བར་གཟིགས་ཞིབ་གནང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ལྷན་དུ་རྟོག་ཞིབ་གནང་བ་མ་ཟད་བཞུགས་མོལ་ཚོགས་འདུ་ལ་མདོ་འཛིན་མཛད། ཞིང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགོ་གཙོ་ཀྲོའོ་ཞོའུ་ཀྲང་དང་། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཞིང་ཨུའི་བོད་ཁུལ་གཞུང་སྒྲུབ་ཁང་གི་འགོ་གཙོ་དཔལ་ཕྱུག མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཝའེ་ཞིན་ཧྭ། ཁུལ་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གཞུང་སྒྲུབ་ཁང་གི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་དབྱང་ཧའེ་ལུང་སོགས་ཀྱིས་ལྷན་དུ་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུར་ཞུགས།

པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཡོངས་འཛིན་དྲ་རྒྱའི་བདེ་འཇགས་ལག་རྩལ་ཚན་ཁག་ཏུ་ལག་རྩལ་ཕྱོགས་ནས་རྒྱུས་ལོན་བྱེད་པ།
མགོན་པོ་བཀྲ་ཤིས་ཡོངས་འཛིན་གཞི་གྲངས་ཡིག་ཚགས་འཛུགས་སྐྲུན་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ། རང་བྱུང་སྐད་བརྡ་སྒྲིག་གཅོད་སོགས་ཚན་ཁག་དུ་ཕྱིན་ཏེ་ལས་སྒྲུབ་མི་སྣ་རྣམས་དང་གླེང་མོད་སྒོས་ཞིབ་ཏུ་ཁོ་ཚོའི་བྱ་བ་དང་སློབ་སྦྱོང་། འཚོ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་དང་། སྤྲོ་སེམས་འཁོལ་བའི་ངང་བོད་ཡིག་བརྡ་འགྲེལ་གཏག་འཇུག་དང་ལོ་ཙཱ། དྲ་རྒྱའི་སྟེགས་བུའི་སྤྱོད་ནུས་འཛུགས་སྐྲུན། ལས་གཞིའི་ལག་རྩལ་རྔོག་འདོན་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་གསན་ཏེ། ལས་སྒྲུབ་མི་སྣ་མང་ཆེ་བ་ནི་ཡོན་གནས་མཐོ་བའི་སྐད་གཉིས་ཤེས་ལྡན་མི་སྣ་ཡིན་པ་རྒྱུས་ལོན་བྱུང་ལ། ཁོ་ཚོའི་བློ་གྲོས་འདོན་སྤེལ་དང་རང་རྟོགས་ཀྱིས་བྱ་བར་ཧུར་བརྩོན་བྱེད་པ་དང་། ཡོངས་འཛིན་གྱི་འཕེལ་རྒྱས་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་དགོས་ངེས་ཀྱི་བྱས་རྗེས་འཇོག་པར་སྐུལ་ལྕགས་གནང་།

པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཡོངས་འཛིན་དཔེ་མཛོད་ཁང་དུ་རྒྱུས་ལོན་བྱེད་པ།
མགོན་པོ་བཀྲ་ཤིས་ཀྱིས་མཚོ་ལྷོ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ཡོངས་འཛིན་འཛུགས་སྐྲུན་དང་། དྲ་རྒྱའི་ཆ་འཕྲིན་ཅན་དང་བོད་ཁུལ་བཅོས་སྐྱོང་ཐད་བཞག་པའི་གསར་སྐྲུན་རང་བཞིན་གྱི་བྱ་བར་ཁས་ལེན་གང་ལེགས་གནང་ལ། ཡོངས་འཛིན་དཔུང་སྡེའི་རང་སྐྱ་འཕར་བ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དང་བྱས་རྗེས་འཇོག་པར་སྤྲོ་བའི་གཤིས་རྒྱུད་བཟང་བོར་བསྟོད་བསྔགས་མཛད་ཅིང་། ཡོངས་འཛིན་གྱི་རྗེས་ཕྱོགས་བྱ་བར་ཞིབ་ཕྲའི་དགོངས་ཚུལ་བཏོན་པ་མ་ཟད་ཡོངས་འཛིན་གྱི་མ་འོངས་མདུན་ལམ་ལ་རེ་སྒུག་དང་བློ་སྤོབས་ཀྱིས་ཁེངས།

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
མགོན་པོ་བཀྲ་ཤིས་ཀྱིས་བཞུགས་མོལ་བྱེད་དུས་བསྟན་དོན། མིག་སྔར་ཡོངས་འཛིན་བོད་ཡིག་དྲ་རྒྱའི་སྟེགས་བུ་འཛུགས་སྐྲུན་འདི་མགྱོགས་མྱུར་གསར་སྐྲུན་འཕེལ་རྒྱས་ཀྱི་དུས་སྐབས་གནད་འགངས་སུ་གནས་ཡོད་ཅིང་། འཕེལ་རྒྱས་ཀྱི་བློ་སེམས་བརྟན་པོ་དང་དཀའ་ངལ་ཁྱད་དུ་བསད་དེ། དུས་རབས་ཀྱི་འཕེལ་རྒྱས་དང་དྲ་རྒྱའི་ལག་རྩལ་འཕེལ་རྒྱས་ཀྱི་རྗེས་སྙེག་ནས་རྒྱུན་རིང་གི་འཆར་གཞི་དམིགས་འབེན་འཛུགས་པ་དང་། བྱ་བའི་བསམ་ཕྱོགས་རྒྱ་བསྐྱེད་པ་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་། ཚན་རྩལ་གསར་སྐྲུན་ལ་ཤུགས་བསྣན་ནས། ཡོངས་འཛིན་གྱི་རྒྱུན་རིང་འཕེལ་རྒྱས་ལ་རྨང་ལེགས་པོ་འདིང་དགོས། ཕྱོགས་སོ་སོའི་ཐོན་ཁུངས་དང་ལག་རྩལ་ནུས་ཤུགས་སྡེབ་སྒྲིག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་གཞི་དང་ལག་རྩལ་རྔོག་འདོན་བྱེད་པ་དང་། སྟེགས་བུའི་སྤྱོད་ནུས་འཐུས་ཚང་དང་གསར་སྐྲུན་བྱེད་པ། སྤྱོད་ནུས་མང་བའི་ཕྱོགས་བསྡུས་སྟེགས་བུའི་ནུས་ཤུགས་འདོན་སྤེལ་གང་ལེགས་ཀྱིས། མུ་མཐུད་དུ་ཡོངས་འཛིན་གྱི་འཕེལ་རྒྱས་བར་སྟོང་མཐོར་འདེགས་སུ་གཏོང་དགོས། བརྒྱུད་ལམ་སྣ་ཚོགས་དང་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས། དྲིལ་སྒྲོག་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཡོངས་འཛིན་ལ་སྤྱི་ཚོགས་ཀྱི་རྒྱུས་ལོན་ཚད་དང་བེད་སྤྱོད་ཚད། ཤུགས་རྐྱེན་ནུས་ཤུགས་རྒྱ་བསྐྱེད་དགོས།