༄༅།།རྒྱལ་ལྷ་ཁང་གི་ལྷ་མོ་ཚོགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-15 10:37:23 ཀློག་གྲངས།:
རྒྱལ་ལྷ་ཁང་གི་ལྷ་མོ་ཚོགས་པ་ནི་སྤྱི་ལོ་༡༩༥༩ལོའི་གོང་ནས་ཡོད་པའི་ལྷ་མོ་ཚོགས་པ་ཆུང་ཆུང་ཞིག་ཡིན་ཞིང་སྐབས་དེའི་ལྷ་མོའི་དགེ་རྒན་ནི་དབང་འདུས་ལགས་དང་། བཀྲ་ཤིས་དོན་གྲུབ་གཉིས་ཀྱིས་གནང་ནས་ལྷ་མོ་འགྲོ་བ་བཟང་མོའི་གཞུང་ཆ་ཚང་ཞིག་འཁྲབ་སྟོན་བྱེད་ཀྱི་ཡོད། རྗེས་སུ་འཕན་ཡུལ་གྱི་ཨ་ཁུ་སྟོན་པ་སྟེ་ཨ་ཁུ་བློ་བཟང་ཚེ་རིང་ལྷ་མོའི་འཁྲབ་གཞུང་གང་སར་བྱང་ཆུབ་པ་ཞིག་ཆགས་པའི་རྗེས་ཁོང་ནས་ལྷ་ཁང་ལྷ་མོ་ཚོགས་པར་གཟུགས་ཀྱི་ཉི་མ་དང་། སྣང་ས་འོད་འབུམ་གྱི་འཁྲབ་གཞུང་གཉིས་བསླབས་ནས་འཁྲབ་རྒྱུའི་གྲ་སྒྲིག་དང་། འཆར་གཞི་ཡོད་ནའང་དེ་གཉིས་ཀྱི་གཞུང་ཆ་ཚང་ཞིག་ནང་སྦྱོང་ལེགས་པར་མ་བྱུང་གོང་ཟིང་འཁྲུག་ལྷིང་འཇགས་དང་། དམངས་གཙོ་བཅོས་སྒྱུར་གྱི་ལས་འགུལ་འགོ་ཚུགས་ནས་ལོ་ཤས་རིང་ལྷ་མོ་འཁྲབ་མཚམས་ཆོད། དེ་རྗེས་སྤྱི་ལོ་༡༩༦༢ལོར་སྐབས་དེའི་གུ་ཡངས་སྲིད་ཇུས་ཀྱི་དགོངས་དོན་ལྟར་སླར་ཡང་ལྷ་མོ་ཚོགས་པ་སྒྲིག་འཛུགས་ཀྱིས་ཨ་ཁུ་བློ་བཟང་ཚེ་རིང་གིས་ལྷ་མོའི་དགེ་རྒན་དང་འཁྲབ་སྟོན་པ་གཙོ་བོ་གནང་ནས་ལྷ་མོ་པདྨ་འོད་འབར་དང་། གཟུགས་ཀྱི་ཉི་མ་གཉིས་འཁྲབ་སྟོན་གྱིས་སྐལ་བཟང་དགའ་སྟོན་གྱི་ཉི་མ་འཁྱུག་ཙམ་ཞིག་ཤར་ན་ཡང་། ༡༩༦༥ལོར་རིག་གསར་འགོ་ཚུགས་ཏེ་བོད་ཀྱི་ལྷ་མོའི་གཞུང་དེ་དག་རྨོངས་དད་དྲིལ་བསྒྲགས་ཀྱི་དུག་རྩ་རུ་བརྩིས་ནས་འཁྲབ་མི་ཆོག་པ་བཟོས་པ་མ་ཟད་ལྷ་མོའི་དགེ་རྒན་ཨ་ཁུ་བློ་བཟང་ཚེ་རིང་ལ་ཡང་རྨོངས་དད་དྲིལ་བསྒྲགས་བྱེད་མཁན་ཞེས་པའི་ཞྭ་མོ་གཡོག་སྟེ། ལྷ་མོ་ཚོགས་པ་དེ་དུས་དེ་ནས་བཟུང་ལོ་བཅུ་ལྷག་ཙམ་རིང་མིང་གི་ལྷག་མ་ཙམ་དུ་གྱུར། དེ་ནས་རིག་གསར་མཇུག་སྒྲིལ་རྗེས་ལྷུག་གཏོང་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་སྔར་གྱི་ལྷ་མོའི་གཞུང་རྣམས་སླར་ཡང་འཁྲབ་སྟོན་བྱས་ཆོག་པའི་དུས་བཟང་ཞིག་ཤར་ན་ཡང་། སྔར་ལྷ་མོའི་གཞུང་ལ་རྒྱུས་མངའ་ཆེ་བའི་མི་སྣ་མང་ཆེ་བ་སྐུ་འདས་ཟིན་པ་དང་། ད་ལྟའི་ལོ་གཞོན་གྱི་ཁྲོད་ནས་ལྷ་མོ་འཁྲབ་རྒྱུར་དགའ་བའི་མི་སྣ་འདང་ངེས་ཤིག་ཐོན་མ་ཐུབ་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ལྷ་ཁང་གྲོང་ཚོར་རང་སྐྱ་འཕེར་པའི་ལྷ་མོ་ཚོགས་པ་ཞིག་འཛུགས་མ་ཐུབ་པར་མཚོ་སྟོད་གྲོང་ཚོ་དང་ཟླ་སྒྲིལ་གྱིས་ལྷ་ཁང་གྲོང་ཚོ་དང་། མཚོ་སྟོད་གྲོང་ཚོ་གཉིས་མཉམ་འབྲེལ་གྱིས་ལྷ་མཚོ་ལྷ་མོ་ཚོགས་པ་ཞེས་པ་ཞིག་འཛུགས་གཉེར་ཐུབ་ཀྱང་དེང་སྐབས་ཡོངས་གྲགས་སུ་མཚོ་སྟོད་ལྷ་མོ་ཚོགས་པ་ཞེས་འབོད་ཀྱི་ཡོད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།